མཚོ་སྔོན་གྱིས་རྒན་གསོའི་མ་དངུལ་བསླུ་བའི་ཁོངས་སྣེ་ཞུ་གཏུག་བྱེད་སྟངས་ཁྱབ་སྒྲོག་བྱས།

རྒྱལ་ཡོངས་སུ་རྒན་གསོ་མ་དངུལ་སླུད་བར་རྡུང་རྡེག་ཐེར་འདོན་བྱེད་པའི་ཆེད་དོན་འགུལ་སྐྱོད་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒན་གསོ་མ་དངུལ་སླུད་མཁན་ལ་རྡུང་རྡེག་ཐེར་འདོན་བྱེད་པའི་ཆེད་དོན་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་དེ་རིང་ནས་ཟླ10བའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ནས་རྒན་གསོ་མ་དངུལ་བསླུ་མཁན་ལ་རྡུང་རྡེག་ཐེར་འདོན་བྱེད་པའི་ཆེད་དོན་འགུལ་སྐྱོད་སྒྲིག་འཛུགས་ཐོག་སྤེལ་རྒྱུ་ཡིན་པའི་བརྡ་སྦྱོར་བཏང་བ་ཡིན། ནང་དོན་ཞིབ་ཕྲ་གཤམ་གསལ།

གཅིག རྡུང་རྡེག་གཏང་བའི་ཁྱབ་ཁོངས་གཙོ་བོ།

1.དྲ་རྒྱ་དང་། ཁ་པར་གྱིAPPལ་སོགས་ཀྱི་ཇུས་སྒྲིག་གི་སླུད་སྟངས་བེད་སྤྱད་དེ། བགྲེས་སོང་གི་མགོ་གཡོག་སྟེ“འཛད་སྤྱོད”དང་“མ་དངུལ་གཏོང་འཇོག”སོགས་བྱེད་དུ་འཇུག་པ།

2.མིང་ཐོ་བཀོད་ཟིན་པའི་རྒན་གསོའི་ཞབས་ཞུ་ལས་ཁུངས་ཀྱིས་རྫུན་སྒྲོག་རྒྱ་ཆེན་བྱས་ནས་སྔོན་འཇལ་གྲོན་དངུལ་འབོར་ཆེན་ལེན་པ་དང་། མ་དངུལ་གཏོང་འཇོག་ཆ་ལ་ཁེ་བཟང་ཆེན་པོ་ཡོད་པར་ཁས་ལེན་པའི་རིགས་སོགས་དང་། ཡང་ན་ཐོ་འགོད་མ་བྱས་པར་གང་འདོད་ཀྱིས་སྤྱི་ཚོགས་ཞབས་ཞུ་ལས་ཁུངས་ཀྱི་མིང་ཐོག་ནས་རྒན་གསོའི་ཞབས་ཞུ་སྒྲུབ་པ་དང་བྱེད་སྒོ་སྤེལ་མཁན།

3. རྒན་གསོ་ཞབས་ཞུའི་སྒྲིག་ཆས་སྒྲིག་སར་ཁྲིམས་འགལ་གྱི་ཐོག་ནས་ཁང་པ་བསྐྲུན་པ་སོགས་དང་། ཚོང་སྒྱུར་སྡོད་ཁང་བྲིན་ཚོང་ཁྲོད་རྒན་གསོའི་མིང་ཐོག་ནས་དྲིལ་སྒྲོག་རྫུན་མ་སྤེལ་མཁན། གྲོང་ཁྱེར་སྲང་ལམ་གྱི་ལྡེབས་ངོས་སུ་རྒན་གསོའི་ཐོན་རྫས་དྲིལ་སྒྲོག་དང་བརྡ་ཁྱབ་སྦྱར་བའི་ཁྲིམས་འགུལ་བྱ་སྤྱོད་རིགས།

4. བགྲེས་སོང་གི་ཡུལ་སྐོར་དང་། སྒྱུ་རྩལ་ཐོན་རྫས་གཉེར་ཚོང་ལ་སོགས་ཁྱབ་ཁོངས་སུ་རིན་མེད་ཡུལ་སྐོར་དང་། ཁམས་གསོ་མྱོང་རོལ། བདེ་སྲུང་ཐོན་རྫས་ཁྱབ་གདལ། བཟའ་ཆས་དང་སྨན་རྫས་ཀྱི་སྦྱིན་གཏོང་ལ་སོགས་ཀྱི་མིང་ཐོག་ནས་ཡུལ་སྐོར་བ་འགུག་ཐབས་སུ་མགོ་སྐོར་བཏང་ནས་ཐོན་རྫས་བཙན་གྱིས་ཉོ་རུ་འཇུག་པ།

5.རྒན་གསོ་ལས་ཁུངས་ནང་ཁུལ་དུ་དེ་བསྟུན་གྱི་ཐོབ་ཐང་མེད་པའི་སྨན་ཁང་དང་། ཐོབ་ཐང་མེད་པའི་སྨན་པ་དག་གིས་ནད་བརྟག་སྨན་བཅོས་སོགས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད།

6.“བཟའ་ཆས”དང“བདེ་སྲུང་ཐོན་རྫས”སོགས་ཁྱབ་ཁོངས་ཀྱིས་སྤུས་ངན་ཐོན་རྫས་ཕྱིར་འཚོང་བ་དང་། སྨན་རྫས་རྫུན་མ་དང་སྤུས་ངན་སྨན་རྫས་ཐོན་སྐྱེད་དང་བྲིན་འཚོང་སོགས་བྱེད་པའི་བྱ་སྤྱོད། དེ་མིན་དྲིལ་སྒྲོག་རྫུན་མ་བྱས་ནས་ཁྲིམས་འགལ་གྱིས་སྨན་ཁང་གཉེར་བའི་བྱ་སྤྱོད་རིགས།

7. ཁེ་བཟང་མཐོན་པོ་ཡོད་པ་དང་། སྔོན་སྤྲོད་ཀྱི་གོང་ཁེ་པོ་ཡིན་པ། མ་རྩའི་ཐོག་བུ་ལོན་ཡང་སློག་པ་ལ་སོགས་པ་ཁ་སླུད་བརྒྱབ་ནས་བགྲེས་པོ་རྣམས་ཀྱི་ལག་ནས་ཁྲིམས་འགལ་གྱིས་མ་རྩ་བསྡུ་བའི་བྱེད་སྤྱོད་རིགས།


གཉིས། ཞུ་གཏུག་སྟེགས་བུ12337དང་། (ཨང་རྟགས་བཤེར་ནས་ཞུ་གཏུག་བྱས་ཆོག་པ་དང་། རྒན་གསོ་མ་དངུལ་བསླུ་བའི་ཁོངས་སྣེ་ཞུ་གཏུག་གི་འཛུལ་སྒོ་ཞེས་པ་མནན་ནས་ཞུ་གཏུག་བྱས་ཆོག །

ཁ་པར་ཨང་གྲངས0971-8270933ཡིན(ལས་ཞུགས་དུས་ཚོད་ནང་རྒྱག་དགོས)། ཞུ་གཏུག་ཡིག་སྒམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྒྲགས་སྲིད་ཡིག་སྒམ་ཨངA164བ་ཡིན། 

གསུམ། ཐེར་འདོན་ལ་ངེས་པར་ཤེས་དགོས་པའི་ཆ་རྐྱེན།

1. ཐེར་འདོན་ནང་དོན་ངེས་པར་དུ་རྒན་གསོའི་མ་དངུལ་བསླུ་བའི་ཁོངས་སྣེ་ཕྱོགས་ཡིན་དགོས། དེ་མིན་པའི་གནད་དོན་དག་ཐད་ཀར་འབྲེལ་ཡོད་སྡེ་ཚན་ལ་ཞུ་དགོས།

2. ཐེར་འདོན་བྱེད་མཁན་གྱིས་གནས་ཚུལ་ངོ་མ་ཇི་བཞིན་དུ་ཞུ་དགོས་ལ། བདེན་པ་ཡིན་མིན་ལ་རང་ཉིད་ནས་འགན་འཁུར་དགོས།

3. 12337སྟེགས་བུའི་འབྲེལ་ཡོད་དྲ་ངོས་ཀྱི་གསལ་འདེབས་དང་ལས་བྱེད་པའི་འཁྲིད་སྟོན་ལྟར་ཐེར་འདོན་བྱེད་དགོས།

   རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བྱ་བ་དང་འཚོ་བའི་ཁྲོད་དུ་རྒན་གསོའི་མ་དངུལ་བསླུ་བའི་ཁྲིམས་འགལ་བྱ་སྤྱོད་དང་། བགྲེས་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གཏང་བའི་སྣང་ཚུལ་ངན་པ་མཐོང་དུས་ལམ་སེང་ཁོངས་སྣེ་དང་འབྲེལ་ཡོད་གནས་ཚུལ་ཞུ་གཏུག་བྱ་རྒྱུ་རེ་བ་ཡིན། ང་ཚོས་ཁྲིམས་བཞིན་དུ་རྡུང་རྡེག་ཚ་ནན་གཏང་རྒྱུ་མ་ཟད། ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་རྒྱ་དམ་པོ་བྱ་ངེས།



ཁོན་ཐར་འཚོས་བསྒྱུར།