མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས“ལྔ་གཅིག”འཛད་སྤྱོད་ཐད་ལ་གསལ་འདེབས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ལྔ་གཅིག”གུང་གསེང་སླེབས་ལ་ཉེ་བས། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ད་ལྟའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་འོག་གི་གྲོང་ཁྱེར་སྡོད་དམངས་ཀྱིས་གུང་གསེང་ཇི་ལྟར་གཏང་བ་དང་འཛད་སྤྱོད་ཇི་ལྟར་བྱེད་པའི་ཐད་དམིགས་སུ་གསལ་འདེབས་གནང་འདུག

ཞིང་ཆེན་རིམས་ནད་འགོག་ཟོན་ཐག་གཅོད་བཀོད་འདོམས་པུའུ་ཡིས་བཏང་བའི་བརྡ་སྦྱོར་ལྟར་ན། གྲོང་ཁྱེར་དང་ཞིང་ཆེན་ཕྱིར་དགོས་ངེས་ཀྱི་བྱ་དོན་མེད་ན་མི་འགྲོ་བར་བྱ། ནང་སྒོས་སུ་ཉེ་བའི་དུས་སུ་ནད་ཡམས་ཛ་དྲག་ཆེ་སའི་ས་ཁུལ་དུ་མི་འགྲོ་བར་བྱ། གལ་ཏེ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྱིར་ངེས་པར་དུ་འགྲོ་དགོས་བྱུང་ན། ངེས་པར་དུ་ཞིབ་མཆན་རིམ་འགོད་དང་ཐོ་འགོད་སྙན་སེང་གི་དོ་དམ་རིམ་པར་བརྒྱུད་དགོས་པ་མ་ཟད། འགྲོ་ཡུལ་གྱི་ནད་ཡམས་ཚོད་འཛིན་དང་དོ་དམ་སྲིད་ཇུས་ལ་སྔ་མོ་ནས་རྒྱུས་ལོན་དགོས་པ་དང་། སྒེར་འཁོར་བསྐོར་ནས་འགྲོ་བ་ཡིན་ཚེ་ལམ་ཐིག་ཕྱོགས་ལ་བཀོད་སྒྲིག་ལེགས་པོ་དང་དུས་བསྣོལ་ནས་ཆས་རྒྱུ་གལ། 

ཕྱི་ནས་བཟའ་བཏུང་ལ་རོལ་དུས། སྔོན་ལ་བཟའ་བཏུང་རོལ་སའི་གསོལ་ཁང་གིས་མགྲོན་པོ་ནང་དུ་བསུ་མིན་ལ་རྒྱུས་ལོན་གསལ་བོ་བྱེད་པ་ལས་སྟོང་རྒྱུགས་མི་བྱེད་རོགས། ཟས་གང་འཚམ་ལ་རོལ་བ་ལས་འཕྲོ་ལྷག་ཏུ་མི་གཏང་བ་དང་། “སྡེར་གཙང་འགུལ་སྐྱོད”ལག་ཏུ་བསྟར་ནས“ཟ་མ་ཆུད་དུ་ཟ་བར”གཏན་འགོག་བྱ་དགོས།

འཚོ་བའི་མཁོ་ཟོང་ཉོ་སྒྲུབ་ཕྱོགས་ནས་རིམས་ནད་འགོག་ཟོན་གྱི་གནས་ཚུལ་གཞིར་འཛིན་དགོས། རང་ཞིང་གི་འཚོ་བའི་མཁོ་ཟོང་ཅི་རིགས་འདིང་ངེ་མཁོ་འདོན་ཐུབ་ཡོད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རིམས་ནད་འགོག་ཟོན་སྐབས་ཀྱི་ཁྲོམ་རའི་རིན་གོང་གི་བྱ་སྤྱོད་སྔར་བས་ཚད་ལྡན་གཏང་བའི་ཐད་ཀྱི་དྲན་སྐུལ་ཡི་གེ་བཀྲམས་ཏེ། འཛད་སྤྱོད་པ་རྣམས་ཚོང་ཟོང་ཉར་གསོག་དང་རིན་གོང་ཧམ་སྤར་གྱི་བྱ་སྤྱོད་ལ་འཕྲད་ཚེ། བཀག་འགོག་བྱས་ནས་ཞུ་གཏུག་ཐེར་འདོན་བྱ་དགོས།

གྲོང་ཁྱེར་ནང་ཁུལ་གྱི་སྒོ་ཕྱེ་ཡོད་པའི་ལྗོངས་ཁུལ་དུ་སྤྲོ་གཡེང་བྱེད་དུས། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་མི་སྒེར་གྱི་འགོག་སྲུང་ལ་དང་དོད་བྱས་ནས་ཁ་ཐུམ་རྒྱག་པ་དང་ལུས་དྲོད་འཇལ་བ། ཨང་རྟགས་བཤེར་པ་ལ་སོགས་ཀྱི་འགོག་ཟོན་བླང་བྱ་ལག་བསྟར་ནན་མོ་དགོས་པ་མ་ཟད། མིའི་བར་བདེ་འཇགས་ཀྱི་བར་ཐག་བཞག་ནས་འབྲེལ་འདྲིས་བྱེད་པ་དང་། འདུ་འཛོམས་མི་བྱེད་པར་ཡུལ་དུས་བསྣོལ་ནས་ཕྱིར་བསྐྱོད་དགོས། གལ་ཏེ་ཚ་རྒྱས་པ་སོགས་ནད་རྟགས་ཐོན་ཚེ་ལམ་སེང་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་བཅར་ནས་བརྟག་བཅོས་བྱ་དགོས།

རིན་གོང་སྔོན་སྤྲོད་ཀྱི་འཛད་སྤྱོད་བྱེད་སྟངས་ལ་དོགས་ཟོན་བྱེད་རོགས། ཚོང་པ་ལ་ལས་དུས་ཆེན་གྱི་གུང་གསེང་བེད་སྤྱད་དེ“གོང་བཅག་བྲིན་འཚོང”དང“སྔོན་གསོག་གོང་ཁེ”ལ་སོགས་བྱེད་སྒོ་སྤེལ་ནས་རིན་པ་སྔོན་སྤྲོད་ཀྱི་འཛད་སྤྱོད་བྱང་བུ་འཚོང་ལུགས་ཡོད་པས། འཛད་སྤྱོད་པས་སྔོན་གསོག་བྱང་བུ་སྒྲུབ་དུས་ཚོང་པའི་ཚོང་གཉེར་གྱི་གནས་ཚུལ་དང་ཁྲོམ་རའི་ཡིད་རྟོན་ལ་རྒྱུས་ལོན་གསལ་བོ་བྱེད་དགོས། གལ་ཏེ་འཛད་སྤྱོད་ལ་རྔམ་དྲག་ན་གོད་ཆག་སློང་སྲིད།

ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ཞུ་རྒྱུ། གལ་སྲིད་འཛད་སྤྱོད་གོ་རིམ་ཁྲོད་དུ་འཛད་སྤྱོད་རྩོད་གཞི་བྱུང་དུས་འབྲེལ་ཡོད་ཀྱི་དཔང་ཡིག་དང་ཚོང་པ་ཕྱོགས་ཀྱི་གཞི་རྩའི་ཆ་འཕྲིན་སོགས་ཉར་འཇོག་བྱས་རྗེས། ལམ་སེང་ཚོང་པའི་བར་གྲོས་མོལ་ཐོག་ཐག་གཅོད་བྱེད་དགོས། དེ་མིན་ཐེར་འདོན་ཁ་པར་ཨང་གྲངས12315ལ་འབྲེལ་བ་བྱེད་པ་དང་ཡང་ན“མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས”ཀྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་སྣང་བྱས་ཏེ་དེ་གར་བློ་འདྲི་དང་ཐེར་འདོན་བྱས་ཆོག

ཁོན་ཐར་འཚོས་བསྒྱུར།