རང་རྒྱལ་ནི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་གིས་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་ཇི་ལྟར་བྱ་དགོས་སམ།

ང་ཚོའི་རླབས་ཆེ་བའི་མེས་རྒྱལ་ལ་ལོ་ངོ་5000ཡི་ལོ་རྒྱུས་ཡོད་པ་དང་། གནའ་བོའི་ཀྲུང་ཧའི་འཛིན་མའི་ཁྱོན་དུ་དཔའ་ཞིང་ལས་ལ་བརྩོན་པའི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་གིས་མཐའ་ཡས་པའི་མངའ་ཁོངས་བསྐྲུན་ཏེ།ཐུན་མོང་གིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཏུ་གསར་བསྐྲུན་དང་འོད་སྟོང་འབར་བའི་ཀྲུང་ཧའི་རིག་གནས་གསར་བསྐྲུན་བྱས་པ་ཞིག་རེད། ཡུན་རིང་བའི་ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་གོའི་མི་རིགས་ཁག་གི་བྱུང་འཕེལ་དང་མཉམ་འདྲེས་བཅས་ཀྱི་ཐོག་ནས་གཅིག་གྱུར་གྱི་རྒྱལ་ཁབ་གསར་འཛུགས་བྱས་པའི་ལོ་རྒྱུས་ཤིག་རེད།

གནའ་ནས་བཟུང་རང་རྒྱལ་གྱི་མི་རིགས་ཁག་གི་མེས་པོ་ནི་ཀྲུང་ཧའི་ས་གཞིའི་སྟེང་ངལ་རྩོལ་དང་འཚོ་གནས། སྐྱེ་འཕེལ་བཅས་བྱས་ནས་ཡོང་བ་ཞིག་རེད། ང་ཚོ་ནི་མི་རིགས་མང་པོ་གཅིག་གྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད།

ལོ་ངོ་5000རིང་དང་། ལྷག་པར་དུ་ཆིན་ཧན་གཉིས་ཀྱི་ལོ་ངོ2000ལྷག་ནང་རྒྱ་རིགས་ཀྱིས་གཙོས་པའི་སྲིད་དབང་དང་མཐའ་འཁོར་གྱི་མི་རིགས་ཁག་དུས་ཡུན་རིང་པོར་མཉམ་འདྲེས་ཀྱི་ཁྲོད་ནས་རིམ་བཞིན་གྲུབ་པ་དང་འཕེལ་རྒྱས་བྱུང་བ་རེད། ཆིན་ཧན་རྒྱལ་རབས་ཀྱི་དུས་སུ་རྒྱ་རིགས་ལྟེ་བ་ཡིན་པའི་ཀྲུང་ཧྭ་དབུས་རྒྱུད་རྒྱལ་རབས་ཀྱི་གཞི་རྩར་བརྟེན་ནས་མངའ་ཁོངས་རྒྱ་ཁྱོན་ལ་རྨང་བ་བཏིང་བ་མ་ཟད། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་རི་དྭགས་རྔོན་ཁུལ་དང་། ཕྱུགས་ཞིང་ལས་རྨོ་འདེབས་ཁུལ་བཅས་“མཉམ་བསྲེས”ཀྱི་གཅིག་གྱུར་ཆེན་པོའི་སྒོ་མོ་ཕྱེ་བ་རེད། ཆིན་ཧན་རྒྱལ་རབས་གཉིས་ཀྱིས་མུ་མཐུད་ནས་དེང་གི་ཞིན་ཅང་ས་ཁུལ་དུ་ནུབ་ཁུལ་གྱི་“རྒྱལ་སྲུང་ལས་ཁུངས”བཙུགས་པ་དང་། ནུབ་བྱང་གི་ཆང་རིགས་ཁུལ་དུ་ཆང་སྲུང་ལས་ཁུངས་བཙུགས་ཡོད་ཅིང་། ཤར་བྱང་གི་ཝུའུ་ཧེང་ས་ཁུལ་དུ་ཝུའུ་ཧེང་སྲུང་འཛིན་ལས་ཁུངས་ཀྱང་བཙུགས་ཡོད། དེང་གི་ཀོང་ཞི་དང་། ཡུན་ནན། ཀུའེ་ཀྲོའུ། ཧའེ་ནན་ལ་སོགས་པར་ཅུན་རྫོང་བཙུགས། ལོ་རྒྱུས་ཐོག་ཐེངས་དང་པོར་མཐའ་མཚམས་མི་རིགས་ས་ཁུལ་ཀྲུང་དབྱང་སྲིད་གཞུང་གི་མངའ་ཁོངས་སུ་ཞུགས་ནས་དངོས་སུ་བཅོས་སྐྱོང་བྱས་པ་རེད། དེ་ནས་བཟུང་རང་རྒྱལ་གྱི་གཅིག་གྱུར་ཆེན་པོའི་ཆབ་སྲིད་ཀྱི་གནས་བབ་བསྐྲུན་པ་རེད།

སུའེ་ཐང་གིས་ཝེ་ཅིན་ལྷོ་བྱང་རྒྱལ་རབས་ཀྱི་ལོ་ངོ300ལྷག་གི་ཟིང་འཁྲུག་མཇུག་སྒྲིལ་བ་དང་། མི་རིགས་གནས་སྤོ་དང་ཕན་ཚུན་འདྲེས་པའི་རྨང་གཞིའི་ཐོག་ཧན་རྒྱལ་རབས་ལས་མང་བའི་མི་རིགས་དང་གཅིག་གྱུར་གྱི་མངའ་ཁོངས་ཆེར་བསྐྱེད་བྱས། ཐང་རྒྱལ་རབས་ཀྱི་དུས་འགོར་མི་རིགས་ཀྱི་སྲིད་ཇུས་ལག་བསྟར་དང་། དེའི་སྟེང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་རིག་གནས་སྔོན་ཐོན་ཡིན་པས། མཐའ་འཁོར་མི་རིགས་ཀྱི་ལྟེ་བར་ཕྱོགས་ཤུགས་དང་གོང་བུར་འགྲིལ་ཤུགས་ཇེ་ཆེར་གྱུར་ནས། “ ཧུའུ་ཡུའེ་ཁྱིམ་ཚང་གཅིག་ཡིན་”པའི་དུས་སྐལ་བཟང་པོ་བྱུང་བ་རེད། དུས་སྐབས་དེར་ཐང་རྒྱལ་རབས་ཀྱིས་སྔ་རྗེས་སུ་དྲུ་གུ་ཤར་མ་དང་དྲུ་གུ་ནུབ་མ་གཅིག་གྱུར་བྱས་པ་མ་ཟད། ཨན་ཞི་དང་པེ་ཐིན་ཏུའུ་ཧུའུ་ཧྥུ་ཆེན་པོ་གཉིས་བཙུགས་ཏེ་དམག་སྲིད་ལས་དོན་ལ་དོ་དམ་བྱས། མི་རིགས་ས་ཁུལ་གཞན་དག་ལ་ཡང་ཐང་རྒྱལ་རབས་ཀྱིས་ཅི་སྨི་ཧྥུ་དང་ཀྲིག་འབོར་ཆེན་བཙུགས་པ་དང་། ལ་ལར་ཐད་ཀར་ཏའོ་དང་། ཧྥུ། ཀྲིག་བཅས་བཙུགས་ཏེ་བདག་སྐྱོང་ནུས་ལྡན་བྱས། ཐང་རྒྱལ་རབས་ཀྱི་གཅིག་གྱུར་འགོ་ཁྲིད་དང་དབང་སྒྱུར་འོག་གི་མི་རིགས་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་སྟེ། ཐང་རྒྱལ་རབས་ཀྱི་རྒྱལ་ཤུགས་སྟོབས་ལྡན་དང་མངའ་ཁོངས་རྒྱ་བསྐྱེད་བྱུང་བ་རེད། སུང་རྒྱལ་རབས་ནི་ཁྲི་བརྟན་རིགས་ཀྱིས་བཙུགས་པའི་ལིའོ་རྒྱལ་རབས་དང་། ཉུས་ཀྲེན་རིགས་ཀྱིས་བཙུགས་པའི་ཅིན་རྒྱལ་རབས་དང་ཡུན་རིང་དུས་མཉམ་དུ་གནས་ནའང་། མི་རིགས་ཁག་བར་གྱི་འབྲེལ་འདྲིས་དང་འགྲོ་འོངས་བཅས་ཀྱི་འབྲེལ་བ་ཤིན་ཏུ་དམ་ཟབ་ཡིན། ལིའོ། བྷ་ན། མི་ཉག ཏ་ལིས་སོགས་ཀྱིས་རྒྱ་རིགས་ཀྲུང་ཧྭ་དབུས་རྒྱུད་རྒྱལ་རབས་ཀྱི་དབང་སྒྱུར་ཉམས་མྱོང་དང་ཆབ་སྲིད་ལམ་ལུགས་མང་པོ་བསྡུ་ལེན་ཤུགས་ཆེན་བྱས་པས་ཕྱིས་ཀྱི་ཡོན་རྒྱལ་རབས་ཀྱི་གཅིག་གྱུར་ལ་མཐུན་རྐྱེན་བསྐྲུན་པ་རེད།

ཡོན་རྒྱལ་རབས་ཀྱིས་“ ཞིན་ཆེན” གྱི་ལམ་ལུགས་བཙུགས་ནས། ད་ལྟའི་ནང་སོག་དང་། ཞིན་ཅང་། ཀོང་ཞི། ཡུན་ནན། ཀོས་ཀྲོའུ་སོགས་མི་རིགས་ས་ཁུལ་ཚང་མ་ཞིན་ཆེན་གྱི་བདག་སྐྱོང་མངའ་འོག་ཏུ་བཅུག སྲིད་དོན་ཁྱབ་བསྒྲགས་ལས་ཁུངས་བཙུགས་ཏེ་ཐད་ཀར་བོད་ལྗོངས་ལ་དོ་དམ་བྱེད་པ་དང་།ཧུའུ་མྱུལ་དོ་དམ་བཙུགས་ནས་ཕིན་ཧུའུ་དང་ཐའེ་ཝན། དུས་མཚུངས་སུ་ཡུན་ནན་དང་། ཀན་སུའུ། ཟི་ཁྲོན། ཁམས་སོགས་མི་རིགས་ས་ཁུལ་དུ་ཡུལ་དཔོན་ལམ་ལུགས་བཙུགས་ཏེ། ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་གྱི་དབང་སྒྱུར་ལ་ཤུགས་སྣོན་རྒྱག་པ་རེད། ལྷག་པར་དུ་ཡོན་རྒྱལ་རབས་ཀྱིས་ཐོག་མར་སོག་པོའི་མཐོ་སྒང་དང་མཚོ་བོད་མཐོ་སྒང་ཆ་ཚང་ཀྲུང་ཧྭ་དབུས་རྒྱུད་རྒྱལ་རབས་ཀྱི་ཐད་གཏོགས་མངའ་ཁོངས་སུ་བཅུག་ཅིང་། དེ་ནི་མི་རིགས་མང་པོའི་གཅིག་གྱུར་གྱི་ཀྲུང་གོ་ཆགས་པ་དང་འཕེལ་རྒྱས་འགྲོ་བར་ལོ་རྒྱུས་ཐོག་ཧ་ཅང་གལ་འགངས་ཆེ་བའི་གནས་བབ་ལྡན་པ་རེད། ཆིང་རྒྱལ་རབས་ཀྱིས་མིང་རྒྱལ་རབས་ཀྱི་ཚབ་བྱས་རྗེས། རྒྱལ་ཡོངས་མི་རིགས་ཁག་གི་གཅིག་གྱུར་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་བྱུང་། བྱང་ཕྱོགས་སུ་སྔ་གཞུག་ཏུ་མྱ་ངམ་ཐང་ལྷོ་མའི་སོག་པོ་དང་། མྱ་ངམ་ཐང་བྱང་མའི་ཁལ་ཁ། མྱ་ངམ་ཐང་ནུབ་མའི་ཨོ་རོད་བཅས་སོག་རིགས་ཀྱི་ཚོ་པ་ཆེན་པོ་གསུམ་གཅིག་གྱུར་བྱས། ཞིན་ཅང་དང་བོད་ལྗོངས་ས་ཁུལ་དུ་སྔ་རྗེས་སུ་ཇུན་གར་ཚོ་པ་དང་། ཧོ་ཀྲོད་ཆེ་ཆུང་སོགས་ཀྱི་ངོ་ལོག་ཟིང་འཁྲུག་རབ་དང་རིམ་པ་ཞི་འཇགས་སུ་བཏང་སྟེ། ཞིན་ཅང་དང་བོད་ལྗོངས་ས་ཁུལ་གྱི་གཅིག་གྱུར་སྲུང་སྐྱོང་དང་སྲ་བརྟན་བཟོས། དུས་མཚུངས་སུ་ཧྲ་ཧོང་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱེད་ཆེད། ཧེ་ལུང་ཅང་གཙང་བོ་འབབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་། ཁང་ཞི་དང་། ཡུང་ཀྲིན། ཆན་ལུང་བཅས་རྒྱལ་རབས་གསུམ་གྱིས་ལོ་ངོ་140ལྷག་གི་རིང་འབད་བརྩོན་ལྷོད་མེད་བྱས་མཐར་བྱང་ཤར་དང་། སོག་པོ། ཞིན་ཅང་། བོད་ལྗོངས་བཅས་ནས་རང་རྒྱལ་ལྷོ་རྒྱུད་དང་ཤར་རྒྱུད་བར་གྱི་ས་ཁུལ་ཧྲིལ་པོ་དང་། མི་རིགས་ཚང་མ་མེས་རྒྱལ་གྱི་མངའ་ཁོངས་ནང་དུ་གཅིག་གྱུར་བྱུང་བ་རེད། མན་ཆིན་རྒྱལ་རབས་ཀྱིས་རྒྱལ་ཁབ་གཅིག་གྱུར་ལེགས་གྲུབ་བྱུང་ཞིང་། སྔར་ལས་ལྷག་པར་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་རྨང་གཞི་བཏིངས་ཏེ། མི་རིགས་མང་པོའི་ཁྱིམ་ཚང་ཆེན་པོའི་མཐུན་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་ཆེར་བཏང་བ་རེད།

1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ་བཙན་རྒྱལ་རིང་ལུགས་ཀྱིས་མེ་སྒྱོགས་ལ་བརྟེན་ནས་རྒྱ་མཚོའི་འགྲམ་རྒྱུད་ནས་ཀྲུང་གོའི་སྒོ་ཆེན་ཕྱེས་པ་དང་། དེར་མཐུད་ནས་བཙན་འཛུལ་གྱི་འདྲེ་ལག་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་དུ་བརྐྱངས། རྒྱལ་ཁབ་འཇིག་པ་དང་རིགས་རྒྱུད་ཆད་པའི་ཉེན་ཁ་དེས་ཀྲུང་གོའི་མི་རིགས་ཁག་གི་ལས་དབང་གཞི་གཅིག་ཏུ་སྦྲེལ་བ་བྱས། བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་དུ་གཏོང་བའི་བརྒྱུད་རིམ་དེ་ནི་དུས་མཚུངས་སུ་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་། ཕྱི་དགྲ་མཉམ་འགོག་དང་། མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་དང་། རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་རེད། ཉལ་ཐའི་དམག་འཁྲུག་ཐེངས་དང་པོའི་སྐབས་སུ་རྒྱ་རིགས་དང་། སོག་རིགས། མན་ཇུ་རིགས། བོད་རིགས། ཆང་རིགས། དབྱིས་རིགས། ཐུའུ་ཅ་རིགས་སོགས་མི་རིགས་ཀྱི་དམག་དམངས་གཡུལ་སར་བརྒྱུགས་ཏེ་མཉམ་དུ་དམག་འཐབ་བྱས་པ་རེད། ཀྲུང་གོ་དང་ཧྥ་རན་སིའི་དམག་འཁྲུག་ཁྲོད་ཀྲོང་རིགས་དང་དབྱིས་རིགས་སོགས་ཀྱི་མི་དམངས་རྣམས་ཀྱིས་ཧྥ་རན་སིའི་བཙན་འཛུལ་ལ་རྦད་དེ་རྒོལ་ལན་སྤྲད། བོད་ལྗོངས་དམག་དམངས་ཀྱིས་ལུང་ཐུར་ལའི་དམག་འཁྲུག་དང་རྒྱལ་རྩེའི་དམག་འཁྲུག་ཁྲོད་སྔ་གཞུག་ཏུ་དབྱིན་ཇིའི་བཙན་འཛུལ་པར་སྟོབས་དང་ལྡན་པའི་རྒོལ་ལན་སྤྲད་པ་རེད། ཀྲུང་ཧྥ་དམག་འཁྲུག་ཁྲོད་ཀྲང་རིགས་དང་དབྱིས་རིགས་སོགས་ཀྱི་མི་དམངས་ཀྱིས་ཧྥ་རན་སིས་ཀྲུང་གོའི་ལྷོ་ནུབ་ལ་བཙན་འཛུལ་བྱས་པར་མཐའ་གཅིག་ཏུ་འགོག་རྒོལ་བྱས་ཡོད། ཤར་བྱང་ས་ཁུལ་གྱི་མན་ཇུ་དང་། ཧན། ཏ་ཝོར་རིགས། ཨོ་ཝུན་ཁེ་རིགས། ཧོ་ཀྲེ་རིགས་སོགས་ཀྱི་མི་དམངས་དང་། ནུབ་བྱང་ས་ཁུལ་གྱི་ཡུ་གུར་རིགས་དང་ཁོར་ཁེ་ཙི། ཧེ་ཧེ། སོག་རིགས་ལ་སོགས་པའི་མི་དམངས་ཀྱིས་སྔ་གཞུག་ཏུ་ཨུ་རུ་སུ་གོང་མའི་རྒྱལ་ཁབ་སོགས་བཙན་འཛུལ་པར་མཐའ་གཅིག་ཏུ་འཐབ་འཛིང་བྱས། ཞིན་ཅང་སྤུན་ཟླའི་མི་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག་ཛོའོ་ཙུང་ཐང་གིས་སྣེ་ཁྲིད་བྱས་པའི་ཆིན་དམག་གིས་མགྱོགས་མྱུར་གྱིས་ཡ་གླིང་དབུས་མའི་ཧོའོ་ཧན་རྒྱལ་ཁབ་ཀྱི་ཨ་ཀུའུ་པོའི་བཙན་འཛུལ་དམག་ཕམ་ཉེས་བཏང་ནས་ཞིན་ཅང་ས་ཁུལ་དེ་གཅིག་གྱུར་གྱི་མངའ་ཁོངས་སུ་བསྡུས་པ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་རང་རྟོགས་སྒོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ལེགས་སྒྲུབ་བྱ་ཆེད། མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ་གྱི་ལས་འགན་སྒྲུབ་ཕྱིར་འབད་བརྩོན་བྱས། 1937 ལོའི་བདུན་བདུན་དུས་འགྱུར་གྱི་རྗེས་སུ། ཀྲུང་གོའི་གུང་ཁྲན་ཏང་གིས“མི་རིགས་ཁག་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་དུ་འཇར་པན་ཇག་དམག་ལ་ཁ་གཏད་འཇལ”ཞེས་པའི་འབོད་སྐུལ་བཏང་སྟེ། ཆེས་རྒྱ་ཆེ་བའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས། ཀྲུང་གོའི་གུང་ཁྲན་ཏང་གི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་མཛུབ་སྟོན་འོག་ཀྲུང་ཧྭ་མི་རིགས་རང་རྟོགས་ཀྱིས་མཉམ་འབྲེལ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་དང་། ཧའེ་ནན་ཆུང་ཡ་ཙུང་ཏུའེ་རུ་ཁག ཡུན་ནན་ཀོང་ཞི་ཀུའེ་ཀྲོའུ་མཐའ་ཁུལ་ཙུང་ཏུའེ་རུ་ཁག་དང་། ཧོ་པེ་དབུས་ཁུལ་དང་པོའོ་ཧའེ་རྒྱ་མཚོའི་ཧུའེ་རིགས་ཡན་ལག་རུ་ཁག་དང་། ཏ་ཆིན་རི་བོའི་སོག་རིགས་ངེས་མེད་རྒོལ་རྡུང་རུ་ཁག་སོགས་རྒྱལ་ཡོངས་ཀྱི་རི་འགོག་སྟོབས་ཤུགས་དང་མཉམ་དུ་སྒྲིལ་ནས་དགྲ་དམག་ལ་ཁྲག་བཏོན་དམར་འཛིན་བྱས་པས། མཇུག་མཐར་ལོ་ངོ་བརྒྱའི་རིང་ཀྲུང་ཧྭ་མི་རིགས་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་ཐེངས་དང་པོ་ཐོབ་པ་རེད། བཅིངས་འགྲོལ་དམག་འཁྲུག་བརྒྱུད་ནས་གོ་མིན་ཏང་གི་ལོག་སྤྱོད་དབང་བསྒྱུར་མགོ་རྟིང་བསློགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་ཐུབ་པ་བྱུང་སྟེ་ཀྲུང་གོ་རྙིང་པའི་ཁ་ཐོར་བའི་རྣམ་པ་མཇུག་བསྒྲིལ་ཞིང་རྒྱལ་ཁབ་ཚད་མཐོའི་གཅིག་གྱུར་དང་མི་རིགས་ཁག་སྔར་མེད་མཐུན་སྒྲིལ་བྱུང་ཡོད། ཏང་དང་སྲིད་གཞུང་གིས་ཡང་ལངས་བཅིངས་འགྲོལ་ཐོབ་པའི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པས། ཀྲུང་ཧྭ་མི་རིགས་གོང་འཕེལ་བྱུང་བའི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་མངོན་གྱུར་བྱུང་བ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60རིང་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་30ལྷག་གི་རིང་ལ་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བ་བཅས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཉིད་གསོན་ཤུགས་དང་བཅས་ཏེ་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྲེངས་ཐུབ་པ་བྱུང་།

སྤྱི་ཡོངས་ནས་བལྟས་ན། ཆིང་ཧན་གཉིས་ཀྱིས་མི་རིགས་མང་བའི་གཅིག་གྱུར་གྱི་ཀྲུང་གོ་བཙུགས་ཚུན་ཆད། གཅིག་གྱུར་གྱི་བྱ་གཞག་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཕེལ་ཕྱོགས་ཀྱི་གཙོ་བོར་གྱུར། མི་རིགས་ཁག་ཚང་མས་རྒྱལ་ཁབ་གཅིག་གྱུར་མངོན་གྱུར་དང་སྲུང་སྐྱོང་བྱེད་པར་བྱས་རྗེས་གལ་ཆེན་བཞག་མྱོང་། དེར་བརྟེན། རང་རྒྱལ་གྱི་རྩ་ཁྲིམས་ནང་བརྗིད་རྔམ་ལྡན་པའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཐུན་མོང་དུ་བཙུགས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞེས་བཀོད་ཡོད།

ལོ་ཙཱ།རྟ་མགྲིན་དཔལ།