ལོ་གཉིས་བསྟུད་མར་རྨོ་འདེབས་སྤངས་ནས་ས་རྒོད་དུ་བཞག་ན་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་འགན་གཙང་སྤྲད་པའི་རྨོ་ཞིང་ཕྱིར་བསྡུས་ན་ཆོག་གམ།

རྟ་བྷོས་ལོ་ལྔའི་ཡར་སྔོན་དུ་རྨོ་ཞིང་སྐོར་ཞིག་འགན་གཙང་བླངས་པ་དང་། ཉེ་ལོའི་རིང་ཞིང་ལས་ཐོན་སྐྱེད་སྤེལ་ན་ཡོང་འབབ་ཧ་ཅུང་ཉུང་བས་ལོ་གསུམ་གྱིས་སྔོན་རྟ་བྷོས་འུ་ཐུག་སྟེ་ཁྱིམ་བྱ་ཉོ་འཚོང་བྱས། ཁོས་རྩོལ་བ་དང་རིག་པར་བརྟེན་ནས་ཡོང་འབབ་མི་དམན་ནའང་། རྨོ་ཞིང་ལོ་གསུམ་རིང་རྨོ་འདེབས་བྱས་མེད་པས་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་རྟ་བྷོས་འགན་གཙང་བླངས་པའི་རྨོ་ཞིང་ཕྱིར་བསྡུས་ན་ཆོག་གམ།

ཆེད་མཁས་པའི་དྲིས་ལན།

རང་རྒྱལ་ནི་མི་གྲངས་མང་ལ་ས་ཞིང་ཉུང་ཞིང་རྨོ་ཞིང་ཐོན་ཁུངས་དེ་བས་ཅུང་དཀོན་པོ་ཡིན་ཕྱིར་ད་ལྟ་ཡོད་པའི་རྨོ་ཞིང་ཐོན་ཁུངས་ངེས་པར་ཏུ་སྲུང་སྐྱོང་དང་བཀོལ་སྤྱོད་འོས་འཚམ་བྱེད་དགོས། རང་རྒྱལ་གྱི་(ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན37པའི་ནང་གཏན་དུ་ཕབ་དོན། སྡེ་ཚན་གང་དང་མི་སྒེར་སུ་ཞིག་གིས་རྨོ་ཞིང་བེད་མེད་དུ་བཞག་པ་དང་རྨོ་ཞིང་རེངས་པོར་ལུས་སུ་བཅུག་མི་ཆོག ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམས་ཟིན་པའི་ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་བཟུང་སྤྱོད་བྱས་པའི་རྨོ་ཞིང་ལོ་གཅིག་ནང་བེད་སྤྱོད་གཏོང་མི་དགོས་པའི་ཐོག་རྨོ་འདེབས་བྱས་ཆོག་ལ་ཐོན་འབབ་ཡོད་ན། སྔར་རྨོ་ཞིང་དེ་རྨོ་འདེབས་བྱེད་མཁན་ཐུན་མོང་ངམ་ཡང་ན་མི་སྒེར་གྱིས་རྨོ་འདེབས་བསྐྱར་གསོ་བྱ་དགོས་ལ། ས་ཞིང་སྤྱོད་པའི་སྡེ་ཚན་གྱིས་ཀྱང་རྨོ་འདེབས་བྱེད་དུ་བཅུག་ཆོག ལོ་གཅིག་ཡན་ཆད་ལས་འགོ་ཚུགས་མེད་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཏན་འབེབས་གཞིར་བཟུང་ནས་རང་དགར་འཇོག་དངུལ་འཇལ་དགོས། ལོ་གཉིས་བསྟུད་མར་བེད་སྤྱོད་བཏང་མེད་ན། སྔར་གྱི་མཆད་བཀོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་ནས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་ཞིང་སྤྱོད་པའི་སྡེ་ཚན་གྱི་ས་ཞིང་སྤྱོད་དབང་རིན་དོད་མེད་པར་ཚུར་བསྡུ་རྒྱུ། ས་ཞིང་དེ་སྔར་ཞིང་པ་ཐུན་མོང་ལ་དབང་བ་ཡིན་ན། སྔར་གྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་རྨོ་འདེབས་བསྐྱར་གསོ་བྱ་རྒྱུར་སྤྲོད་དགོས། རྨོ་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་སྡེ་ཚན་ནམ་ཡང་ན་མི་སྒེར་གྱིས་ལོ་གཉིས་བསྟུད་མར་རྨོ་འདེབས་སྤངས་ནས་ས་རྒོད་དུ་བཞག་ན། སྔར་འགན་གཙང་དུ་སྤྲོད་མཁན་སྡེ་ཚན་གྱིས་འགན་གཙང་ལེན་གྱི་གན་རྒྱ་སྒྲུབ་མཚམས་བཞག་ནས་འགན་གཙང་སྤྲད་པའི་རྨོ་ཞིང་ཚུར་བསྡུ་དགོས། དེར་བརྟེན་གྱོད་དོན་འདིའི་ཁྲོད་རྟ་བྷོས་རྨོ་འདེབས་སྤངས་ནས་ལོ་གཉིས་འདས་པས་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་དེའི་འགན་གཙང་བླངས་པའི་ས་ཞིང་ཕྱིར་བསྡུ་དགོས།