ཁང་སའི་སྤྱོད་དབང་ཐོག་རྩོད་གླེང་བྱུང་ན་ཁྲིམས་ཁང་ལ་ཐད་ཀར་དུ་གཏུག་བཤེར་བྱས་ན་ཆོག་གམ།

ས་སྟག་མོ་དང་འབུམ་རབ་བརྟན་གཉིས་ཁང་སའི་སྤྱོད་དབང་ཐོག་རྩོད་གླེང་བྱུང་སྟེ་རྒྱག་རེ་མ་བྱུང་གོང་མ་རེད། གྲོང་མིས་བར་འདུམ་བྱས་རུང་ས་སྟག་མོ་ཁོང་ཁྲོ་ལངས་ཏེ་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས། རྫོང་མི་དམངས་ཁྲིམས་ཁང་གིས་ས་སྟག་མོའི་ཞུ་དོན་ལ་ཉན་འཇོག་བྱས་རྗེས་གྱོད་དོན་དེར་བདག་སྤྲོད་མ་བྱས། ས་སྟག་མོས་རང་ཉིད་ལ་གནས་ལུགས་ཡོད་ཤག་གི་གྱོད་དོན་ལ་བདག་སྤྲོད་མི་བྱེད་དོན་ཅི་ཡིན་ཞེས་བསམས་ཏེ་ཁྲིམས་ཁང་གི་སྒོ་ཁ་ནས་སྐད་ཅོར་འུར་སྒྲོག་བྱས། འོ་ན་ཁྲིམས་ཁང་གིས་བདག་སྤྲོད་མ་བྱས་པར་གཞིར་འཛིན་སའི་བཅའ་ཁྲིམས་ཡོད་དམ་ཞེ་ན།

ཆེད་མཁས་པའི་དྲིས་ལན།

(ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན16པར་གཏན་དུ་ཕབ་དོན། “ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་ཐོག་རྩོད་པ་བྱུང་རིགས་རྣམས་དོ་བདག་གིས་གྲོས་མོལ་ཐོག་ཐག་གཅོད་རྒྱུ། གྲོས་ཐག་མ་ཆོད་ན་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ། སྡེ་ཚན་བར་རྩོད་པ་བྱུང་རིགས་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ་དང་། སྐྱེ་བོ་སོ་སོའི་བར་དང་། སྒེར་དང་སྡེ་ཚན་བར་རྩོད་པ་བྱུང་རིགས་རྣམས་ཞང་རིམ་པའི་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ། འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་དོན་ལ་དོ་བདག་ཡི་རང་མ་བྱུང་ན་ཐག་གཅོད་བྱས་འབྲས་ཀྱི་བརྡ་ཐོ་འབྱོར་ཉིན་ནས་བཟུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་སྐོར་གྱི་རྩོད་དོན་ཐག་ཆོད་མ་བྱུང་གོང་ལ་ཕྱོགས་སུས་ཀྱང་ས་ཆ་བེད་སྤྱོད་བྱས་ཚུལ་བསྒྱུར་མི་ཆོག” གཏན་འབེབས་འདི་ལས་ཤེས་ཐུབ་པ་ནི།

གཅིག ཁང་སའི་སྤྱོད་དབང་ཐོག་རྩོད་གླེང་བྱུང་ན་དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་ཐད་ཀར་དུ་གཏུག་བཤེར་བྱས་མི་ཆོག་ཅིང་སྔོན་ལ་སྲིད་འཛིན་ལས་ཁུངས་ནས་ཐག་གཅོད་རྒྱུ། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ཁང་སའི་སྤྱོད་དབང་སྐོར་གྱི་རྩོད་གླེང་ཐག་གཅོད་རྒྱུ་དང་དེ་ནི་ཁྲིམས་བཀོད་ཀྱི་སྔོན་འགྲོའི་སྒྲིག་རིམ་ཡིན།

གཉིས། ཁང་སའི་སྤྱོད་དབང་ཐོག་རྩོད་གླེང་བྱུང་ན་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱས་མི་ཆོག ཕ་རོལ་བས་མི་སྒེར་རང་ཉིད་ཀྱི་ཁེ་དབང་ལ་གནོད་སྐྱེལ་བའི་རྐྱེན་གྱིས་གནོད་སྐྱེལ་མཚམས་འཇོག་པ་དང་གེགས་རྐྱེན་སེལ་བའམ་ཡང་ན་དམངས་དོན་གཞན་རིགས་གཏུག་བཤེར་བྱེད་མི་ཆོག དེ་ནི་ཁང་སའི་སྤྱོད་དབང་གི་རྩོད་གླེང་ཐག་གཅོད་བྱས་མེད་པའི་རྐྱེན་གྱིས་ཁྲིམས་ཁང་གིས་ཁང་སའི་སྤྱོད་དབང་གི་གཏོགས་ཁོངས་ཐག་གཅོད་ཐབས་མེད་ཕྱིར་ཁེ་དབང་ལ་གནོད་སྐྱེལ་ཡོད་མེད་ཐད་བརྡར་ཤ་གཅོད་མི་ཐུབ།

གསུམ། མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཆོད་དོན་ལ་མོས་མཐུན་མ་བྱུང་ཚེ་སྲིད་འཛིན་གཏུག་བཤེར་ལས་དམངས་དོན་གཏུག་བཤེར་བྱེད་མི་ཆོག དེའི་མ་ཟད་ཐག་གཅོད་བྱས་འབྲས་ཀྱི་བརྡ་ཐོ་འབྱོར་ཉིན་ནས་བཟུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱེད་དགོས་པ་དང་། དེ་ལྟར་མིན་ཚེ་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་གཏུག་བཤེར་དེར་བདག་སྤྲོད་མི་བྱེད་པ་ཡིན།