ཟི་ལིང་གི་ཕྱི་ན་ཡོད་པའི་མི་གནས་སྐབས་ལྡོག་མཚམས་འཇོག་དགོས་པའི་སྐོར་གྱི་གྲོས་འདོན་ཡི་གེ།

ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེ་བའི་སྡོད་དམངས་ལ་ཞུ་རྒྱུར།

ཉེ་ལམ་རྒྱལ་ནང་གི་ནད་ཡམས་ལ་མཚོན་ན་མཆེད་ས་ཇེ་མང་དང་ཁྱབ་རྒྱ་ཇེ་ཆེར། མཆེད་ཐེངས་མང་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་མ་ཟད། ཟི་ལིང་གྲོང་ཁྱེར་དུའང་ཉིན་བསྟུད་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་གདགས་གཤིས་ཅན་མི་ཉུང་བ་ཞིག་ངོས་བཟུང་ཡོད་པས། ཀྲུང་དབྱང་དང་ཞིང་ཆེན། ཟི་ལིང་གྲོང་ཁྱེར་བཅས་ཀྱི་བཀོད་སྒྲིག་ལྟར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱ་བ་ལག་བསྟར་དོན་འཁྱོལ་དང་། མིའི་འགྲོ་འོང་ཇེ་ཉུང་དུ་བཏང་སྟེ། ནད་ཡམས་ཀྱི་འགོ་ལམ་གཅོད་པ་སོགས་གྲོང་ཁྱེར་སྡོད་དམངས་ཀྱི་ལུས་སེམས་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱ་ཆེད། གཤམ་གྱི་གྲོས་འགོ་འདི་བཏོན་པ་ཡིན།

གཅིག ཉེ་བའི་དུས་ལ་ཟི་ལིང་དུ་མི་ལོག་པར་བྱ།

གྲོས་འགོ་འདི་བཏོན་པའི་ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་ནས་ཕྱི་རུ་ཉེ་མིར་འཚམས་འདྲིར་འགྲོ་མཁན། ཡང་ན་ཡུལ་སྐོར་ལ་འགྲོ་མཁན། སྤྲོ་གསེང་ལ་འགྲོ་མཁན། གཞུང་ལས་ལ་འགྲོ་མཁན་སོགས་ཕྱིར་སྐྱོད་མཁན་ཚང་མ་གནས་སྐབས་ཟི་ལིང་དུ་མི་ལོག་རོགས། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སྡོད་དམངས་རྣམས་ཀྱིས་ཀྱང་ཕྱི་ན་ཡོད་པའི་མི་དང་ཡང་ན་ཉེ་ལམ་ཕྱིར་ལོག་རྩིས་ཡོད་པའི་ཉེ་མི་དང་གྲོགས་པོ་སུ་ཡིན་རུང་གནས་སྐབས་ཕྱིར་ཟི་ལིང་དུ་ལོག་མི་རུང་ཞེས་ཕན་ཚུན་ལ་བཤད་རོགས། ངེས་པར་དུ་ལོག་དགོས་བྱུང་ཚེ། སྔོན་ལ་རང་སྡོད་སའི་སྡོད་ཁུལ་དུ་རང་རྟོགས་སྒོས་སྙན་ཞུ་རྒྱག་དགོས་པ་མ་ཟད། ཉིང་སྐྱུར་བརྟག་དཔྱད་དང་།བདེ་ཐང་ལྟ་ཞིབ་ལ་སོགས་པའི་དོ་དམ་ཚོད་འཛིན་བྱེད་ཐབས་ལ་རམ་འདེགས་བྱེད་དགོས། གལ་ཏེ་ཟི་ལིང་དུ་འབྱོར་ཡོད་པ་དང་ལོག་ཡོད་པ་དག་ནི་ནད་ཡམས་ཛ་དྲག་ཆེ་བའི་ས་ཁུལ་ནས་ཡོང་བ་ཡིན་ན། ཉིན14རིང་ལ་ཕྱོགས་བསྡུས་བཀར་འཇུག་བྱས་ནས་རིམས་ནད་རིག་པའི་བརྟག་དཔྱད་བྱ་དགོས་མ་ཟད། ཉིན་བདུན་ལ་ཁྱིམ་དུ་བསྡད་དེ་གསོ་རིག་གི་ལྟ་ཞིབ་དང་། གཏན་འབེབས་ནང་བཞིན་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།

འགྲོ་སྐྱོད་ཨང་རིས་སུ་རྟགས“*”ཡོད་པ་ཅན་གྱིས་རང་འགུལ་ངང་ཁྱིམ་སྡོད་ལོགས་བཀར་རམ་ཕྱོགས་བསྡུས་ལོགས་ཀར་ཉིན་གསུམ་ལ་བྱས་ནས་གསོ་རིག་གི་ལྟ་ཞིབ་དགོས་པ་མ་ཟད། ཕྱིར་སྐྱོད་མི་རུང་ལ། ཉེ་བོ་དང་གྲོགས་པོའི་བར་འགྲོ་འོང་དང་མི་མང་ཚོགས་སར་འགྲོ་མི་རུང་། ཞིང་ཆེན་ཕྱི་ནས་ཟི་ལིང་དུ་ཡོང་བ་དང་ལོག་པའི་མི་ཡོད་དོ་ཅོག་གིས“ཨང་རིས་གཉིས”བཤེར་དགོས་པ་མ་ཟད། ཆུ་ཚོད48རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཡོད་དགོས་པ་དང་། མཚོ་སྔོན་དུ་འབྱོར་རྗེས་ཆུ་ཚོད24རིང་གི་ཉིང་སྐྱུར་དཔྱིད་ཞིབ་ཐེངས་མ་གཅིག་བྱེད་དགོས།

གཉིས། རིམས་ནད་ཛ་དྲག་ཆེ་བའི་ས་ཁུལ་དུ་མི་བསྐྱོད་རོགས།

གྲོང་ཁྱེར་གྱི་རྒྱ་ཆེ་བའི་སྡོད་དམངས་ཀྱིས་རྒྱལ་ནང་གི་རིམས་ནད་ཛ་དྲག་ཆེ་བའི་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། ས་ཁུལ་དེ་དག་ཏུ་མི་བསྐྱོད་པར་བྱ། ཕྱི་ན་ཡོད་པའི་སྡོད་དམངས་ཀྱིས་ས་གནས་དེ་གའི་རིམས་ནད་འགོག་ཟོན་གྱི་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱས་ཏེ། འགྲོ་འོང་མི་བྱེད་ཅིང་། ལྷག་པར་དུ་རིམས་ནད་ཛ་དྲག་ཆེ་ཁུལ་དུ་མི་བསྐྱོད་རོགས། འགོག་སྨན་རང་འགུལ་གྱིས་བརྒྱབ་ནས་ས་གནས་དེ་གའི་འབྲེལ་ཡོད་བླང་བྱ་ལྟར་རིམས་ནད་འགོག་ཟོན་དང་ཚོད་འཛིན་བྱེད་ཐབས་ལ་རམ་འདེགས་བཟང་པོ་བྱེད་དགོས།

གསུམ། བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་དགོས།

གྲོང་ཁྱེར་གྱི་རྒྱ་ཆེ་བའི་སྡོད་དམངས་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ“ཁ་ཐུམ་བརྒྱབ་ནས་ལག་པ་གཙང་འཁྲུད་དང་། ཁང་པར་རླུང་རྒྱུ་རུ་འཇུག་པ། འདུ་རུབ་མི་བྱེད་པ། མིའི་བར་སྨི་གཅིག་གི་བར་ཐག་འཇོག་པ། སྤྱི་སྤྱོད་ཐུར་མ་བཀོལ་སྤྱོད”ལ་སོགས་པའི་འཚོ་བའི་གོམས་གཤིས་བཟང་པོ་དང་ཁང་པར་གྲལ་དག་ཅིང་འཕྲོད་བསྟེན་ལ་གོམས་པའི་ཁོར་ཡུག་བཟང་བོ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེ། ལྷག་པར་དུ་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། འགྲུམ་འགྲིལ་ས་ཚིགས། མགྲོན་ཁང་། ཨར་ཁང་སོགས་སྤྱི་གཞུང་གི་གནས་དག་ཏུ་གོ་རིམ་ཧྲིལ་བོར་ཁ་ཐུམ་རྒྱག་དགོས་པ་མ་ཟད། རང་རྟོགས་ཀྱིས་ཨང་རིས་བཤེར་ནས་ལུས་དྲོད་འཇལ་དགོས་པ་དང་། སྤྱི་གཞུང་གི་དངོས་པོར་ཐུག་རེག་མི་བྱེད་པ་དང་། ལག་པས་ཁ་དང་སྣ། མིག་སོགས་སུ་མི་རེག་པར་བྱ། འཇིགས་སྣང་མི་སྐྱེས་ཤིང་། འཆལ་གཏམ་ལ་མི་ཉན་པ་དང་མི་སྒྲོག་པར་ཁམས་དྭངས་མོ་ཞིག་གི་སྒོ་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལས་ཀ་སྒྲུབ་ཅིང་འཚོ་བ་རོལ་ཞོར། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་གནས་ཚུལ་དང་འགོག་ཟོན་བླང་བྱ་ལ་དུས་ལྟར་རྒྱུས་ལོན་བྱེད་དགོས།

གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་བའི་སྡོད་དམངས་ཡོངས་ཀྱི་ཐུན་མོང་གི་འབད་འབུངས་ལ་བརྟེན་ནས་རིམས་ནད་ཀྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ཐུབ་པར་ང་ཚོར་ཡིད་ཆེས་ཀྱིས་བརྟས་ཡོད། མཐར་གྲོང་ཁྱེར་གྱི་སྡོད་དམངས་ཡོངས་ཀྱི་ལས་པོ་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད་ཡོང་བར་ལྷག་བསམ་དཀར་པོའི་སྨོན་འདུན་ཞུས་པ་ཡིན། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བཀོད་འདོམས་པུའུ། 

2022ལོའི་ཟླ4ཚེས17ཉིན།

 


ཁོན་ཐར་འཚོས་བསྒྱུར།