ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2022ལོའི་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2022ལོའི་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར།

(ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་བཞི་ཉིན།)

མིག་སྔར། པྲོག་གསར་གློ་ཚད་རིམས་ནད་དེ་ད་དུང་ཡང་གོ་ལ་ཡོངས་སུ་མཆེད་ཀྱིན་ཡོད་ལ། འཛམ་གླིང་དཔལ་འབྱོར་སླར་སོས་ཉམས་ཞན་ཡིན་པ་དང་། ནམ་ཟླའི་འགྱུར་ལྡོག་གི་འགྲན་སློང་མངོན་གསལ་དུ་གྱུར་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སོ་སོ་ཤིན་ཏུ་ལྕི་ཞིང་དཀའ་ཚེགས་ཆེ། ཏང་ཀྲུང་དབྱང་གིས་བལྟས་ན། ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་བག་ལྷོད་པོས་གདོང་གཏོད་ཅིང་། དཔལ་འབྱོར་སྤྱི་ཚོགས་དང་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས། ཞིང་ལས་ཀྱི་གཞི་རྩའི་རྨང་གཞི་བརྟན་པོར་གཏོང་བ་དང་། “ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབས་ཏེ། མུ་མཐུད་དུ་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཞིང་། ཞིང་ལས་ཀྱི་ཐོན་ཚད་བརྟན་པོར་འཕར་བ་དང་ཞིང་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བ། ཞིང་སྡེ་བརྟན་བརླིང་དང་བདེ་འཁོད་ཡོང་བ་བཅས་ལ་ཁག་ཐེག་བྱེད་དགོས་པར་འདོད།

2022ལོའི“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐའ་འཁྱོལ་བྱེད་པ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གཞི་ཁྱོན་ཅན་གྱི་དབུལ་བོ་བསྐྱར་ལོག་མི་འབྱུང་བའི་ཚད་མཐའ་གཉིས་བརྟན་པོར་བསྲུངས་ནས། ལོ་འཁོར་རང་བཞིན་གྱི་འགན་ཁུར་དང་། ཁ་གཏད་རང་བཞིན་གྱི་བྱེད་ཐབས། དངོས་ཕྱོད་རང་བཞིན་གྱི་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱེད་པ་དང་། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ནས་གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་བྱ་བ་ལེགས་པོར་སྒྲུབ་པ། གྲོང་གསེབ་དར་སྤེལ་ལ་འཕེལ་རྒྱས་གསར་པ་འཐོབ་པ་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་བཅས་བྱེད་དགོས།

གཅིག འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་ལ་དམ་འཛིན་ཤུགས་ཆེར་བྱེད་དགོས།

(གཅིག) ལོ་ཧྲིལ་བོའི་འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་དང་ཐོན་ཚད་བརྟན་འཇགས་ཡོང་བར་བྱེད་དགོས།

ཀྲུང་གོ་པའི་ཟས་ཕོར་ནི་དུས་ནམ་ཞིག་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཟས་ཕོར་དུ་གཙོ་བོར་ཀྲུང་གོའི་འབྲུ་རིགས་བཅུ་དགོས་ལ། འབྲུ་རིགས་བདེ་འཇགས་ཐད་ཏང་དང་སྲིད་གཞུང་གཉིས་ཀར་འགན་འཁྲི་ཡོད་པ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལ་གཟབ་ནན་གྱིས་དཔྱད་ཞིབ་བྱེད་པ། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་འཇགས་དང་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་དུ་སྲུང་འཛིན་བྱེད་པར་ཁག་ཐེག་བྱེད་དགོས། ཐོན་སྐྱེད་ཁུལ་གཙོ་བོ་དང་ཉོ་ཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་ཉོ་ཚོང་དོ་མཉམ་ཁུལ་ཚང་མར་རྒྱ་ཁྱོན་ཁག་ཐེག་དང་ཐོན་ཚད་ཁག་ཐེག་བྱས་ཏེ། རྒྱུན་ཆད་མེད་པར་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་བྱེད་པ་དང་། ཚོང་ཁུལ་གཙོ་བོའི་འབྲུ་རིགས་ཀྱི་རང་མཁོ་རང་སྤྲོད་བྱེད་ཚད་བརྟན་འཇགས་དང་མཐོར་འདེགས་ནན་ཏུར་བྱས་ནས། ཐོན་སྐྱེད་དང་ཉོ་ཚོང་དོ་མཉམ་ཁུལ་གྱི་འབྲུ་རིགས་ཀྱི་གཞི་རྩའི་རང་མཁོ་རང་སྤྲོད་ཁག་ཐེག་བྱེད་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་མུ་རྒྱུད་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། ལྗང་མདོག་སྤུས་ལེགས་ཀྱི་ཕྱོད་མཐོ་སྤུས་མཐོའི་འགུལ་སྐྱོད་ཤུགས་ཆེར་སྤེལ་ཏེ། སྤུས་ལེགས་འབྲུ་རིགས་བཟོ་འགོད་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་དང་སྤུས་ཚད་མཐོར་འདེགས་བྱེད་དགོས། རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ལས་ཀྱིས་གཏིང་ཟབ་སྒོས་ཆུ་གྲོན་ཆུང་དང་ཚོད་འཛིན་བྱེད་པར་སྐུལ་སྤེལ་བྱེད་པ་དང་། ཆུ་བཀོལ་བའི་ནུས་ཕྱོད་མཐོར་འདེགས་དང་རི་མ་ས་ཁུལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་བརྒྱུད་ནས། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་འཇགས་སུ་གཏོང་དགོས། འབྲུ་རིགས་འཕྱི་འདེབས་སོགས་ཀྱི་ཤུགས་རྐྱེན་ངན་པར་ཧུར་ཐག་གིས་གདོང་གཏད་དེ། དགུན་དཔྱིད་ཀྱི་ཞིང་སའི་དོ་དམ་ལ་ཤུགས་བསྣན་ནས། མྱུག་ཆུང་ལ་སྐྱེ་སྟོབས་རྒྱས་པར་སྐུལ་སྤེལ་བྱེད་དགོས།

(གཉིས) སྲན་ཆེན་དང་སྣུམ་རྒྱུའི་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་ཤུགས་ཆེན་བྱེད་དགོས།

རེས་འདེབས་ཀྱི་གསབ་དངུལ་དང་སྣུམ་ཐོན་སྐྱེད་བྱེད་པའི་རྫོང་ཆེན་གྱི་བྱ་དགའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། འོས་འཚམ་གྱི་ཡུལ་ཁོངས་དང་ས་བོན་གཙོ་བོ། ཚོང་གཉེར་ཞབས་ཞུའི་གཙོ་གཞི་བཅས་ལ་གཅིག་བསྡུས་ཀྱིས་རྒྱབ་སྐྱོར་བྱེད་པ། རྨ་ཆུ་དང་ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་ཀྱི་མུ་རྒྱུད་དང་ནུབ་བྱང་། ལྷོ་ནུབ་བཅས་ས་ཁུལ་དུ་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐགས་དབྱིབས་བཞིན་བསྲེས་འདེབས་བྱེད་པ་ཁྱབ་གདལ་གཏོང་བ། བྱང་ཤར་ས་ཁུལ་དུ་འབྲུ་རིགས་དང་སྲན་མ་རེས་འདེབས་བྱེད་པ། ཧེ་ལུང་ཅང་ཞིང་ཆེན་གྱི་ས་འོག་ཆུ་འདོན་ཚད་བརྒལ་ཁུལ་ཁ་ཤས་དང་འཁྱགས་སར་ཁྲོན་ཆུ་གཏོང་བའི་འབྲས་ཞིང་འདེབས་འཛུགས་ཁུལ་དུ་ཆུ་མ་རི་མར་བསྒྱུར་བ་དང་འབྲས་ཞིང་སྲན་ཞིང་དུ་བསྒྱུར་བར་སྐུལ་སྤེལ་བྱེད་པའི་ཚོད་ལྟ་སྤེལ་བ། འབྲི་ཆུའི་འབབ་རྒྱུད་དུ་དགུན་ཁར་ལོག་མར་བཞག་པའི་རྨོ་ཞིང་གསར་སྤེལ་བྱས་ཏེ་ལོག་དཀར་འདེབས་འཛུགས་རྒྱ་བསྐྱེད་དགོས། ས་ཞིང་བ་ཚྭ་ཅན་དུ་སྲན་ཆེན་འདེབས་པའི་དཔེ་སྟོན་ལས་དོན་སྤེལ་དགོས། སྣུམ་ཇ་འདེབས་འཛུགས་ཀྱི་རྒྱ་ཁྱོན་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཐོན་འབབ་དམའ་བའི་ནགས་བསྒྱུར་བཀོད་དང་མཐོར་འདེགས་གཏོང་དགོས།

(གསུམ)“ཚོད་སླེ”ཡི་ཐོན་རྫས་མཁོ་སྤྲོད་ལ་འགན་སྲུང་བྱེད་དགོས། “ཚོད་སླེ”ལ་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པར་ཤུགས་སྣོན་དགོས།

ཕག་གསོ་བའི་ཡུན་ཕན་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་བརྟན་འཇགས་ཡོང་བ་དང་། རྨང་གཞིའི་ཐོན་སྐྱེད་ནུས་པ་བརྟན་འཇགས་ཡོང་བར་བྱས་ཏེ། ཐོན་སྐྱེད་ལ་འཕར་ཆག་ཆེན་པོ་ཡོང་བར་བཀག་འགོག་བྱེད་དགོས། སྐམས་ལུག་ཤ་དང་འོ་མའི་རིགས་ཀྱི་ཐོན་སྐྱེད་མགྱོགས་མྱུར་གྱིས་རྒྱ་བསྐྱེད་པ་དང་། རྩྭ་ས་དང་ཕྱུགས་ལས་རིགས་བསྒྱུར་རིམ་སྤར་བྱེད་པའི་ཚོད་ལྟའི་དཔེ་སྟོན་ས་ཁུལ་ལ་སྐུལ་འདེད་བྱེད་དགོས། ཆུ་ཐོན་ལས་རིགས་ཀྱི་གསོ་སྤེལ་རྒྱ་ཁྱོན་བརྟན་འཇགས་ཡོང་ཞིང་། ཉ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། གྲོང་ཁྱེར་ཆེ་འབྲིང་དུ་ལོ་རྒྱུན་དུ་སྔོ་ཚོད་འདེབས་ཞིང་ངེས་ཅན་ཞིག་བརྟན་པོ་ཡོང་བར་བྱེད་དགོས་ལ། བྱང་ཕྱོགས་སུ་སྒྲིག་ཆས་སྤྱད་ནས་སྔོ་ཚོད་འདེབས་འཛུགས་དང་། ལྷོ་ཕྱོགས་ཀྱི་སྔོ་ཚོད་བྱང་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཅིང་། སྔོ་ཚོད་མྱུར་མཁོའི་དགོས་མཁོ་སྐོང་བའི་ནུས་པ་མཐོར་འདེགས་གཏོང་དགོས། སྲིང་བལ་གྱི་རིན་གོང་དམིགས་འབེན་དུ་སླེབས་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མངར་རྒྱུའི་བུར་ཤིང་གི་མ་གནས་ཆ་ཚང་གི་ཉེན་སྲུང་དང་འདེབས་འཛུགས་ཡོང་འབབ་ཀྱི་ཉེན་སྲུང་འཚོལ་ཞིབ་བྱས་ནས་སྤེལ་དགོས། རང་བྱུང་སྤྱིན་རྫས་དང་སྤྱིན་རྙིང་ར་བ་གསར་སྒྱུར་བསྒྱུར་བཀོད་བྱེད་པའི་ཚོད་ལྟ་སྤེལ་དགོས།

(བཞི)ཞིང་པའི་འབྲུ་འདེབས་ཡོང་འབབ་ལ་ལུགས་མཐུན་སྒོས་འགན་སྲུང་བྱེད་དགོས།

ཞིང་པས་འབྲུ་རིགས་འདེབས་པར་ཁེ་བཟང་རེག་རྒྱུ་ཡོད་པར་བྱེད་པ་དང་འདེབས་འཛུགས་ཁུལ་གཙོ་བོར་འབྲུ་རིགས་དམ་འཛིན་དང་ཧུར་བརྩོན་རང་བཞིན་ལྡན་པར་བྱེད་པའི་དམིགས་ཚད་དང་བླང་བྱ་གཞིར་བཟུང་ནས། ཞིང་པའི་འབྲུ་རིགས་འདེབས་འཛུགས་ཐད་ཀྱི་ཡོང་འབབ་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། 2022ལོར་འབྲས་དང་གྲོ་ཡི་ཆེས་དམའ་བའི་ཉོ་བསྡུའི་རིན་གོང་འོས་འཚམ་གྱིས་མཐོར་འདེགས་བྱེད་པ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་གསབ་དངུལ་སྤྲོད་པ་དང་འབྲས་ཀྱི་གསབ་དངུལ་སྲིད་ཇུས་བརྟན་འཇགས་ཡོང་བར་བྱས་ནས། འབྲུ་སྣ་ཆེན་པོ་གསུམ་གྱི་མ་གནས་ཆ་ཚང་གི་ཉེན་སྲུང་དང་འདེབས་འཛུགས་ཡོང་འབབ་ཀྱི་ཉེན་སྲུང་གིས་འདེབས་འཛུགས་ཁུལ་གཙོ་བོའི་ཞིང་ཆེན་དང་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ཡོངས་སུ་ཁེབས་པར་བྱེད་པ་མངོན་འགྱུར་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་གྱི་བྱ་དགའི་ཤུགས་ཚད་ཆེ་རུ་བཏང་སྟེ། འབྲུ་རིགས་ཐོན་སྐྱེད་དང་ཉོ་ཚོང་མཉམ་འབྲེལ་གྱི་ནང་རྐྱེན་གསར་དུ་འཛུགས་དགོས། ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཀྱིས་འབྲུ་རིགས་མང་དུ་འདེབས་པ་དང་འབྲུ་རིགས་ལེགས་པོར་འདེབས་པར་རྒྱབ་སྐྱོར་བྱེད་དགོས། གནད་འགག་གི་གཉོམ་ཞན་ལྷུ་ཚིགས་དང་ཞིང་ཁྱིམ་ཆུང་ངུར་དམིགས་པ་གཏད་ནས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཞབས་ཞུའི་ཀུང་སི་དང་ཞིང་པའི་མཉམ་ལས་ཁང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་སོགས་གཙོ་གཞི་སོ་སོས་ཤུགས་ཆེན་པོས་ལྷུ་ཚིགས་རྐྱང་བ་དང་ལྷུ་ཚིགས་དུ་མ། བརྒྱུད་རིམ་ཧྲིལ་བོའི་ཐོན་སྐྱེད་ཚབ་གཉེར་ཞབས་ཞུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཅིང་། མངག་ཐོའི་ཞིང་ལས་དང་ལས་སྣོན་ཟོང་སྐྱེལ། ཐོན་རྫས་ཚོང་གཉེར་བཅས་བྱས་ནས། འབྲུ་རིགས་འདེབས་འཛུགས་ཀྱི་ཕྱོགས་བསྡུས་ཕན་ཕྱོད་མཐོར་འདེགས་བྱེད་དགོས།

(ལྔ)ཞིང་ལས་ཐོན་རྫས་གཙོ་བོའི་སྙོམ་འཛིན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་སྒྲུབ་དགོས།

ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་འབྲེལ་ཐག་ཡོངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྔོན་ཟོན་མ་ལག་འཐུས་ཚང་བསྐྲུན་ཏེ། གཅིག་གྱུར་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་དགོས་མཁོའི་བརྡ་འཕྲིན་ཁྱབ་སྒྲོག་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ། རིགས་དང་སྣ་ཁ་དབྱེ་སྟེ་ཚོད་འཛིན་དང་བྲེལ་བསྟུན་འགན་སྲུང་ལ་ཤུགས་སྣོན་དགོས། འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ནང་རྐྱེན་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། ཆེད་དམིགས་དག་ཐེར་བཅོས་སྐྱོང་སྤེལ་ཏེ། ཁྲིམས་ལྟར་མ་ལག་རང་བཞིན་གྱི་རུལ་སུངས་ལ་ཆད་པ་ནན་མོ་གཅོད་དགོས། རིག་ནུས་འབྲུ་མཛོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་ཤུགས་དང་རྩལ་ཤུགས་ཀྱིས་འགོག་པ་ཕན་ཚུན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། འབྲུ་རིགས་མཛོད་ཉར་གྱི་འགུལ་རྣམ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། མ་རྨོས་ལོ་ཏོག་མ་བཅོས་རྒྱུ་ཆར་བྱས་པའི་འབར་སྣུམ་ཁ་ཕྲུན་ལས་སྣོན་ལ་ཚོད་འཛིན་ནན་མོ་བྱེད་དགོས། ལུད་རྫས་སོགས་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་དང་གསོག་ཉར་དང་གཏོང་འདྲེན་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོན་ཆུང་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། འབྲུ་རིགས་གྲོན་ཆུང་བྱེད་པའི་འགུལ་སྐྱོད་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། ཐོན་དབོར་གསོག་སྣོན་འཚོང་བཅས་འབྲེལ་ཐག་ཡོངས་ཀྱི་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འབྲུ་རིགས་བདེ་འཇགས་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ཏེ། འབྲུ་རིགས་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་དགོས།

གཉིས། དེང་རབས་ཞིང་ལས་ཀྱི་རྨང་གཞིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས།

(དྲུག)“སོ་སྐྱེའི”རྨོ་ཞིང་སྲུང་སྐྱོབ་ཀྱི་བྱེད་ཐབས་ནན་མོ་དོན་འཁྱོལ་བྱེད་དགོས།

རྨོ་ཞིང་སྲུང་སྐྱོབ་ལག་བསྟར་ཐད་ཏང་སྲིད་ཀྱི་འགན་འཁྲི་འདྲ་མཚུངས་ཡིན་ཞིང་། རྨོ་ཞིང་མུའུ་དུང་ཕྱུར18ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། རྨོ་ཞིང་དང་ཡུན་རིང་གཞི་རྩའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག མཁར་གྲོང་གསར་སྤེལ་བྱེད་པའི་མཐའ་མཚམས་བཅས་ཀྱི་གོ་རིམ་ལྟར། ཚོད་འཛིན་གྱི་ཚད་ཐིག་གསུམ་གཅིག་གྱུར་གྱིས་མཚམས་གཅོད་དོན་འཁྱོལ་བྱེད་པ་དང་། རྨོ་ཞིང་གི་རྒྱ་ཁྱོན་ཁག་ཐེག་དང་ཡུན་རིང་གཞི་རྩའི་ཞིང་ས་སྲུང་སྐྱོབ་བྱེད་པའི་དམིགས་འབེན་ལས་འགན་ཆད་ལུས་མེད་པར་རེ་རེ་བཞིན་དབྱེ་འབྱེད་བྱས་ཏེ་གཤམ་ལ་སྤྲོད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་རྨོ་ཞིང་སྲུང་སྐྱོབ་ཀྱི་དམིགས་འབེན་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ། འགྱུར་མེད་དམིགས་ཚད་དུ་བཞག་ནས་དཔྱད་ཞིབ་ནན་མོ་བྱེད་པ་དང་། འདེམས་ཤོག་གཅིག་གིས་ཡོད་ཚད་ཟློག་པ། ཚེ་གང་བོར་འགན་འཁྲི་རྩད་གཅོད་ལག་བསྟར་བཅས་བྱེད་དགོས། རྨོ་ཞིང་སྤྱོད་ཡུལ་རིགས་དབྱེ་དང་གཏན་ཁེལ་གསལ་པོ་བྱེད་དགོས་པ་དང་། རྨོ་ཞིང་བེད་སྤྱོད་དམིགས་སུ་འཛིན་པའི་གོ་རིམ་ལག་བསྟར་ནན་མོ་བྱས་ཏེ། རྨོ་ཞིང་དེ་གཙོ་བོ་འབྲུ་རིགས་དང་སྲིང་བལ། སྣུམ། ཀ་ར། སྔོ་ཚོད་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་བྱེད་པའི་ཕྱོགས་སུ་སྤྱོད་པ་དང་། གཏན་འཇགས་ཅན་གྱི་གཞི་རྩའི་ཞིང་ས་དེ་གཙོ་བོ་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཕྱོགས་སུ་སྤྱོད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་དེ་རྩ་དོན་སྟེང་ཚང་མ་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཕྱོགས་སུ་སྤྱོད་དགོས། འཕེལ་རྒྱས་གསར་པའི་ནགས་ལས་དང་སིལ་ཏོག་འདེབས་འཛུགས་ཀྱི་ལས་རིགས་དེ་རི་སྟེང་དང་རི་ངོས་སུ་སྤེལ་བར་སྣེ་ཁྲིད་དགོས་པ་དང་། “ས་རྒོད་བཞིའི”ཐོན་ཁུངས་བེད་སྤྱོད་པར་སྐུལ་སློང་བྱས་ཏེ། འབྲུ་རིགས་དང་ཞིང་ས་འཕྲོག་རེས་བྱེད་མི་རུང་། རྨོ་ཞིང་བཟུང་བ་དང་ཁ་གསབ་བྱེད་པ་གཉིས་ཕན་ཚུན་དོ་མཉམ་ཡོང་བའི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ། རྨོ་ཞིང་གི་ལས་གཞི་འཛུགས་པ་དང་ལག་བསྟར་བྱེད་པ། ཞིབ་བཤེར་རྩིས་ལེན། དོ་དམ་སྲུང་སྐྱོབ་བཅས་ཀྱི་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནང་རྐྱེན་འཛུགས་པ་དང་ཁ་གསབ་བྱས་ཏེ། ཡུན་རིང་དུ་གཏན་འཇགས་ངང་བཀོལ་སྤྱོད་བྱེད་ཆོག་པའི་རྨོ་ཞིང་ལ་ཁ་གསབ་བྱེད་པར་ཁག་ཐེག་དང་། ཁ་གསབ་རྨོ་ཞིང་གི་ཐོན་ནུས་དེ་བདག་བཟུང་རྨོ་ཞིང་དང་འདྲ་མཚུངས་ཡིན་པ་མངོན་འགྱུར་བྱེད་དགོས། ཞིང་ཆེན་བརྒལ་ནས་རྨོ་ཞིང་ཁ་གསབ་བྱེད་པར་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་དང་དོ་དམ་བྱེད་ཐབས་ལེགས་བཅོས་གཏོང་དགོས། རྨོ་ཞིང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་ལུགས་འགལ་ངང་རྨོ་ཞིང་བདག་བཟུང་བྱས་ཏེ་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པར་རྩད་གཅོད་ནན་མོ་བྱེད་དགོས། རྨོ་ཞིང་བཀོལ་སྤྱོད་ཀྱི་དོ་དམ་ལམ་ལུགས་ཇེ་དྲག་ཏུ་གཏོང་བ་དང་། རྨོ་ཞིང་དེ་འབྲུ་རིགས་འདེབས་འཛུགས་ལས་ཞིང་ལས་སྤྱོད་སྒོ་གཞན་ཏུ་བསྒྱུར་བར་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་དགོས། སྦག་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་པའི་ཆུ་ཚད་མཐོར་འདེགས་དང་སྲ་བརྟན་དུ་གཏོང་དགོས། ཞིང་སྡེ་རུ་རྨོ་ཞིང་གང་འདོད་དུ་བཟུང་སྟེ་ཁང་པ་ལས་པར་ཆེད་དམིགས་དག་ཐེར་བྱེད་པའི་ཚོད་ལྟའི་ལས་དོན་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་དགོས། “སྤྱིལ་ཁང་ཆེན་མོའི”གནད་དོན་ལ་ཆེད་དམིགས་གཙང་སེལ་དང་བཅོས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བཟོ་ཚོང་དངུལ་རྩ་དེ་ཞིང་སྡེའི་ས་ཞིང་སྟེང་བསྒྱུར་བར་ཞིབ་བཤེར་གཏན་འབེབས་དང་ཉེན་ཁ་འགོག་སྲུང་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས།

(བདུན)ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་གྱི་དུས་རིམ་རང་བཞིན་གྱི་ལས་འགན་ཁྱོན་ཡོངས་ནས་འགྲུབ་དགོས།

ཐབས་ལམ་སྣ་མང་ལ་བརྟེན་ནས་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། 2022ལོར་ཚད་གཞི་མཐོ་བའི་ཞིང་ས་མུའུ་དུང་ཕྱུར1འཛུགས་སྐྲུན་བྱས་ཏེ། བསྡོམས་པས་ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར4ལེགས་འགྲུབ་བྱེད་དགོས། ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན་དང་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་དང་དུས་མཉམ་དུ་ལག་བསྟར་བྱེད་དགོས། ས་ཁུལ་སོ་སོས་ཐོན་སྐྱེད་འབྲིང་བ་དང་དམའ་བའི་ས་ཞིང་བསྒྱུར་བཀོད་སྟོབས་ཤུགས་ཇེ་ཆེར་བཏང་ནས། རྨོ་ཞིང་གི་ས་བཅུད་རིམ་པ་མཐོར་འདེགས་གཏོང་དགོས། ཞིང་སྡེའི་ཆུ་འདྲེན་རྒྱ་ཁྱོན་ཇེ་མང་དུ་གཏོང་བའི་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱེད་དགོས། གཙོ་གནད་ཆུ་ཁུངས་དང་གལ་ཆེའི་ཆུ་འདྲེན་སོགས་ཆུའི་ཐོན་ཁུངས་བཀོད་སྒྲིག་བཟོ་འགོད་ལག་ཏུ་བསྟར་དགོས། ཆུ་འདྲེན་ཁུལ་ཆེ་གྲས་དང་འབྲིང་གྲས་སུ་མཐུད་བསྐྲུན་ཆ་སྡེབ་དང་བསྒྱུར་བཀོད་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ས་ཆུའི་ཐོན་ཁུངས་ཆ་རྐྱེན་འོས་འཚམས་ས་ཁུལ་དུ་དེང་རབས་ཅན་གྱི་ཆུ་འདྲེན་ཁུལ་སྐོར་ཞིག་འཆར་འགོད་དང་གསར་འཛུགས་བྱེད་དགོས་ཤིང་། སྔོན་ལ་ཆུ་འདྲེན་ཁུལ་ཆེ་གྲས་དང་འབྲིང་གྲས་དེ་ཚད་གཞི་མཐོ་བའི་ཞིང་ས་རུ་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོབ་བཟོ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ས་ནག་སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་མུའུ་ཁྲི8000ལག་བསྟར་བྱེད་དགོས། ཡིབས་ཤུགས་ཇེ་མང་དུ་འགྲོ་བའི་རྨོ་ཞིང་ཧུར་ཐག་སྒོས་སྔོག་འདོན་དང་། ཆ་རྐྱེན་ལོངས་པའི་བ་ཚྭ་ཅན་གྱི་ས་ཞིང་སོགས་རྗེས་གྲབས་ཐོན་ཁུངས་འོས་འཚམས་དང་གོ་རིམ་ལྡན་པའི་ངང་རྨོ་ཞིང་དུ་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་འཆར་གཞི་དང་ལག་བསྟར་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱེད་དགོས། བ་ཚྭ་ཅན་གྱི་ས་ཞིང་རིགས་དབྱེ་སྟེ་བསྒྱུར་བཀོད་བྱེད་པ་དང་། བ་ཚྭ་ཅན་གྱི་ས་ཆར་འཚམས་པའི་ལོ་ཏོག་ལ་བཅོས་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པ་ནས་བ་ཚྭ་ཐུབ་པའི་རྩི་ཤིང་སྔར་ལས་མང་པོ་བདམས་གསོ་བྱས་ནས་བ་ཚྭ་ཅན་གྱི་ས་ཁུལ་དང་འཚམས་པའི་ཕྱོགས་སུ་སྤོ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བ་ཚྭ་ཅན་གྱི་ས་ཞིང་དང་། རི་མ་དང་བར་སའི་ས་ཁུལ་དུ་རྒྱལ་ཁབ་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཡོངས་ཐེངས་གསུམ་པའི་ས་ཞིང་ཡོངས་བཤེར་མགོ་རྩོམ་དགོས།

(བརྒྱད།)འདེབས་ཁུངས་སོགས་ཞིང་ལས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་འགུལ་སྐྱོད་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། ཞིང་ལས་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་སྡུད་སྒྲིག་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་པ་དང་། གནད་འཁེལ་དབྱེ་འབྱེད་དང་གདེང་འཇོག་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། འདེབས་འཛུགས་ལས་རིགས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་གནད་ཆེའི་གསར་སྐྲུན་ལས་སྟེགས་བསྐྲུན་པར་སྐུལ་འདེད་བྱེད་དགོས། ཞིང་ལས་སྐྱེ་དངོས་གསོ་སྤེལ་འདེབས་འཛུགས་ཀྱི་ལས་གཞི་གལ་ཆེན་མགོ་རྩོམ་དགོས། ཞིང་ལས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པའི་བཟོ་འགོད་མགྱོགས་མྱུར་ངང་ལག་ཏུ་བསྟར་ནས། “ཚན་རྩལ་བྱ་དགའ་སྤྲོད་པ”དང“པུའུ་དང་ཞིང་ཆེན་མཉམ་འགུལ”སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ། དུས་འཁོར་རིང་མོར་གསར་སྤེལ་ལས་གཞིའི་ཚོད་ལྟའི་ལས་དོན་སྤེལ་དགོས། དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས། སོན་རྒྱུ་གལ་ཆེན་ཞིབ་འཇུག་གསར་སྤེལ་བྱེད་པ་དང་རྗེས་ནས་ཁ་གསབ་ཚོད་ལྟ་བྱེད་པའི་ལས་དོན་ཁྱབ་སྤེལ་གཏོང་དགོས། ས་བོན་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང་། དོན་དངོས་རང་བཞིན་གྱི་རྗེས་གྲུབ་རིགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། འདེབས་འཛུགས་ལས་རིགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ཐུམ་རྟགས་ཁེ་དབང་ལ་གནོད་པ་གཏོང་བ་སོགས་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས།

(དགུ)ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཉེར་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་དགོས།

མི་འདང་ས་དང་ཞན་ཆ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་ཏེ། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་བཟོ་འགོད་ཅན་དུ་འགྱུར་བའི་མཐུན་སྦྱོར་འགག་སྒྲོལ་ལ་ཤུགས་བསྣན་ཏེ། སྒུལ་ཤུགས་ཆེ་བའི་འཕྲུལ་ཆས་དང་། རི་མ་ཐང་རི་ཁུལ་དང་སྒྲིག་བཀོད་ལྡུམ་རའི་ལག་རྩལ་གྱི་འཕྲུལ་ཆས་ཆུང་གྲས། མཐོ་ནུས་རིག་ནུས་འཕྲུལ་ཆས་གསར་སྤེལ་བཟོ་སྐྲུན་སོགས་ཇེ་མགྱོགས་སུ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་གལ་ཆེའི་གསར་སྤེལ་འཆར་གཞིའི་ནང་བཞག་སྟེ་ཡུན་རིང་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུག་དང་ཉེར་སྤྱོད་ཁ་གསབ་སྲིད་ཇུས་ལག་བསྟར་དང་། ཁ་གསབ་སྤྲོད་སྟངས་ཇེ་ལེགས་སུ་གཏོང་དགོས། ཞིང་ལས་འཕྲུལ་ཆས་ཁྱད་ནུས་གདེང་འཇོག་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཁ་གསབ་འཕྲུལ་ཆས་ལ་ནང་དུ་འདྲེན་པ་དང་ཕྱི་རུ་གཏོང་བ་གཉིས་ཀ་ཡོད་པ་དང་། འཕྲུལ་ཆས་བཟང་པོར་དམིགས་བསལ་གྱི་ཁ་གསབ་བྱིན་ཏེ། གཙོ་བོར་འབྲུ་རིགས་སྲོ་སྐམ་དང་། ལྕགས་ཐག་ཅན་གྱི་འཕྲུལ་ཆས་ཀྱིས་ལས་ཀ་བྱེད་པ། མ་རྨོས་ལོ་ཏོག་དང་སྲན་ཆེན་བཅས་ཐག་དབྱིབས་བཞིན་བསྲེས་འདེབས་བྱེད་པ། ལོག་དཀར་གྱི་འབྲུ་གུ་ལེན་ཐུབ་པ་སོགས་ཀྱི་ཞིང་འཕྲུལ་ལ་རྒྱབ་སྐྱོར་བྱེད་པ་དང་། འདྲེས་སྦྱོར་རིག་ནུས་ཞིང་འཕྲུལ་ཆེ་གྲས་ཁྱབ་སྤེལ་གཏོང་དགོས། གསར་ཐོན་ཞིང་ལས་འཕྲུལ་ཆས་ཀྱི་ཕྱིར་གཏོང་ཚད་གཞིའི་རིམ་པ་སྤར་བར་སྐུལ་འདེད་གཏོང་དགོས། ཞིང་ལས་འཕྲུལ་ཆས་གསར་སྤེལ་བཟོ་སྐྲུན་ཁྱབ་སྤེལ་དང་ཉེར་སྤྱོད་གཅིག་སྡུད་ཅན་གྱི་ཚོད་ལྟའི་ལས་དོན་སྤེལ་དགོས།

(བཅུ)མགྱོགས་མྱུར་ངང་ཞིང་ལས་སྒྲིག་བཀོད་འཕེལ་རྒྱས་གཏོང་དགོས།

ཡུལ་བབ་དང་བསྟུན་ནས་སྤྱིལ་ཁང་ཆེན་པོ་དང་ཉི་འོད་དྲོད་ཁང་། མཐུད་སྦྲེལ་དྲོད་ཁང་སོགས་སྒྲིག་བཀོད་འཕེལ་རྒྱས་གཏོང་དགོས། གཅིག་བསྡུས་སྒོས་མྱུག་གསོ་བཟོ་གྲྭ་ཅན་དུ་འགྱུར་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། བཟོ་གྲྭ་ཅན་གྱི་ལེགས་བསྡུས་ཞིབ་གཉེར་གསོ་སྤེལ་དང་ལངས་གཟུགས་སྐྱེ་ཁམས་གསོ་སྤེལ་སོགས་རྣམ་པ་གསར་པའི་གསོ་སྤེལ་སྒྲིག་བཀོད་འཕེལ་རྒྱས་གཏོང་བར་སྐུལ་མ་བྱེད་དགོས། ཆུ་ལུད་གཅིག་འདུས་ཅན་དང་སྟེར་གསོ་རང་འགུལ་ཅན། ཁོར་ཡུག་ཚོད་འཛིན་རིག་ནུས་ཅན་སོགས་སྒྲིག་བཀོད་སྒྲིག་ཆས་ལག་རྩལ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་གསར་སྤེལ་བྱེད་ཆོག་པའི་ས་སྟོང་དང་བེད་མེད་དུ་བསྐྱུར་བའི་ས་ཞིང་འཚོལ་ཞིབ་བེད་སྤྱོད་བྱས་ཏེ་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་དགོས།

(བཅུ་གཅིག)ཕན་ནུས་ལྡན་པའི་སྒོ་ནས་ཞིང་ལས་ཀྱི་གནོད་འཚེ་ཚབས་ཆེན་སྔོན་འགོག་དང་ཁ་གཏད་འཇལ་དགོས།

ཞིང་ལས་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ནུས་པའི་འཛུགས་སྐྲུན་དང་དངུལ་གཏོང་ཚད་ལ་ཤུགས་སྣོན་དགོས། ཆུ་སྐྱོན་གནོད་སྐྱོན་ཞིང་ལས་དང་ཆུ་བེད་རྨང་གཞིའི་སྒྲིག་བཀོད་སླར་གསོ་བྱེད་པ་དང་། ཡུར་བུ་གཤོང་བ་དང་ཆུ་མཛོད། ཆུ་འཐེན་འཕྲུལ་འཁོར་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ཐན་ཞོད་སྔོན་འགོག་བྱེད་པའི་མཁོ་བསྟུན་དངོས་ཟོག་གསོག་འཇོག་ལ་ཤུགས་སྣོན་དགོས། ཞིང་ལས་ཞིང་སྡེ་དང་ཆུ་བེད། གནམ་གཤིས་གནོད་སྐྱོན་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་མ་ལག་འཛུགས་པར་ཤུགས་བསྣན་ཏེ། གནམ་གཤིས་དྲག་པོར་གདོང་གཏོད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གཞི་རིམ་གྱི་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིམས་ནད་སྔོན་འགོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁོངས་གཏོགས་འགན་འཁྲི་དངོས་འབེབས་དང་། ཆེད་ལས་མི་སྣ་ཆ་ཚང་སྡེབ་སྒྲིག་བྱེད་པ། འགན་འཁྲི་དང་ལས་རྐང་དང་མི་སྣ་བཅས་གཏན་འཁེལ་བྱས་ཏེ། ཧྥེ་གླིང་ཕག་གི་འགོས་ནད་དང་རྩྭ་ཐང་གི་འབུ་མེ་ལྕེབས་སོགས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་བྱེད་པར་འགན་འཁུར་མཁན་ཡོད་པ་དང་། ལས་ཀ་སྒྲུབ་མཁན་ཡོད་པ། བྱ་བར་དོ་དམ་བྱེད་མཁན་ཡོད་པ་བཅས་ཁག་ཐེག་བྱེད་དགོས། མི་ཕྱུགས་གཉིས་ཀར་འགོ་བའི་ནད་ཀྱི་མགོ་ཁུངས་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་དགོས། ཕྱི་ནས་བཙན་འཛུལ་བྱས་པའི་སྐྱེ་དངོས་རིགས་སྔོན་འགོག་ཚོད་འཛིན་དང་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། སྤྱི་བཤེར་ལྟ་ཞིབ་དང་རྒྱལ་ཁོངས་ནང་འཛུལ་བའི་སྐབས་སུ་འགོས་ནད་ཞིབ་བཤེར་བྱེད་པ། རྒྱལ་ནང་གི་སྔོན་འགོག་བཅས་ལེགས་པོར་སྒྲུབ་པ། རྒྱལ་ཁོངས་སུ་འཛུལ་ཟིན་པར་མ་ཟད་གནོད་འཚེ་ཆེན་པོ་ཐེབས་ན། “རིགས་གཅིག་ལ་སྲིད་ཇུས་གཅིག”གི་གནད་ཁེལ་བཅོས་སྐྱོང་དང་ཕན་ནུས་ལྡན་པའི་སྒོ་ནས་མེད་པར་བཟོ་དགོས། དུས་ཡུན་འབྲིང་བ་དང་རིང་བོའི་གནམ་གཤིས་འགྱུར་ལྡོག་གིས་ཞིང་ལས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས།

གསུམ། གཞི་ཁྱོན་རང་བཞིན་གྱི་དབུལ་བོ་བསྐྱར་ལོག་གི་ཚད་མཐའ་མཐའ་གཅིག་ཏུ་སྲུང་དགོས།

(བཅུ་གཉིས)ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

ལྟ་ཞིབ་ཚད་ལེན་བྱ་ཡུལ་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། ཡང་བསྐྱར་དབུལ་བོར་འགྱུར་བ་དང་དབུལ་བོར་འགྱུར་བའི་ཉེན་ཁ་དང་གློ་བུར་དུ་དཀའ་ཁག་ཆེན་པོ་བྱུང་བའི་ཞིང་ཁྱིམ་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་སུ་འཇོག་པ་དང་། བྱ་བའི་བརྒྱུད་རིམ་སྟབས་བདེ་བཟོ་བ་དང་། ངོས་འཛིན་དུས་ཚོད་ཇེ་ཐུང་དུ་གཏོང་དགོས། གནོད་རྐྱེན་ནད་རྐྱེན་རིམས་རྐྱེན་སོགས་མྱུ་གུ་རང་བཞིན་གྱི་གནད་དོན་ཤེས་རྗེས་དུས་ཐོག་ཏུ་སྤྱི་ཚོགས་རོགས་སྐྱོར་དང་སྨན་བཅོས་འགན་སྲུང་སོགས་རོགས་སྐྱོར་བྱེད་ཐབས་དངོས་འབེབས་བྱེད་དགོས། ལྟ་ཞིབ་ཚད་ལེན་རོགས་སྐྱོར་གྱི་འགན་འཁྲི་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ། བྱ་བར་སྟོང་ཆ་མི་འཇོག་པ་དང་སྲིད་ཇུས་ལ་བར་སྟོང་མི་འཇོག་པ་ཁག་ཐེག་བྱེད་དགོས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་རྗེས་ཀྱི་དཔྱད་འཇོག་བྱ་བ་མུ་མཐུད་དུ་སྤེལ་དགོས།

(བཅུ་གསུམ)དབུལ་ཐར་མི་སྣར་རྒྱུན་མཐུད་ནས་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་བྱེད་དགོས།

དབུལ་ཐར་ས་ཁུལ་གྱིས་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། དབུལ་ཐར་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་དགོས། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྲ་བརྟན་མཐོར་འདེགས་གཏོང་བ་དང་། ཞིང་ལས་མཉམ་འབྲེལ་དང་ཞིང་པར་ཁྲིད་སྟོན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། དབུལ་ཐར་མི་སྣའི་ཁྱིམ་ཚང་གི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་མཐོར་འདེགས་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་དེ་ཐོན་ལས་འཕེལ་རྒྱས་ཐད་བཀོལ་བའི་སྡུར་ཚད་རིམ་བཞིན་ཇེ་མཐོར་གཏོང་བ་དང་། རོགས་སྐྱོར་ཐོན་ལས་ཐད་ཀྱི་ལག་རྩལ་དང་སྒྲིག་བཀོད། ཕྱིར་འཚོང་སོགས་ཀྱི་མི་འདང་ས་ཁ་གསབ་བྱེད་པ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་པ་དང་། གཙོ་གནད་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་ནས། ཐོན་ལས་ཀྱི་རིམ་པ་སྤར་བར་སྐུལ་འདེད་བྱེད་དགོས། འོད་ཧྥུ་རོགས་སྐྱོར་བཟོ་འགོད་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། ཆ་རྐྱེན་ལྡན་པའི་དབུལ་ཐར་ས་ཁུལ་ནས་འོད་ཧྥུ་ཐོན་ལས་འཕེལ་རྒྱས་གཏོང་དགོས། ལས་ཞུགས་རོགས་སྐྱོར་འགན་འཁྲི་ནན་འཛིན་དང་། དབུལ་ཐར་ངལ་རྩོལ་པ་ལས་ཀར་ཞུགས་ཚད་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས། ཤར་ནུབ་ཁུལ་གྱི་ངལ་རྩོལ་མཐུན་སྦྱོར་གཏིང་ཟབ་སྤེལ་བ་དང་། ཞིང་ཆེན་ནང་ཁུལ་གྱི་སྤོ་སྒྱུར་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་དགོས། རོགས་སྐྱོར་འཁོར་ཁང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རྒྱུན་སྲིང་དགོས། རྒུད་གསབ་ལས་སྤྲོད་ཀྱི་ནུས་པ་འདོན་སྤེལ་དང་། ཆ་རྐྱེན་ལྡན་པ་ལ་ངལ་རྩོལ་གླ་ཆ་གཏོང་སྤྲོད་སྡུར་ཚད་ཇེ་མཐོར་བཏང་ཆོག གྲོང་གསེབ་ཀྱི་སྤྱི་ཕན་ལས་རྐང་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་སྤྱོད་པ་དང་། འགུལ་རྣམ་དོ་དམ་ལག་བསྟར་བྱེད་དགོས། རིམ་བཞིན་སྐྱེ་ཁམས་ནགས་སྲུང་པའི་སྲིད་ཇུས་ལེགས་སྒྲིག་ལེགས་སྒྱུར་བྱེད་དགོས།

(བཅུ་བཞི)གྲོང་གསེབ་དར་སྤེལ་གྱི་གནད་ཆེའི་རོགས་སྐྱོར་རྫོང་དང་ཡུལ་གཞན་དུ་གནས་སྤོས་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས།

གྲོང་གསེབ་དར་སྤེལ་གྱི་གནད་ཆེའི་རོགས་སྐྱོར་རྫོང་ལ་མི་འདང་ས་ཁ་གསབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་དགོས། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གནད་ཆེའི་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པའི་ལག་བསྟར་ཇུས་གཞི་བཟོ་དགོས། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གནད་ཆེའི་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངགས་ཚོགས་པའི་འདེམས་མངགས་ལེགས་པོར་སྒྲུབ་པ་དང་། ཐོན་ལས་ལག་རྩལ་བློ་འདྲི་ལམ་ལུགས་ལག་བསྟར་བྱེད་པ་དང་། འཆར་གཞི་ལྡན་པའི་སྒོ་ནས་སློབ་གསོ་གཏོང་བ་དང་སྨན་བཅོས་ལས་བྱེད་འཇོན་མིའི་ཚོགས་པ་བཙུགས་ནས་རོགས་སྐྱོར་སྤེལ་དགོས། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གནད་ཆེའི་རོགས་སྐྱོར་རྫོང་གི་འཕེལ་རྒྱས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དཔྱད་འཇོག་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གནད་ཆེའི་རོགས་སྐྱོར་རྫོང་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་དང་ཉེན་སྲུང་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་ཆ་སྡེབ་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། བཀོད་སྒྲིག་ཁུལ་གྱི་ཐོན་ལས་གསོ་སྐྱོང་ཤུགས་ཚད་རྒྱུན་མཐུད་ནས་ཇེ་ཆེར་གཏོང་བ་དང་། གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་ཆེད་དོན་འགུལ་སྐྱོད་སྤེལ་དགོས། གནས་སྤོས་མང་ཚོགས་ཀྱི་ཁྱིམ་ཐོ་དོ་དམ་དང་ཁྲིམས་མཐུན་ཁེ་དབང་འགན་སྲུང་། སྤྱི་ཚོགས་མཉམ་འདྲེས་སོགས་ཀྱི་བྱ་བའི་བྱེད་ཐབས་དངོས་འབེབས་བྱེད་པ་དང་། བཀོད་སྒྲིག་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས།

(བཅོ་ལྔ)དབུལ་ཐར་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་བྱེད་དགོས།

རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་དང་། བར་བརྒལ་དུས་སྐབས་ཀྱི་རོགས་སྐྱོར་སྲིད་ཇུས་སོ་སོ་ཞིབ་ཕྲའི་སྒོ་ནས་དངོས་འབེབས་དང་། སྲིད་ཇུས་ཀྱི་ཕན་འབྲས་དཔྱད་འཇོག་སྤེལ་དགོས། ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་བྱ་བའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཆུས་དང་རྫོང་། སྡེ་བའི་ཁེ་ལས། སློབ་གྲྭ སྨན་ཁང་སོགས་ཀྱི་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་དགོས། ཤར་ནུབ་རྒྱུད་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་གྱི་སྒྲོམ་གཞིའི་འོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་སྣོན་འཕྲི་ཕན་ཚུན་འབྲེལ་མཐུད་བྱས་རྗེས་ཀྱི་ལྷག་འཕྲོའི་ས་ཞིང་གི་དམིགས་ཚད་དེ་ཞིང་ཆེན་གྱི་མངའ་ཁོངས་བརྒལ་ནས་སྙོམ་སྒྲིག་བྱེད་དགོས། ཀྲུང་དབྱང་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་དགོས། དབུལ་ཐར་མི་སྣའི་འབོར་ཉུང་ཡིད་རྟོན་དངུལ་བུན་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་དགོས། འཛད་སྤྱོད་རོགས་སྐྱོར་དཔེ་སྟོན་གྲོང་ཁྱེར་དང་ཐོན་ཁུལ་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ་དང་། དབུལ་ཐར་ས་ཆའི་ཞིང་ཞོར་ཐོན་རྫས་དྲ་ལམ་ནས་ཕྱིར་འཚོང་བྱེད་པའི་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་དགོས།


བཞི། ཐོན་ལས་ལ་དམིགས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

(བཅུ་དྲུག) ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

ས་གནས་སོ་སོས་ཞིང་ལས་ཀྱི་བྱེད་ནུས་སྣ་མང་རྒྱ་བསྐྱེད་པ་དང་ཞིང་སྡེའི་རིན་ཐང་སྣ་མང་སྔོག་འདོན་བྱེད་པར་སྐུལ་མ་གཏོང་དགོས་ལ། ཞིང་ལས་ཐོན་རྫས་ལས་སྣོན་དང་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར། ཞིང་སྡེའི་གློག་རྡུལ་ཚོང་དོན་སོགས་ཀྱི་ཐོན་ལས་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་གཏོང་དགོས། ཞིང་ལས་རྫོང་ཆེན་གྱིས་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་དམིགས་སུ་འཛིན་པར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་ཐོན་སྐྱེད་ས་གནས་སུ་འབྲུ་སྣུམ་ལས་སྣོན་དང་ཟས་རིགས་བཟོ་སྐྲུན་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དགོས། དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཞིང་ལས་ཐོན་ལས་ལ་བརྟེན་ནས་གྲོང་རྡལ་སྟོབས་ལྡན་དུ་གཏོང་བར་སྐུལ་སྤེལ་བྱེད་པ་དང་། ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་ཞིང་སྡེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་སྐོར་ཞིག་གསར་སྐྲུན་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་མཐོར་འདེགས་གཏོང་བའི་འཆར་གཞི་ལག་བསྟར་བྱེད་དགོས། ཞིང་པས་ཐད་ཀར་གཉེར་སྐྱོང་བྱེད་པའམ་གཉེར་སྐྱོང་ནང་ཞུགས་པའི་གྲོང་གསེབ་དམངས་ཤག་དང་ཞིང་པའི་སྤྲོ་སྐྱིད་ཁང་། ཁྱད་ལྡན་སྡེ་བ(ས་ཚིགས)བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་ལས་གཞི་དེ་ཚན་རིག་ཁྱབ་སྤེལ་རྟེན་གཞི་དང་སློབ་གྲྭ་ཆུང་འབྲིང་གི་ཞིང་ལས་ངལ་རྩོལ་ལ་སློབ་སྦྱོང་བྱེད་པའི་ལག་ལེན་རྟེན་གཞིའི་ཁྱབ་ཁོངས་སུ་འཇུག་དགོས། “གྲངས་ཀའི་ཚོང་ལས་ཀྱིས་ཞིང་ལས་དར་སྤེལ”གཏོང་བའི་བཟོ་འགོད་ལག་བསྟར་བྱས་ནས། གློག་རྡུལ་ཚོང་དོན་སྡེ་བའི་ནང་དུ་ཐོན་པར་སྐུལ་སྤེལ་བྱེད་དགོས། ཞིང་ཞོར་ཐོན་རྫས་ཐད་གཏོང་གི་ལམ་ནས་ཕྱིར་འཚོང་བྱེད་པ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་སོན་བཟང་ལེགས་གསོ་དང་སྤུས་ཀ་མཐོར་འདེགས། ཆས་རྟགས་གསར་སྐྲུན། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཚད་ཐིག་ལོན་པའི་ཁས་ལེན་ཚད་ལྡན་དཔང་ཡིག་ལམ་ལུགས་ལ་སྐུལ་སྤེལ་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་སྤུས་ཀའི་བདེ་འཇགས་ཁུངས་འདེད་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཐད་སྤྱོད་པའི་ས་ཞིང་འགན་སྲུང་དང་ཚད་ལྡན་དུ་གཏོང་བའི་སྲིད་ཇུས་མགྱོགས་མྱུར་ངང་དངོས་འབེབས་བྱེད་དགོས།

(བཅུ་བདུན) རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས།

གྲོང་ཁྱེར་ཆེ་འབྲིང་གི་ཁ་འགྲེམས་ཐོན་ལས་རྫོང་ཁོངས་སུ་མཆེད་པར་རྒྱབ་སྐྱོར་བྱས་ཏེ། གོ་རིམ་ལྡན་པའི་ངང་ཐོན་ལས་རིམ་པ་བཞིན་སྤོ་བསྒྱུར་བྱེད་པར་སྣེ་ཁྲིད་དགོས། རྫོང་ཁོངས་ཀྱི་བསྡུར་ཚད་ལེགས་ཆ་མངོན་གསལ་ལྡན་པ་དང་ཞིང་ལས་དང་ཞིང་སྡེར་སྐུལ་ཁྲིད་བྱེད་པའི་ནུས་པ་དྲག་པོ་ལྡན་པ། ལས་ཞུགས་བྱེད་ཚད་ཆེ་བའི་ཐོན་ལས་བཅས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། “རྫོང་རེར་ལས་རིགས་རེ”ཡི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་གཞི་རིམ་གསར་སྐྲུན་ལ་ཤུགས་བསྣན་ཏེ། ཐོན་ལས་སྦྲེལ་ཐག་དང་གསར་སྐྲུན་སྦྲེལ་ཐག་མཉམ་འདྲེས་བྱེད་པ་ཇེ་དྲག་ཏུ་གཏོང་དགོས། རྫོང་མཁར་ཐོན་ལས་ཀྱི་ཞབས་ཞུ་བྱེད་ནུས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ། ཐོན་ལས་དེ་གླིང་ཁུལ་དུ་གཅིག་བསྡུ་བྱེད་པ་དང་སྣེ་འདྲེན་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཆ་རྐྱེན་ལྡན་པའི་ལྟེ་གནས་གྲོང་རྡལ་གྱིས་ཆེད་ལས་ཅན་གྱི་ཁེ་ལས་ཆུང་འབྲིང་གཅིག་འདུས་ཁུལ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དེ། གཙོ་གནད་སྡེ་བའི་གྲོང་གསེབ་ཀྱི་ལས་གྲྭ་ཆུང་བ་དང་ཁྱིམ་ཚང་གི་བཟོ་གྲྭ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།

(བཅོ་བརྒྱད) རྫོང་ཁོངས་ཀྱི་ཚོང་ལས་མ་ལག་བསྐྲུན་པར་ཤུགས་སྣོན་དགོས།

རྫོང་ཁོངས་ཀྱི་ཚོང་ལས་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་སྡེའི་འཛད་སྤྱོད་ཁོད་ཡངས་སྤུས་འདེགས་ཀྱི་རིམ་པ་སྤར་བར་སྐུལ་འདེད་བྱེད་དགོས། ཞིང་སྡེའི་ཟོང་འདྲེན་མྱུར་སྐྱེལ་གྱི་དྲ་ཚིགས་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། “མྱུར་སྐྱེལ་སྡེ་བར་བསྐྱོད་པ”ཡི་བཟོ་འགོད་ལག་བསྟར་བྱེད་པ། “ཚིགས་མང་གཅིག་སྒྲིལ”གྱི་ཞང་དང་གྲོང་རྡལ་གྱི་འགྲུལ་ཟོག་སྦྲགས་གསུམ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་དང“ཚིགས་གཅིག་ནུས་མང”གི་སྡེ་བ་རིམ་པའི་སྐུར་སྐྱེལ་ཟོང་འདྲེན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་བ་དང་། རྫོང་དང་ཞང་། སྡེ་བ་གསུམ་གྱི་ཟོང་འདྲེན་མཉམ་དུ་སྡེབ་སྐྱེལ་བྱེད་པ་སྐུལ་སྤེལ་བྱས་ཏེ། ཞིང་སྡེའི་འགྲུལ་ཟོག་སྦྲགས་གསུམ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཁོར་རྒྱུག་ཁེ་ལས་ཆེ་གྲས་ཀྱིས་རྫོང་མཁར་དང་ལྟེ་གནས་གྲོང་རྡལ་གཙོ་གནད་དུ་བཟུང་ནས་གཞི་རིམ་དུ་བསྐྱོད་པའི་མཁོ་སྤྲོད་སྦྲེལ་ཐག་ལ་རྒྱབ་སྐྱོར་བྱེད་དགོས། “སྦྲེལ་དྲ+”ཡི་ཞིང་ལས་ཐོན་རྫས་སྡེ་བ་ནས་མཁར་གྲོང་དུ་ཕྱིར་འཚོང་བྱེད་པའི་བཟོ་འགོད་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། དུས་ཡུན་རིང་པོའི་བརྟན་བརླིང་གི་ཐོན་འཚོང་སྦྲེལ་མཐུད་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། འཁྱགས་སྦྲེལ་ཟོང་འདྲེན་གྱི་ཞབས་ཞུ་དྲ་བ་ཞིང་སྡེར་མཆེད་པར་སྐུལ་འདེད་བྱེད་པ་དང་། རྫོང་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ས་གནས་ཀྱི་མཛོད་ཉར་སོས་སྲུང་འཁྱགས་སྦྲེལ་ཟོང་འདྲེན་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ནས། མཉམ་ལས་མཉམ་གཉེར་དང་དྲ་བ་ཆ་ཚང་སྒྲིག་པར་སྐུལ་འདེད་བྱེད་དགོས། མཁོ་ཚོང་མཉམ་ལས་ཁང་གིས་རྫོང་ཁོངས་སུ་འཁོར་རྒྱུག་ཞབས་ཞུ་དྲ་བའི་འཛུགས་སྐྲུན་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། རྫོང་ཁོངས་ཀྱི་མཉམ་ཉོ་དང་མཉམ་སྐྱེལ་ལྟེ་གནས་བསྐྲུན་དགོས།

(བཅུ་དགུ) ཞིང་པས་རང་ས་གནས་དང་ཉེ་འགྲམ་དུ་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

རིགས་སོ་སོའི་ཞིང་པ་ཞོར་ལས་པ་ལས་རྐང་བརྟན་པོའི་ངང་ནས་ལས་ཞུགས་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་དགོས་ལ། གྲོང་ཁྱེར་ཆེ་འབྲིང་གི་ལས་ཞུགས་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། རྫོང་ཁོངས་ཀྱི་ཞིང་པ་ཞོར་ལས་པ་གྲོང་མི་ཅན་དུ་བསྒྱུར་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། ངལ་རྩོལ་མཉམ་སྤྱོད་དང་ཐབས་ལམ་མང་པོའི་སྟབས་བསྟུན་ལས་ཞུགས་འཕེལ་རྒྱས་འགྲོ་བར་སྐུལ་མ་གནང་སྟེ། ལས་ཞུགས་ཀྱི་རྣམ་པ་གསར་པ་ཚད་ལྡན་དང་འཕེལ་རྒྱས་གཏོང་བ་དང་། ཁྱིམ་སྐྱོང་ཞབས་ཞུ་དང་ཟོང་འདྲེན་སྡེབ་སྐྱེལ། རྒན་གསོ་བཅོལ་གསོ་སོགས་འཚོ་བའི་ཞབས་ཞུ་ལས་རིགས་གསོ་སྐྱོང་བྱས་ནས་འཕེལ་རྒྱས་གཏོང་དགོས། ཕ་ཡུལ་དུ་ལོག་པའི་མི་སྣའི་ལས་སྐྲུན་གླིང་འཛུགས་སྐྲུན་སྐུལ་སྤེལ་བྱེད་པ་དང་། རོགས་འདེགས་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་དགོས། ཞིང་པ་ཞོར་ལས་པ་ལས་ཀར་ཞུགས་པར་འཚམ་པའི་རྩལ་ནུས་གསོ་སྦྱོང་དང་ལས་རིགས་གསར་པ་དང་ལས་རྣམ་གསར་པའི་གསོ་སྦྱོང་ཤུགས་ཆེན་པོས་སྤེལ་དགོས། སྟབས་བསྟུན་ལས་ཞུགས་བྱས་པའི་ཞིང་པ་ཞོར་ལས་པས་གཏན་འཁེལ་ལྟར་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་སྲུང་དང་མཁར་གྲོང་གི་ལས་བཟོ་པའི་གཞི་རྩའི་རྒན་གསོ་ཉེན་སྲུང་ནང་ཞུགས་པར་ལུགས་མཐུན་སྒོས་སྣེ་ཁྲིད་དགོས།

(ཉི་ཤུ) ཞིང་ལས་དང་ཞིང་སྡེ་ལྗང་མདོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞིང་ལས་ཕྱོགས་ཀྱི་གནས་ངེས་མེད་ཀྱི་སྦག་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ཞིང་ལས་སྤྱོད་རྫས་ཇེ་ཉུང་དུ་གཏོང་བ་གཏིང་ཟབ་སྒོས་སྐུལ་སྤེལ་བྱེད་དགོས། བྱ་ཕྱུགས་ཀྱི་བྲུན་ལུད་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་པར་ཤུགས་སྣོན་པ་དང་། ཞིང་ལས་ཐད་ཀྱི་ཆུ་ཤོག་ཚན་རིག་ལྟར་བཀོལ་སྤྱོད་དང་ཕྱིར་སྡུད་བྱེད་པར་སྐུལ་འདེད་བྱས་ཏེ། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་དགོས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དཔྱད་འཇོག་བྱེད་དགོས་ལ། ཆུ་རྒྱུད་འབྲེལ་མཐུད་དང་ཆུ་བོ་གཙང་མའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་འགོད་ཆེན་མོ་ལག་བསྟར་བྱེད་པ་དང་། གཙང་བོ་དང་མཚེའུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་ཏེ། རང་བྱུང་ནགས་ཚལ་སྲུང་སྐྱོབ་སླར་གསོ་དང་རྩྭ་ས་དབུགས་དབྱུང་སླར་གསོ་བྱེད་པར་ཤུགས་སྣོན་དགོས། རྒྱལ་ཁོངས་ལྗང་བསྒྱུར་བྱེད་པར་ཚན་རིག་དང་ལུགས་མཐུན་སྒོས་སྐུལ་འདེད་བྱེད་དགོས། འབྲོག་ཁུལ་འཕེལ་རྒྱས་དང་འབྲོག་པའི་ཡོང་སྒོ་འཕར་བར་རྒྱབ་སྐྱོར་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་དང་བྱ་དགའི་སྲིད་ཇུས་རེས་གསུམ་པ་དངོས་འབེབས་བྱེད་དགོས། ཐཱན་འཕྲི་འདུས་འཕར་རང་བཞིན་གྱི་ཞིང་ལས་ལག་རྩལ་ཞིབ་འཇུག་གསར་གཏོད་དང་བཀོལ་སྤྱོད་བྱས་ཏེ། ཐཱན་འདུས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་འབྱུང་བའི་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་དགོས། འབྲི་ཆུའི་ཉ་འཛིན་པ་བཀག་སྡོམ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཉ་འཛིན་གྱི་ལས་ཀ་བསྐྱུར་བའི་ཉ་པའི་བདེ་འགོད་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། རྒྱུན་རྣམ་ཅན་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། ཆུ་སྐྱེ་སྐྱེ་དངོས་གསོ་སྲུང་བྱེད་པར་ཤུགས་བསྣན་ཏེ། སྐྱེ་འཕེལ་གློད་གྲོལ་ཚད་ལྡན་དུ་གཏོང་དགོས་ཤིང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་བཟུང་བའི་རང་བྱུང་སྲུང་སྐྱོབ་ས་གནས་ཀྱི་མ་ལག་བསྐྲུན་དགོས། གྲོང་གསེབ་སྐྱེ་ཁམས་དར་སྤེལ་སྐུལ་སྤེལ་བྱེད་པའི་མཛུབ་སྟོན་བསམ་འཆར་འདོན་དགོས།

ལྔ་པ། གྲོང་གསེབ་འཛུགས་སྐྲུན་ལ་ཏན་ཏིག་བབ་བརླིང་ངང་སྐུལ་སྤེལ་གཏོང་དགོས།

(ཉེར་གཅིག)གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

གྲོང་གསེབ་དར་སྤེལ་ནི་ཞིང་པའི་ཆེད་དུ་སྤེལ་བ་དང་གྲོང་གསེབ་འཛུགས་སྐྲུན་ནི་ཞིང་པའི་ཆེད་དུ་འཛུགས་སྐྲུན་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། འོག་ནས་གོང་དང་སྡེ་དམངས་རང་སྐྱོང་། ཞིང་པ་མཉམ་ཞུགས་བཅས་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་ཇུས་གཞི་སྤྱོད་མགོ་བརྩམས་ཏེ། ས་བབ་དང་བསྟུན་ཞིང་ནུས་ཤུགས་ལྡན་པ་དང་གོ་རིམ་ལྡན་པར་སྐུལ་སྤེལ་བྱེད་དགོས། གྲངས་ཚད་ཀྱིས་སྤུས་ཚད་ལ་བསྟུན་པ་དང་ལས་ཚད་ཀྱིས་ཕན་འབྲས་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཀ་བརྩོན་པ་ལས་མྱུར་ཚད་མི་བརྩོན་པར། གྲོང་གསེབ་འཛུགས་སྐྲུན་གྱི་དུས་ཡུན་དང་ཚད་ཐིག ཕན་འབྲས་བཅས་དམ་འཛིན་བྱེད་དགོས། གྲོང་སྡེའི་ད་ཡོད་ཀྱི་རྨང་གཞིར་རྐང་བཙུགས་ཏེ་གྲོང་གསེབ་འཛུགས་སྐྲུན་དར་སྤེལ་གཏོང་དགོས་ཤིང་། གང་འདོད་དུ་སྡེ་བ་རྙིང་བ་བཤིག་མི་རུང་ལ་གང་འདོད་དུ་སྡེ་བ་གསར་པ་འཛུགས་ཀྱང་མི་རུང་། འཕེལ་རྒྱས་ཀྱི་དུས་རིམ་ལས་བརྒལ་ཏེ་མ་དངུལ་རུབ་བསྡུ་ཆེན་མོ་དང་གསར་སྤེལ་ཆེན་མོ། འཛུགས་སྐྲུན་ཆེན་མོ་བཅས་བྱེད་མི་རུང་སྟེ། ཕན་འབྲས་མེད་པའི་མ་དངུལ་བཏང་སྟེ་ཆུད་ཟོས་སུ་གཏོང་བ་སྔོན་འགོག་བྱེད་པ་དང་། སྡེ་བ་རིམ་པ་བུ་ལོན་འཇལ་བའི་ཉེན་ཁར་ལྷུང་བར་སྔོན་འགོག་བྱེད་དགོས། མཁར་གྲོང་དང་གྲོང་སྡེའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་སྡེའི་རིགས་དགར་བ་དང་། ཆ་རྐྱེན་ཡོད་ཅིང་དགོས་མཁོ་ཡོད་པའི་གྲོང་སྡེ་ལ་གྲོང་སྡེའི་འཆར་གཞི་སྒྲིག་བཟོ་བྱེད་པར་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པ་དང་། གཟབ་ནན་དང་ཚད་ལྡན་གྱི་སྒོ་ནས་གྲོང་སྡེ་གཏོར་སྒྲིལ་བྱེད་དགོས། སྲོལ་རྒྱུན་སྡེ་བ་གཅིག་བསྡུས་དང་ཡུག་སྦྲེལ་གྱིས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དཔེ་སྟོན་བྱས་ཏེ། སྲོལ་རྒྱུན་སྡེ་བའི་ལྟ་ཞིབ་ཚད་ལེན་དཔྱད་དཔོག་དང་ཉེན་ཟོན་ཕྱིར་འཐེན། དོན་དག་སྔོན་གྱི་ཞིབ་བཤེར་གཏོར་སྒྲིལ་བྱེད་པ་སོགས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྱད་ལྡན་གྱི་མི་རིགས་གྲོང་ཚོ་ལ་སྲུང་སྐྱོབ་བྱེད་དགོས། “ཁང་རྙིང་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད”ལག་བསྟར་བྱེད་དགོས། གྲོང་སྡེའི་འཛུགས་སྐྲུན་ལས་གཞི་ཆུང་གྲས་དག་སྟབས་བདེ་སྒོས་ཆོག་མཆན་འགོད་པར་སྐུལ་འདེད་བཏང་སྟེ། ལས་གཞིའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། མ་རྩ་དང་བྱས་འབྲས་མཐོར་འདེགས་གཏོང་དགོས། སྡེ་དམངས་ཀྱི་རང་སྐྱོང་རྩ་འཛུགས་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་པ་མང་ཚོགས་གྲོང་གསེབ་འཛུགས་སྐྲུན་ལས་གཞིར་ཞུགས་པའི་ནུས་ལྡན་གྱི་བྱེད་ཐབས་སྤྱི་བསྡོམས་དང་ཁྱབ་གདལ་དུ་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞིའི་ཐོན་དབང་གསལ་པོ་བྱས་ཏེ། རྫོང་ཁོངས་སྡེ་ཚན་དུ་བྱས་ནས་གྲོང་སྡེའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་ཞིབ་ཐོ་རྩ་འཛུགས་དང་སྒྲིག་བཟོ་བྱེད་དགོས།

(ཉེར་གཉིས)ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་དང་ལེགས་བཅོས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱེད་དགོས།

ཞིང་པའི་དགོས་མཁོ་དངོས་ལ་གཞིགས་ཏེ་ཞིང་སྡེའི་སྤྱོད་ཁང་བསྒྱུར་བཀོད་བྱེད་པར་སྐུལ་སྤེལ་བྱེད་པ་དང་། ཆ་རྐྱེན་གྱིས་འདང་བའི་ས་ཆར་ཆུས་བཤལ་སྤྱོད་ཁང་ཁྱབ་གདལ་བཏང་ཆོག་ཅིང་། ཆུ་མཁོ་འདོན་ལ་འགན་སྲུང་བྱེད་པ་དང་བཙོག་ཆུ་ཐག་གཅོད་བྱེད་པ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་སྒྲུབ་དགོས། ཆ་རྐྱེན་གྱིས་མི་འདང་བའི་ས་ཆར་ཆུ་མེད་སྤྱོད་ཁང་འཛུགས་སྐྲུན་བྱས་ཆོག ཁྱིམ་ཚང་ལ་སྤྱོད་ཁང་མེད་པའི་གནད་དོན་རེ་རེ་བཞིན་ལེགས་བཅོས་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཁུལ་དང་རིགས་དགར་ཏེ་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་བྱེད་པ་དང་། མི་འབོར་གཅིག་འདུས་སུ་ཡོད་པའི་གྲོང་སྡེ་དམིགས་བསལ་གྱིས་སྔོན་ལ་བཅོས་སྐྱོང་བྱེད་དགོས་ཤིང་། གཅིག་བསྡུས་ཀྱིས་ཐག་གཅོད་པར་མི་འཚམ་པ་ལ་ཆུང་གྲས་ཅན་དང་སྐྱེ་ཁམས་ཅན་གྱི་བཅོས་སྐྱོང་དང་བཙོག་ཆུ་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་སྟངས་སྐུལ་སྤེལ་བྱེད་དགོས། ཞིང་སྡེའི་མི་གཙང་བའི་ཆུའི་བཅོས་སྐྱོང་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་དགོས། འཚོ་བའི་གད་སྙིགས་ཡོང་ཁུངས་ལ་རིགས་དགར་བ་དང་ཚད་ཇེ་ཉུང་དུ་གཏོང་བ་སྐུལ་སྤེལ་བྱེད་པ་དང་། གྲོང་སྡེའི་སྐྱེ་ལྡན་བེད་མེད་དངོས་པོ་ཕྱོགས་བསྡུས་ཀྱིས་ཐག་གཅོད་དང་བཀོལ་སྤྱོད་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། དེ་གར་བེད་སྤྱོད་དང་ཐག་གཅོད་བྱེད་པར་སྐུལ་སྤེལ་བྱེད་དགོས། གྲོང་སྡེའི་གཙང་སེལ་འགུལ་སྐྱོད་དང་ལྗང་བསྒྱུར་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས།

(ཉེར་གསུམ) གཙོ་གནད་ཁྱབ་ཁོངས་ཀྱི་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཏན་ཏིག་གིས་འཛུགས་སྐྲུན་བྱེད་དགོས།

གོ་རིམ་ལྡན་པའི་ངང་ནས་ཞང་དང་གྲོང་རྡལ་དུ་རིམ་པ་གསུམ་ཡན་གྱི་གཞུང་ལམ་དང་། མི་འབོར་གྱི་གཞི་རྒྱ་ཅུང་ཆེ་བའི་རང་བྱུང་སྡེ་བ(ཚན་ཆུང)ལ་ཨར་འདམ་གཞུང་ལམ་ཤར་བགྲོད་ཐུབ་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་གཞུང་ལམ་བདེ་འཇགས་དང་ཚེ་སྲོག་འགོག་སྲུང་བཟོ་འགོད་དང་ཉེན་ཆེའི་ཟམ་པ་བསྒྱུར་བཀོད་བྱེད་པ་ལག་བསྟར་བྱེད་དགོས། ཞིང་སྡེའི་གཞུང་ལམ་དོ་དམ་དང་བདག་སྐྱོང་བྱེད་པའི་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཚོད་ལྟ་ཏན་ཏིག་གིས་སྤེལ་དགོས། ཞིང་སྡེའི་གཞུང་ལམ་གྱི་གནས་ཚུལ་རང་འགུལ་གྱིས་ཞིབ་དཔྱད་ཚད་ལེན་བྱེད་པ་བརྟན་བརླིང་ངང་སྐུལ་སྤེལ་བྱེད་དགོས། ཞིང་སྡེའི་ཆུ་མཁོ་འདོན་བཟོ་འགོད་འཛུགས་སྐྲུན་དང་བསྒྱུར་བཀོད་ལ་སྐུལ་སྤེལ་བྱེད་པ་དང་། གཙང་བཟོ་དུག་སེལ་སྒྲིག་བཀོད་ཀྱི་སྒྲིག་ཆས་ཆ་ཚང་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་གློག་དྲ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཞིང་སྡེའི་འོད་ཧྥུ་དང་སྐྱེ་དངོས་ཀྱི་གཤིས་ནུས་ལ་སོགས་པའི་ནུས་ཁུངས་གཙང་མ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཁང་པའི་སྤུས་ཚད་བདེ་འཇགས་དང་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ནས། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་ཡོམ་འགོག་བསྒྱུར་བཀོད་མུ་མཐུད་དུ་ལག་བསྟར་བྱས་ནས། ཞིང་སྡེའི་ཁང་པ་འཛུགས་སྐྲུན་གྱི་ཚད་གཞི་འཐུས་ཚང་དང་ཚད་ལྡན་དུ་གཏོང་དགོས། ཚོང་གཉེར་དུ་སྤྱོད་པའི་ཞིང་སྡེའི་རང་གིས་ལས་པའི་མངོན་མེད་ཉེན་ལྡན་གྱི་ཁང་པར་བསྒྱུར་བཅོས་གཏོང་བར་ཤུགས་སྣོན་དགོས།

(ཉེར་བཞི) གྲངས་ཀའི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་དགོས།

ཤེས་རིག་ཅན་གྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཏེ། ཆ་འཕྲིན་ལག་རྩལ་དེ་ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་དང་མཉམ་འདྲེས་ཀྱིས་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་པའི་གྲངས་ཀའི་བྱང་ཚད་དང་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་དགོས། གྲངས་ཀའི་ལག་རྩལ་གྱིས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་ལ་ནུས་ཤུགས་བསྩལ་ནས། “སྦྲེལ་དྲ+སྲིད་དོན་ཞབས་ཞུ”དེ་གྲོང་གསེབ་དུ་རྒྱུན་བསྲིངས་ཤིང་ཁེབས་པར་སྐུལ་འདེད་གཏོང་དགོས། དངོས་ཡོད་གནད་དོན་ཐག་གཅོད་པར་དམིགས་ནས། ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་གཏོང་དགོས། གྲངས་ཀའི་གྲོང་གསེབ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་སྟེ། འཕེལ་རྒྱས་དཔྱད་འཇོག་གི་ཚད་གཞིའི་མ་ལག་ཞིབ་འཇུག་དང་གཏན་འཁེལ་བྱས་ནས། མུ་མཐུད་དུ་གྲངས་ཀའི་གྲོང་གསེབ་ཀྱི་ཚོད་ལྟའི་གནས་གཞི་འཛུགས་དགོས། ཞིང་སྡེའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

(ཉེར་ལྔ) གཞི་རྩའི་སྤྱི་པའི་ཞབས་ཞུ་རྫོང་ཁོངས་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་དགོས།

རྫོང་མཁར་ཐེག་བྱད་གཙོ་བོར་འཛིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་དགོས། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མཁོ་འདོན་དེ་སྲིད་འཛིན་ས་ཁུལ་དུ་ཁེབས་པ་གཙིགས་སུ་འཛིན་པ་ནས་གཏན་སྡོད་མི་འབོར་གྱི་ཞབས་ཞུའི་ཁེབས་ཚད་གཙིགས་སུ་འཛིན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སློབ་ཞུགས་སྔོན་གྱི་སློབ་གསོའི་འགུལ་སྐྱོད་ཀྱི་འཆར་གཞི་གསར་པ་ལག་བསྟར་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་ཞིང་སྡེའི་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་ཐོན་ཁུངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དམིགས་བསལ་སློབ་གསོ་ལེགས་པོར་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཏན་ཏིག་གཏོང་དགོས། ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྨན་བཅོས་ཉེན་སྲུང་གི་དངུལ་གྲངས་བསྡོམས་འབོར་ལྟར་རིན་སྤྲོད་པ་ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་འཕྲོ་ཉར་སྤྱོད་དང་ལུགས་མཐུན་ཚད་བརྒལ་གྱིས་འགྲོ་གྲོན་གཏོང་བའི་འགན་ལེན་མངོན་འགྱུར་བྱེད་དགོས། ཞིང་སྡེའི་གཞི་རིམ་གྱི་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཉེན་སྲུང་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་ནུས་ལྟ་སྐུལ་ཚོད་འཛིན་གྱིས་ཁྱོན་ཡོངས་ལ་ཁེབས་ཚད་ཇེ་དྲག་ཏུ་གཏོང་བ། སྨན་བཅོས་འགན་སྲུང་མ་དངུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མང་ཚོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་སྨན་བཅོས་ཉེན་སྲུང་ནང་ཞུགས་པར་རིགས་དབྱེ་ནས་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཆས་སྡེ་བའི་འཕྲོད་བསྟེན་ཁང་གི་འགྲོ་གྲོན་ཁ་གསབ་མཁོ་སྤྲོད་བྱེད་ཆོག་ཅིང་། སྡེ་བའི་སྨན་པའི་རྒན་གསོའི་འགན་སྲུང་དང་སྨན་བཅོས་ཉེན་སྲུང་སོགས་སྤྱི་ཚོགས་འགན་སྲུང་གི་ཐོབ་ཆ་རིགས་དབྱེ་ནས་དོན་འཁྱོལ་བྱེད་དགོས། རྫོང་རིམ་པའི་རྒན་གསོ་ཁང་གི་ནུས་ཤོར་ལྟ་སྐྱོང་ནུས་པ་དང་། ཞང་དང་གྲོང་རྡལ་གྱི་རྒན་གསོ་ཁང་གི་གཅིག་བསྡུས་གཉོར་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས། ཆ་རྐྱེན་ཡོད་པའི་གྲོང་ཚོས་ཉིན་མོའི་ལྟ་རྟོག་དང་རྒན་རྒོན་གྱི་ཟ་ཁང་སོགས་ཞབས་ཞུ་སྤེལ་བར་སྐུལ་ལྕག་གཏོང་དགོས། ཞང་དང་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་དང་སྤྱི་ཚོགས་ལས་དོན་གྱི་ཞབས་ཞུར་ཤུགས་སྣོན་པ་དང་། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་བྱེད་དགོས། རིམ་པ་དང་རིགས་དགར་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས། དཀའ་ཁག་ཡོད་པའི་ཞིང་པ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དངོས་གནས་འགན་སྲུང་བྱེད་དགོས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པས་གཅེས་སྐྱོང་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གཞིས་སྟོང་དུ་ལུས་པའི་རྒན་པ་དང་གཞིས་སྲུང་བྱིས་པ། དབང་པོ་སྐྱོན་ཅན་བཅས་ལ་རྒྱུན་པར་འཚམས་འདྲི་བྱེད་དགོས། ནར་མ་སོན་པའི་མིར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་བྱ་བའི་དྲ་བ་འཐུས་ཚང་དུ་གཏོང་དགོས།

དྲུག ཞིང་སྡེ་བཅོས་སྐྱོང་ལེགས་བཅོས་བྱེད་པའི་ཕན་འབྲས་འབུར་དུ་ཐོན་པར་བྱེད་དགོས།

(ཉེར་དྲུག)ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས།

རྫོང་རིམ་པའི་ཏང་ཨུས་ཞང་ནན་འཛིན་དང་སྡེ་བ་སྐུལ་སྤེལ་བྱེད་པའི་ལས་འགན་ཇེ་དྲག་ཏུ་བཏང་སྟེ། ཞང་དང་གྲོང་རྡལ་དོ་དམ་བྱེད་པའི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཞང་དང་གྲོང་རྡལ་ཏང་ཨུས་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་འཆར་འགོད་བྱེད་པའི་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞང་དང་གྲོང་རྡལ་དང་། སྡེ་བས་གཅིག་བསྡུས་ངང་སྐབས་བརྗེས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་གཞི་རིམ་ལས་བྱེད་པར་གྲོང་གསེབ་དར་སྤེལ་བརྗོད་དོན་ཡིན་པའི་གསོ་སྦྱོང་ཁྱོན་ཡོངས་ནས་སྤེལ་དགོས། ཉམས་ཞན་དང་ཁ་འཐོར་ཡིན་པའི་སྡེ་བའི་ཏང་རྩ་འཛུགས་རྒྱུན་མཐུན་ངང་སེལ་བཤེར་དང་དག་ཐེར་བྱེད་དགོས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་གིས་ཏང་གི་འཛུགས་སྐྲུན་ནན་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། སྡེ་བ་རིམ་པའི་བྱ་བ་གལ་ཆེན་དང་། གནད་དོན་འགངས་ཆེན་ལ་སྡེ་བའི་ཏང་རྩ་འཛུགས་ཀྱིས་ཞིབ་འཇུག་གྲོས་བསྡུར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ།“གྲོས་མོལ་བཞི་དང་སྤྱི་བསྒྲགས་གཉིས”ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། གྲོང་ཁྱེར་དང་རྫོང་ལ་སྐོར་བཤེར་བྱེད་པ་གཏིང་ཟབ་ངང་སྤེལ་ནས། གཞི་རིམ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་དང་། གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་རྩ་འཛུགས་དང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འབྲེལ་འདྲིས་མཉམ་ལས་དང་ནུས་ལྡན་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། སྡེ་བའི་ལས་བྱེད་པར་ལྟ་སྐུལ་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་ཞིང་སྡེའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། དྲ་མིག་ཅན་གྱི་དོ་དམ་དང་གྲངས་འཛིན་ཅན་གྱིས་ནུས་པ་སྩོལ་པ། ཞིབ་ཕྲ་ཅན་གྱི་ཞབས་ཞུ་ལ་སྐུལ་འདེད་གཏོང་དགོས། སྡེ་བའི་ཨུ་ཡོན་ལྷན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་གཏིང་ཟབ་ཏུ་གཏོང་དགོས། སྡེ་བ་རིམ་པའི་གྲོས་བསྡུར་གྲོས་མོལ་གསར་སྐྲུན་གྱི་ཚོད་ལྟ་སྤེལ་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རང་སྐྱོང་བྱ་བ་དང་། སྲིད་གཞུང་བྱ་བའི་ལས་དོན་ཁྲིམས་ལྟར་རོགས་སྒྲུབ་བྱེད་པ་བཅས་ཀྱི་ཞིབ་ཐོའི་ལམ་ལུགས་ཁྱབ་གདལ་བཏང་སྟེ། སྡེ་བ་རིམ་པའི་རྩ་འཛུགས་སྡེ་ཁག་གི་སྒོ་བྱང་དང་བདེན་དཔང་གི་བྱ་བ་ཚད་ལྡན་དུ་གཏོང་དགོས་པ་དང་། སྡེ་བ་རིམ་པའི་རྨང་གཞིའི་ཆ་འཕྲིན་བསྡོམས་རྩིས་བྱེད་པའི“རེའུ་མིག་གཅིག”གི་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འགན་ཇེ་ཡང་དུ་གཏོང་དགོས།

(ཉེར་བདུན)ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནུས་ལྡན་སྟེགས་བུ་དང་ཐེག་བྱད་གསར་སྐྲུན་བྱེད་དགོས།

དུས་རབས་གསར་པའི་དཔལ་ཡོན་གྱི་ལག་བསྟར་ལྟེ་གནས་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་སྟེགས་བུ་ལ་བརྟེན་ནས་དམིགས་གཏད་ཅན་དང་ཁག་བགོས་ཅན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་དགོས། གྲོང་གསེབ་དུ“ཏང་གི་གསུང་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”ཡི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་བྱེ་བྲག་གི་བྱེད་ཐབས་འཚོལ་ཞིབ་དང་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་སྤེལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་ལ་ཚད་འཇལ་གཏན་འཁེལ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་ནུས་པ་སྩོལ་བའི་འཆར་གཞི་ལག་བསྟར་བྱེད་དགོས། རིག་གནས་དམངས་ཕན་བྱ་འགུལ་གྱི་ཐོན་ཁུངས་ཧྲག་སྡེབ་བྱས་ཏེ། ཞིང་པས་རང་འགུལ་ངང་རྩ་འཛུགས་བྱེད་པའི་སྡེ་གླུ་དང་། “སྡེ་བའི་དགོང་ཚོགས”དང་ཐང་ཆེན་གྱི་ཞབས་བྲོ་དང་། སྤྲོ་སྐྱིད་ལུས་རྩལ་འགྲན་བསྡུར་སོགས་ཞིང་སྡེའི་ཁྱད་ཆོས་དང་བྲོ་བ་མ་ཡལ་བའི་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལེགས་སྒྲུབ་བྱེད་དགོས། རྨོ་འདེབས་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། མངོན་མིན་ཤུལ་བཞག་རིག་གནས་དང་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་སྲུང་སྐྱོབ་དང་བེད་སྤྱོད་པར་སྐུལ་འདེད་གཏོང་དགོས། ཆ་བསགས་ལམ་ལུགས་སོགས་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་དུ་བཏང་སྟེ། སྡེ་སྲོལ་དམངས་ཆིངས་དང་། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་གྱི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱེད་དགོས་པ་དང་། ཞིང་སྡེའི་གཉེན་སྲོལ་བཅོས་བསྒྱུར་ཚོད་ལྟ་ས་ཁུལ་དང་པུར་འཇུག་གི་ཡུལ་སྲོལ་གོམས་གཤིས་བཅོས་བསྒྱུར་བྱེད་པར་སྐུལ་སྤེལ་བྱས་ཏེ། སློང་རྟེན་མང་ལ་གཟབ་རྒྱས་བྱེད་པ་སོགས་གོམས་སྲོལ་ངན་པ་བསྒྱུར་བའི་ཁྱབ་ཁོངས་ཀྱི་མངོན་གསལ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་དགོས།

(ཉེར་བརྒྱད)ཞིང་སྡེའི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་ཡོང་བར་དངོས་གནས་སྲུང་སྐྱོང་བྱེད་དགོས།

སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་ཁྲིམས་སྐྱོང་གི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། “ཧྥེང་ཆའོ་ལྟ་བུའི་སྤྱི་བདེ་མངག་གཏོང་ཁང”དང་།“ཧྥེང་ཆའོ་ལྟ་བུའི་མི་དམངས་ཁྲིམས་ཁང” སྐོར་ཞིག་གསར་འཛུགས་བྱེད་དགོས། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་ནས། རྒྱུན་ཆད་མེད་པར“སྡེ་བའི་བཙན་དབང་ཅན”ལ་རྡུང་རྡེག་བྱེད་དགོས། ནག་ཕྱོགས་སྟོབས་ཤུགས་དང་། ཁྱིམ་རྒྱུད་དང་ཆོས་ལུགས་སྟོབས་ཤུགས་བཅས་ཀྱིས་ཞིང་སྡེའི་གཞི་རིམ་སྲིད་དབང་ལ་བསླད་སྐྱོན་གཏོང་བ་དང་ཤུགས་རྐྱེན་བཟོ་བར་འགོག་ཟོན་བྱེད་དགོས། ཞིང་སྡེའི་འཆལ་སྤྱོད་དང་རྒྱན་འཇོག དུག་རྫས་དང་།ཞིང་སྡེའི་བུད་མེད་དང་བྱིས་པའི་མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱེད་དགོས། ཞིང་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས། གཞི་རིམ་སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུ་དང་ཉེན་ཁར་ཐེ་གཏོགས་བྱེད་པར་ཤུགས་བསྣན་ཏེ། འགལ་བ་དང་རྩོད་གླེང་ཐེངས་གཅིག་ཅན་དང་རྒྱུ་མང་ཅན་གྱི་ཞི་འཇགས་ནང་རྐྱེན་འཛུགས་དགོས། ཞིང་སྡེའི་ཆོས་ལུགས་བྱ་བའི་སྟོབས་ཤུགས་ལ་ཤུགས་སྣོན་དགོས། བྲེལ་བསྟུན་དོ་དམ་དང་གྲོང་གསེབ་བཅོས་སྐྱོང་བྱེད་པའི་ཐོན་ཁུངས་ཧྲག་སྡེབ་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་དགོས་པ་དང་། ཞིང་སྡེའི་བྲེལ་བསྟུན་རྒྱང་བསྒྲགས་ཀྱིས་རང་འགུལ་ངང་བརྒྱུད་གཏོང་བྱེད་པའི་མཐའ་སྣེའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མི་སྣ་བྲེལ་མྱུར་ངང་གནས་སྤོ་ཉེན་གཡོལ་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་པར་མཛུབ་སྟོན་བྱེད་དགོས། ཞིང་སྡེའི་འགྲིམ་འགྲུལ་དང་མེ་གསོད། བདེ་འཇགས་ཐོན་སྐྱེད། རང་བྱུང་གནོད་འཚེ། ཟས་རིགས་སྨན་རྫས་ཐད་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་བཤེར་དང་ཆེད་དམིགས་བཅོས་སྐྱོང་བྱེད་དགོས། ཞིང་སྡེ་རུ་ཞིང་ལས་རྒྱུ་ཆས་རྫུན་མ་དང་སྤུས་ཀ་ཞན་པ་ཐོན་སྐྱེད་ཕྱིར་འཚོང་བྱེད་པ་དང་། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ། གློག་འཕྲིན་མགོ་བསྐོར་བཅས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱེད་དགོས། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་གྱི་ཁྲིམས་བསྟར་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ནད་རིགས་སྔོན་འགོག་ཚོད་འཛིན་གྱི་ལས་འགན་དངོས་འབེབས་བྱེད་དགོས། ཞིང་སྡེའི་པྲོག་གསར་གློ་ཚད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་བའི་མ་ལག་འཐུས་ཚང་དུ་བཏང་སྟེ། མཉམ་འགོག་མཉམ་འཛིན་དང་མང་ཚོགས་ཀྱིས་འགོག་པ་དང་མང་ཚོགས་ཀྱིས་ཚོད་འཛིན་བྱེད་པའི་བྱེད་ཐབས་ནན་ཏན་གྱིས་དངོས་འབེབས་བྱེད་དགོས།

བདུན། སྲིད་ཇུས་ཀྱི་འགན་སྲུང་དང་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

(ཉེར་དགུ)གྲོང་གསེབ་དར་སྤེལ་ཐད་བཏང་བའི་མ་དངུལ་ཇེ་མང་དུ་གཏོང་དགོས།

ཞིང་ལས་དང་ཞིང་སྡེ་ནི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སུ་བརྩིས་ཏེ་མུ་མཐུད་དུ་སྔོན་ལ་འགན་སྲུང་བྱེད་པའི་ཁྱབ་ཁོངས་ཀྱི་ནང་འཇོག་དགོས། ཀྲུང་དབྱང་སྔོན་རྩིས་ཁྱབ་ཁོངས་ནང་གི་མ་དངུལ་གཏོང་བ་དེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་དང་ཞིང་སྡེར་ཕྱོགས་ཏེ། ས་གནས་སྲིད་གཞུང་གི་དངུལ་གཏོང་ལས་འགན་རིམ་པ་བཞིན་དངོས་གནོན་བྱེད་དགོས། དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་དེ་ཞིང་ལས་དང་ཞིང་སྡེའི་ཐད་སྤྱོད་པའི་བསྡུར་ཚད་རིམ་གྱིས་ཇེ་མང་དུ་གཏོང་དགོས། ས་གནས་སྲིད་གཞུང་གིས་བཀྲམ་པའི་སྲིད་གཞུང་གི་བུན་ཡིག་དེ་ཆ་རྐྱེན་དང་འཚམ་པའི་གྲོང་གསེབ་དར་སྤེལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གཞིར་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་ལས་གཞི་གསོག་འཇོག་བྱེད་པའི་སྤུས་ཀ་ཇེ་བཟང་དུ་གཏོང་དགོས། སྔོན་རྩིས་བྱས་འབྲས་ལ་དོ་དམ་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།

(སུམ་ཅུ)གྲོང་གསེབ་དར་སྤེལ་གྱི་དངུལ་རྩའི་ཞབས་ཞུ་ཇེ་དྲག་ཏུ་གཏོང་དགོས།

ལས་ཁུངས་ཀྱི་ཁྲིམས་མི་རྫོང་ཁོངས་སུ་ཡོད་པ་དང་། ལས་དོན་རྫོང་ཁོངས་སུ་ཡོད་པ། མ་དངུལ་གཙོ་བོ་གྲོང་གསེབ་དར་སྤེལ་ཐད་བཏང་བའི་ས་གནས་ཁྲིམས་བཀོད་དངུལ་རྩའི་སྡེ་ཁག་ལ། ཞིང་ལས་དང་འབོར་ཉུང་ལ་རྒྱབ་སྐྱོར་བྱས་ཏེ་ཡང་བསྐྱར་དངུལ་བུན་གཏོང་བ་དང་། ཡང་བསྐྱར་ལག་དངུལ་ཁ་གསབ་བྱེད་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔར་ལས་གཟིགས་སྐྱོང་བྱེད་པའི་གསོག་དངུལ་གྲ་སྒྲིག་མ་དངུལ་གྱི་སྲིད་ཇུས་ལག་བསྟར་བྱེད་དགོས། རིགས་མི་གཅིག་པའི་དངུལ་རྩའི་སྡེ་ཁག་གིས་ཞིང་ལས་དང་ཞིང་སྡེའི་རྨང་གཞིའི་དུས་ཡུན་ཐུང་འབྲིང་གི་ཡིད་རྟོན་དངུལ་བུན་གྱི་དཔེ་དབྱིབས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཡིད་རྟོན་ཁང་བཅོས་བསྒྱུར་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན(རང་སྐྱོང་ལྗོངས)ཞིང་སྡེའི་ཡིད་རྟོན་ཁང་དང་མཉམ་འབྲེལ་ཁང་གི་བཅོས་སྐྱོང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཉེན་ཁ་བརྟན་བརླིང་ངང་སེལ་བར་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་དངུལ་རྩའི་ཞབས་ཞུ་དང་སྡོམ་རྩིས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དངུལ་རྩའི་སྡེ་ཁག་གིས་གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་བྱེད་པའི་དཔྱད་ཞིབ་དཔྱད་འཇོག་བྱེད་དགོས། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པ་གཏིང་ཟབ་ཏུ་བཏང་སྟེ། ཞིང་ཁྱིམ་ཡིད་རྟོན་དངུལ་བུན་འཕེལ་རྒྱས་གཏོང་དགོས། ཞིང་སྡེ་རུ་དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བའི་སློབ་གསོ་དང་། དངུལ་རྩའི་འཛད་སྤྱོད་དབང་ཆར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། ཞིང་ལས་ཉེན་སྲུང་དང་ཡང་བསྐྱར་ཉེན་སྲུང་བྱེད་པ་འབད་པ་ཆེན་པོས་འཕེལ་རྒྱས་གཏོང་དགོས།“ཉེན་བཅོལ+དུས་བཅད་ཚོང་ཟོག”གི་དཔེ་དབྱིབས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས། ཞིང་འབྲེལ་ཡིད་རྟོན་དངུལ་བུན་གྱི་ཉེན་ཁ་དེ་ཚོང་ར་ཅན་གྱིས་འགན་ལེན་དང་ཁ་གསབ་བྱེད་པར་ཤུགས་བསྣན་ཏེ། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས།

(སོ་གཅིག)གྲོང་གསེབ་དར་སྤེལ་གྱི་འཇོན་མི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

ཞིང་ལས་ཁྱབ་ཁོངས་སུ་འཐབ་ཇུས་འདོན་པའི་ཚན་རིག་པ་ཤེས་རྟོགས་དང་གསོ་སྐྱོང་དང་བཀོལ་སྤྱོད་བཅས་བྱེད་དགོས། “ཞིང་པ་མཁས་འཇོན”གྱི་འཆར་འགོད་མགོ་བརྩམས་ཏེ་ཚན་རྩལ་མགོ་འདྲེན་གྱི་འཇོན་མི་དང་ན་གཞོན་ཚན་རྩལ་འཇོན་མི། ཆུ་ཚད་མཐོ་བའི་གསར་སྐྲུན་ཚོགས་པ་བཅས་གང་མགྱོགས་ཀྱིས་གསོ་སྐྱོང་བྱེད་དགོས། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་གཏིང་ཟབ་ཏུ་སྤེལ་དགོས། བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་བྱེད་པའི་འཆར་འགོད་དང་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི་སྣེ་ཁྲིད་ལས་གཞི་དང་། གྲོང་གསེབ་དར་སྤེལ་ལ་ལང་ཚོ་དང་བྱས་རྗེས་འབུལ་བའི་འགུལ་སྐྱོད། གྲོང་གསེབ་དར་སྤེལ་གྱི་བུད་མེད་འགུལ་སྐྱོད་བཅས་ལག་བསྟར་བྱེད་དགོས། དཀའ་སྡུག་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་གཞི་རིམ་བྱ་གཞག་ལས་ཁུངས་ཀྱིས་ཡོངས་གྲགས་མི་སྣ་གདན་འདྲེན་བྱེད་སར་ཁ་ཕྱོགས་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། རྫོང་རིམ་པ་མན་གྱི་གཞི་རིམ་ཆེད་ལས་ལག་རྩལ་མི་སྣར་ལས་ཀའི་གོ་མིང་སྩོལ་བར“དམིགས་བཀར་དཔྱད་འཇོག་དང་དམིགས་བཀར་བཀོལ་སྤྱོད”ཀྱི་བྱ་བ་སྤེལ་དགོས། རིམ་པ་མཐོ་འབྲིང་གི་ཆེད་ལས་ལག་རྩལ་གྱི་ལས་གནས་ལ་སྤྱི་འབོར་ཚོད་འཛིན་དང་བསྡུར་ཚད་ལོགས་བཀར་ལག་བསྟར་བྱེད་དགོས། ཞིང་ཞོར་སློབ་བརྩོན་གྱི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་དགོས། བསླབ་ཚན་ཆེད་ལས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་སྟེ། ཞིང་ལས་དང་འབྲེལ་བའི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གསོ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་འཆར་འགོད་དང་ཇུས་འགོད། འཛུགས་སྐྲུན། དོ་དམ་བཅས་ཀྱི་ཆེད་ལས་འཇོན་མི་དང་རང་ཡུལ་གྱི་འཇོན་མི་གསོ་སྐྱོང་བྱེད་དགོས། ས་གནས་ལ་སྐུལ་ལྕག་བཏང་སྟེ་གྲོང་ཁྱེར་གྱི་འཇོན་མི་གཞི་རིམ་དུ་ཡོང་ནས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བའི་སྐུལ་སློང་སྲིད་ཇུས་འདོན་དུ་འཇུག་དགོས།

(སོ་གཉིས)ཞིང་སྡེ་བཅོས་བསྒྱུར་གྱི་ལས་འགན་གཙོ་བོ་དངོས་འབེབས་ལེགས་པོ་བྱེད་དགོས།

ས་ཞིང་འགན་གཙང་ལེན་གྱི་རེས་གཉིས་པའི་དུས་ཡུན་ལོངས་རྗེས་ཡང་བསྐྱར་རྫོང་ཡོངས་ནས་ལོ30ལ་སྲིང་བའི་ཚོད་ལྟ་སྤེལ་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་བཏང་སྟེ། ཞིང་སྡེའི་ཐུན་མོང་རྒྱུ་ནོར་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་ཞབས་ཞུ་མ་ལག་འཚོལ་སྙེག་གིས་འཛུགས་པ་དང་། གསར་བྱུང་གི་ཞིང་སྡེ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་དགོས། ཞིང་སྡེའི་ཁང་པའི་གཞིས་ས་ལམ་ལུགས་བཅོས་བསྒྱུར་གྱི་ཚོད་ལྟ་སྤེལ་བར་བརྟན་ཞིང་གཟབ་ནན་གྱིས་སྐུལ་འདེད་བྱས་ཏེ། གཞིས་གནས་དེ་ཁང་པའི་གཞིས་ས་དང་གཞི་གཅིག་པའི་རྒྱུ་ནོར་གྱི་བདག་དབང་ངོས་འཛིན་ཐོ་འགོད་ཚད་ལྡན་གྱིས་སྤེལ་དགོས། ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཚོང་ཁྲོམ་དུ་ཞུགས་པར་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱད་པའི་ས་ཞིང་གི་བཀོལ་སྤྱོད་དབང་ཆ་གཏའ་མར་འཇོག་པ་དང་མ་རྩར་གཅོག་པར་སྐུལ་འདེད་གཏོང་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་ཡུལ་ཁོངས་ཡོངས་ཀྱི་ས་ཞིང་ལ་ཕྱོགས་བསྡུས་དག་ཐེར་ལེགས་བཅོས་བྱེད་པའི་ཚོད་ལྟ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། ཐུན་མོང་ནགས་ཚལ་བདག་དབང་གི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས། ས་རྒོད་གསར་སྦོལ་བྱས་པའི་རྒྱལ་དབང་ཞིང་ས་བཀོལ་སྤྱོད་དབང་ཆར་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐོན་དབང་འཁོར་རྒྱུག་དང་ཉོ་ཚོང་གི་ཚོང་ཁྲོམ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཚོད་ལྟ་སྤེལ་དགོས། དུས་རིམ་གསར་པའི་ཞིང་སྡེ་བཅོས་བསྒྱུར་ཟབ་སྤེལ་གྱི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་དགོས།

བརྒྱད། ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་དགོས།

(སོ་གསུམ) ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་འགན་འཁྲི་དངོས་གནོན་བྱེད་དགོས།

གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པའི་བྱེད་ཐབས་གཏན་འབེབས་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་སྡེ་ཁག་གི་སྡེ་ཚན་སོ་སོའི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་འགན་འཁྲི་གསལ་བོ་བྱས་ནས། རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་འཛིན་པའི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་རིམ་པའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་བྱས་པའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་དགོས། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་བྱས་པའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ས་གནས་ལ་སྐུལ་སློང་བྱས་ཏེ་དཔྱད་ཞིབ་ཨང་རིམ་སྔོན་གྲས་ཀྱི་གྲོང་ཁྱེར་དང་རྫོང་ལ་འོས་འཚམ་གྱིས་སྐུལ་མ་གཏོང་བ་དང་། དཔྱད་ཞིབ་ཨང་རིམ་མཇུག་གྲས་སུ་གནས་པ་དང་ལས་འགན་བརྩོན་པས་མ་བསྒྲུབས་པ་ལ་དུས་ཆད་ཁ་ཏ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་རྣམས་ཀྱིས་གྲོང་གསེབ་དར་སྤེལ་ལ་འབྲེལ་གཏུག་བྱེད་གནས་ཀྱི་ལམ་ལུགས་དངོས་འབེབས་བྱེད་དགོས། ཀྲེ་ཅང་གི“ཁྲི་སྟོང་བཟོ་འགོད”ཀྱི་ཉམས་མྱོང་གཞིར་བཟུང་སྟེ་ཁྱབ་གདལ་དུ་བཏང་ནས། ས་གནས་ཏང་ཨུ་དང་སྲིད་གཞུང་ལ་ཡུལ་དངོས་ནས་ལྟ་སྦྱོང་དང་བརྗེ་རེས་སློབ་སྦྱོང་བྱེད་པ་སོགས་ཀྱི་དངོས་གཉེར་གོ་ཆོད་ཀྱི་བྱ་འགུལ་སྤེལ་བར་སྐུལ་མ་གཏོང་དགོས། 《གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་འཆར་འགོད(2018ལོ་ནས2022ལོའི་བར)》ལག་བསྟར་བྱས་པར་སྤྱི་སྡོམ་དང་གདེང་འཇོག་བྱེད་དགོས། གཅིག་བསྡུས་སྐབས་བརྗེ་བྱས་རྗེས་ཀྱི་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“ཞིང་གསུམ”བྱ་བར་དོ་དམ་བྱེད་པའི་མགོ་ཁྲིད་ལས་བྱེད་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་དགོས།

(སོ་བཞི)ཏང་གི་ཞིང་སྡེ་བྱ་བའི་ལས་ཁུངས་སྟོབས་ལྡན་འཛུགས་དགོས།

རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས“ཞིང་གསུམ”བྱ་བར་སྣེ་ཁྲིད་ནས་སྤྱི་ཁྱབ་ཏུ་འཛིན་པ་དང་གཅིག་འདོམས་མཐུན་སྦྱོར་བྱེད་པ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲབ་འབྲས་སྲ་བརྟན་དུ་བཏང་ཞིང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་བྱ་བའི་གྲོས་རིམ་ལ་མཐུན་སྦྱོར་བྱེད་པའི་ལས་འགན་མཉམ་གཅིག་ཏུ་འཁུར་དགོས། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེའི་མགོ་ཁྲིད་ཚན་ཆུང་གི་ལས་ཀའི་གྲོས་རིམ་ལ་མཐུན་སྦྱོར་བྱེད་པའི་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལས་འགན་གཙོ་བོ་ལས་བགོས་དངོས་འབེབས་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་བྱ་བའི་སྟོབས་ཤུགས་ཇེ་ཆེ་དང་འཁོར་རྒྱུག་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཇུས་ཐག་ལ་བློ་འདོན་པ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པ། སྲིད་ཇུས་ཀྱིས་མཛུབ་སྟོན་བྱེད་པ། དངོས་འབེབས་སྐུལ་འདེད་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་པ་སོགས་ཀྱི་འགན་འཁུར་ཇེ་དྲག་ཏུ་གཏོང་དགོས།

(སོ་ལྔ)གནས་གཅིག་གིས་ཁྱོན་ཡོངས་ཁྲིད་པའི་སྒོ་ནས་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་སྤེལ་བར་སྐུལ་འདེད་གཏོང་དགོས།

“རྫོང་བརྒྱ་ཞང་སྟོང་སྡེ་ཁྲི”ཡི་གྲོང་གསེབ་དར་སྤེལ་དཔེ་སྟོན་གསར་སྐྲུན་བྱས་ཏེ། ཐོག་མར་གསར་སྐྲུན་བྱེད་པ་དང་རྗེས་སུ་ངོས་འཛིན་བྱེད་པའི་བྱེད་ཐབས་སྤྱད་ནས། རིམ་པ་བགོས་ནས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་རྫོང་དང་དཔེ་སྟོན་ཞང་གྲོང་། དཔེ་སྟོན་སྡེ་བ་བཅས་སྐོར་ཞིག་གསར་སྐྲུན་བྱེད་དགོས། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་གྲོང་གསེབ་དར་སྤེལ་ནང་རྒྱ་ཆེར་ཞུགས་པར་སྐུལ་མ་གཏོང་བ་དང་། “ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་དར་སྤེལ་གཏོང་བ”ཡི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས། གཏན་འབེབས་ལྟར་གྲོང་གསེབ་དར་སྤེལ་ལ་གཟེངས་བསྟོད་བྱེད་པ་དང་སྐུལ་མ་གཏོང་བའི་ལམ་ལུགས་འཛུགས་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། དངོས་འཛིན་ནན་སྒྲུབ་དང་དཀའ་སྤྱད་འབད་བརྩོན་སྒོས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་སྣང་ཚུལ་གསར་པ་ཧུར་གྱིས་བཏོད་ནས། འགུལ་སྐྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བདེ་བླག་ངང་འཚོགས་པར་བསུ་མ་བྱེད་དགོས། །