ཁང་སའི་སྤྱོད་དབང་བོགས་མར་བཏང་ཆོག་གམ།

ཟླ་བ་ལ་གྲོང་ཚོ་རུ་ཁང་ས་ཞིག་ཡོད་ཀྱང་དེའི་སྟེང་ཁང་པ་ཕུབ་མེད་ལ། གྲོང་ཚོ་དེའི་གྲོང་མི་ཚེ་རིང་ལ་དག་དག་ཁང་ས་ཞིག་མཁོ་འདུག དེ་ནས་ཁོ་གཉིས་ཀྱིས་གྲོས་མོལ་མཛད་དེ། ཟླ་བས་ཁང་ས་ཚེ་རིང་ལ་བོགས་མར་གཏོང་རྒྱུ་དང་དུས་ཡིན་ལོ10དང་ལོ་རེར་བོགས་དངུལ་སྒོར3000 རེ་སྤྲོད་རྒྱུ། ཁོ་གཉིས་ཀྱིས་《ཁང་སའི་སྤྱོད་དབང་བགས་གཏོང་གན་རྒྱ་བཞག་སྟེ་ཚེ་རིང་གིས་གན་རྒྱའི་ནང་དོན་ལྟར་ཟླ་བར་བོགས་དངུལ་སྤྲད། གན་རྒྱ་བཞག་ནས་ལོ་ལྔ་ལོན་རྗེས་སུ་ཟླ་བའི་བུ་གཉེན་སྒྲིག་བྱས་པའི་དབང་གིས་ཁང་པ་ཕུབ་དགོས་བྱུང་ཞིང་དེ་ནས་ཚེ་རིང་ནས་ཁང་ས་ཕྱིར་སློག་རྒྱུའི་རེ་བ་བཏོན། དེའི་དུས་ཚེ་རིང་གིས་ཁང་སའི་སྟེང་ཁང་པ་ཕུབ་ཟིན་པས་ཕྱིར་སློག་མ་འདོད། དེ་ནས་ཕྱོགས་གཉི་གས་ཁྲིམས་ཁང་དུ་གཏུག འོ་ན་ཁྲིམས་ཁང་གིས་ཟླ་བའི་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་ཐུབ་བམ་ཞེ་ན།

ཆེད་མཁས་པའི་དྲིས་ལན།

གྱོད་དོན་འདི་ཁང་སའི་སྤྱོད་དབང་བོགས་མར་གཏོང་རྒྱུའི་གནད་དོན་སྐོར་ཡིན།

རང་རྒྱལ་གྱི་《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》 སུ་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་གཞན་ལ་འཚོང་བ་དང་གཞན་པར་བཤུག་པའམ་ཡང་ན་ཞིང་ལས་མིན་པའི་འཛུགས་སྐྲུན་ལ་བོགས་མར་གཏོང་བའི་རིགས་བྱས་མི་ཆོག ཞིང་པ་ནི་ཁང་སའི་བདག་དབང་འཛིན་མཁན་མ་ཡིན་ལ་དེར་ཁང་སའི་སྤྱོད་དབང་ཡོད་པ་ཙམ་ཡིན་ལ། དོན་དངོས་སུ་ཁང་སའི་སྤྱོད་དབང་ནི་ངོ་བོའི་སྟེང་ནས་སྔར་བཞིན་ཐུན་མོང་ལ་དབང་བའི་ས་ཆ་སྤྱོད་དབང་ཡིན། དེར་བརྟེན། ཁང་སའི་སྤྱོད་དབང་སྤྱོད་པར་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་ཐུན་མོང་ལ་དབང་བའི་ས་ཆ་སྤྱོད་དབང་གི་ཆ་རྐྱེན་འཛོམ་དགོས་ཤིང་གཞན་ལ་འཚོང་བ་དང་གཞན་པར་བཤུག་པའམ་ཡང་ན་ཞིང་ལས་མིན་པའི་འཛུགས་སྐྲུན་ལ་བོགས་མར་བཏང་མི་ཆོག ལས་ཁུངས་དང་མི་སྒེར་གྱིས་ཁྲིམས་ལྟར་གྲོང་གསེབ་ཀྱི་ཐུན་མོང་ལ་དབང་བའི་ས་ཆ་སྤྱོད་དབང་ཐོབ་རྗེས་ངེས་པར་ཏུ་ཁང་ས་རེ་ཞུ་བྱེད་དུས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་སྤྱོད་སྒོ་ལྟར་སྤྱོད་རྒྱུ་དང་། དེ་ནི་ས་ཆ་སྤྱོད་མཁན་གྱི་ཁྲིམས་བཀོད་འོས་འགན་ཡིན། ཆོག་མཆན་བཀོད་པའི་སྤྱོད་སྒོ་ལྟར་བདེ་སྤྱོད་བྱས་ཚེ་ད་གཟོད་ཁྲིམས་མཐུན་དང་འོས་འཚམ་གྱིས་ཐུན་མོང་ལ་དབང་བའི་ས་ཆ་སྤྱད་པ་ཡིན་ལ་ད་གཟོད་ཞང་(གྲོང་རྡལ)དང་གྲོང་ཚོའི་ས་ཆ་བཀོལ་སྤྱོད་ཀྱི་འཆར་འགོད་ལག་ལེན་བསྟར་རྒྱུ་ཁག་ཐེག་བྱེད་ཐུབ། (ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་65པར་གཏན་དུ་ཕབ་དོན། ཆོག་མཆན་བྱུང་བའི་སྤྱོད་སྒོ་ལྟར་ས་ཆ་བེད་སྤྱོད་མི་བྱེད་རིགས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་བཀོད་སྒྲིག་རིམ་འགྲིམས་ཏེ་ས་ཆ་དེའི་བེད་སྤྱོད་བྱེད་དབང་ཚུར་བླངས་ན་ཆོག་པ་ཡིན། ཆོག་མཆན་བྱུང་བའི་སྤྱོད་སྒོ་ལྟར་ས་ཆ་བེད་སྤྱོད་མ་བྱས་ཞེས་པ་ནི་ལས་ཁུངས་དང་མི་སྒེར་གྱིས་གྲོང་གསེབ་ཀྱི་ཐུན་མོང་ལ་དབང་བའི་ས་ཆ་སྤྱོད་དབང་ཐོབ་རྗེས་ཁྲིམས་ལྟར་ཆོག་མཆན་བྱུང་བའི་ས་ཆའི་སྤྱོད་སྒོ་རང་དགར་དུ་བསྒྱུར་ནས་འཛུགས་སྐྲུན་ལས་གཞི་གཞན་པར་སྤྱད་པའམ་དམིགས་ཡུལ་གཞན་པ་འགྲུབ་ཆེད་དུ་སྤྱོད་པར་ཟེར། དེར་བརྟེན།གལ་ཏེ་ཁང་སའི་སྤྱོད་དབང་འཛིན་མཁན་གྱིས་ཁང་སའི་སྤྱོད་དབང་བོགས་མར་བཏང་ཚེ་གཏན་དུ་ཕབ་པའི་སྤྱོད་སྒོ་ལྟར་བེད་སྤྱོད་མ་བྱེད་པའི་དབང་གིས་ཁང་སའི་སྤྱོད་དབང་ཤོར་འགྲོ་བ་ཡིན།

ཟླ་བས་ཁང་སའི་སྤྱོད་དབང་ཚེ་རིང་ལ་བོགས་མར་བཏང་བ་ནི་(ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་བ་རེད། ཁང་སའི་བདག་དབང་ཐུན་མོང་ལ་དབང་ཞིང་མི་སྒེར་ལ་སྤྱོད་དབང་ཙམ་ལས་མེད།དེར་བརྟེན།ཁང་ས་བོགས་གཏོང་དང་། ཉོ་འཚོང་། བཤུག་སྤྲོད།གཏའ་འཇོག་བཅས་བྱེད་མི་ཆོག གྱོད་དོན་འདིའི་ཁྲོད་ཟླ་བས་རང་ཉིད་ཀྱི་ཁང་ས་ཚེ་རིང་ལ་བོགས་མར་བཏང་བ་མ་ཟད་གན་རྒྱ་ཡང་བཞག་པ་རེད། ཡིན་ནའང་《གན་རྒྱའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན52པར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་འགལ་བའི་བཙན་ཚུགས་ཀྱིས་བཞག་པའི་གན་རྒྱར་རྩིས་འགྲོ་མེད་ཅེས་གཏན་དུ་ཕབ་ཡོད། དེར་བརྟེན། གྱོད་དོན་འདིའི་ཁྲོད་ཟླ་བ་དང་ཚེ་རིང་ཕན་ཚུན་བར་བཞག་པའི་གན་རྒྱར་རྩིས་འགྲོ་མེད་པ་ཡིན། ཟླ་བས་རེ་འདུན་ཞུ་དུས་ཀྱི་སྤྱོད་སྒོ་ལྟར་ཁང་ས་བེད་སྤྱོད་བྱས་མེད་པས་ཁྲིམས་ཁང་གིས་དེའི་གཏུག་བཤེར་ཞུ་རེར་རྒྱབ་སྐྱོར་མི་བྱེད་པ་མ་ཟད། དེའི་ཁང་ས་ཤོར་འགྲོ་ལ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཁྲིམས་ལྟར་ཁང་ས་དེ་ཕྱིར་བསྡུ་བའི་དབང་ཆ་ཡོད་པ་ཡིན།