ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཡིག་ཆ།(བཅུ་བཞི) སྲིད་གཞུང་བྱ་བའི་སྙན་ཞུ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཡིག་ཆ།(བཅུ་བཞི)

སྲིད་གཞུང་བྱ་བའི་སྙན་ཞུ།

2022ལོའི་ཟླ1པོའི་ཚེས21ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་།

ཧྲིན་ཀྲང་། ཞིན་ཁྲང་ཞིང་།

འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། སྲིད་གྲོས་ཨུ་ཡོན་ལྷན་རྒྱས་དང་གྲོས་ཚོགས་ལ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

གཅིག 2021ལོའི་བྱ་བར་ཕྱི་མིག་ལྟ་བ།

2021ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ལོ་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་ཟླ6པར་སླར་ཡང་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས། ང་ཚོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་པར་འཆར་གཞི་ཡག་པོ་བཀོད་ཅིང་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད། དངོས་སྒྲུབ་འགན་ཁུར་གྱི་བསམ་བློའི་སྒུལ་ཤུགས་ཆེན་པོ་ཡང་བསྩལ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་སེམས་ཤུགས་བསྐྱེད་ཅིང་སྐུལ་ལྕག་ཆེན་པོ་ཐེབས། ལོ་གཅིག་གི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཟུང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་དང་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ནང་འདྲེས་སུ་བཅུག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཏན་ཏིག་གིས་སྐུལ་སྤེལ་བྱས་ཤིང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་གཙོ་བོ་མངོན་འགྱུར་ཅུང་ལེགས་པོ་བྱུང་ཡོད་པ་དང་གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར5.7%འཕར་བ་དང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ7.8%འཕར་སྣོན་བྱས་འདུག་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད1.3%རེད། ལས་ཤོར་གྱི་ཚད་སྔོན་དཔག་དམིགས་ཚད་ནང་ཚོད་འཛིན་བྱས་འདུག “ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་མགོ་ཡག་པོ་ཞིག་བརྩམས་ཤིང་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་བཏོད་ཡོད།

——སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྱོང་ལ་མགོ་ཡག་པོ་ཞིག་བརྩམས་པ། ང་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་ཡིད་ལ་བརྟན་པོར་བཟུང་བ་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་བཅས་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཤིང་འགུལ་སྐྱོད་ཇུས་གཞི་ཆེད་དུ་བཟོས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་བཙན་ས་གསར་བ་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་བྱས་ཏེ། བཙན་ས་གསར་བ་བདུན་གཞི་གཅིག་ཏུ་བསྐྲུན་དགོས་ཚུལ་གསལ་བོར་བསྟན་ནས་ལས་འགན་སྣ་ཚོགས་ཏན་ཏིག་གིས་སྒྲུབ་བཞིན་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་ནི་རྒྱལ་ཡོངས་ཀྱི་སྐོར་ཆེས་ཐོག་མའམ་རིམ་པ་དང་པོར་གནས་ཤིང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་སྤྱི་ཡོངས་ནས་སྲུང་སྐྱོབ་ཐུབ་ཡོད་ཅིང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འབྱུང་འཕྲོད་དང་མཛེས་སྡུག བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཆགས་ཡོད། “དྲུག་ལྔ་ཁོར་ཡུག་ཉིན་མོ”ཞེས་པའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དང་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོ་བདེ་བླག་ངང་བསྒྲུབས་པ་དང་། དེ་བཞིན《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པའི་དངོས་བྲིས་གློག་བརྙན་ཚ་ཚ་འུར་འུར་ངང་སྒྲོག་སྤེལ་བྱས་པ་དང་སྟུན་ནས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྱོང་གྲུབ་འབྲས་ལ་དོ་སྣང་རྒྱ་ཆེན་ཐེབས་ཤིང་ཤུགས་རྐྱེན་དང་མཚན་སྙན་དེ་བས་མང་པོ་ཐོབ་ཡོད། རྨ་ལྷོ་ཁུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ལ་བདམས་པ་དང་ཁྲི་ཀ་དང་རྨ་ལྷོ་སོག་རྫོང་རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིའི་ནང་བདམས་ཐོན་བྱུང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པར་མཚོ་སྔོན་གྱིས་སྐད་སྙན་མང་དུ་བསྒྲགས་ཡོད། ང་ཚོས་ནན་ཏན་གྱིས་ནུས་ཁུངས་ཟད་གྲོན་གྱི“ཚོད་འཛིན་གཉིས”དང“མཐོ་གཉིས”ཀྱི་ལས་གཞི་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བར་བཀག་འགོག་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་པ་དང་། ཐཱན་མེད་ཐོན་ལས་གླིང་ཁུལ་གྱི་ལྗང་གློག་ལས་གྲྭ་ལག་ལེན་བསྟར་མགོ་ཚུགས་ཤིང་འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་གྱི་འགུལ་སྐྱོད་ལས་འགན་བཅུ་ཆའི་བརྒྱད་ལ་ཉེ་བ་ལེགས་འགྲུབ་བྱུང་ཡོད། མཚོ་སྔོན་པོའི་རླབས་ཕྲེང་ལང་ལོང་གཡོ་ཞིང་ཆུ་བོ་ཆེན་པོ་གསུམ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་མུ་མཐུད་དུ་རིགསⅡདང་དེའི་ཡན་དང་ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅢསྲུང་འཛིན་བྱས་ཡོད། རྒྱལ་ཁབ་ཀྱི་དཔྱད་ཞིབ་བྱས་པའི་ཆུ་བོ35ཡི་བཅད་ངོས་ཀྱི་ཆུའི་སྤུས་བཟང་བསྡུར་ཚད100%ལ་སླེབས་པ་དང་ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཚད་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པས། དྭངས་གཙང་གི་ཆུ་བོ་ཞིག་ཤར་ཕྱོགས་སུ་འབབ་པར་འགན་ལེན་བྱས་ཡོད། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95.6%ལ་སླེབས་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ཁྲི500ལྷག་ཙམ་གསར་འཕར་བྱུང་ཡོད་ལ། ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་ཆ“ཉུང་འཕྲི་གཉིས”མངོན་འགྱུར་བྱུང་ཡོད། ས་རྒྱུའི་ཁོར་ཡུག་དག་གཙང་ཡིན་ལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་པོ་ཡིན། མཚོ་སྔོན་གྱི་རི་ནི་སྔར་ལས་སྔོ་ཞིང་ཆུ་ནི་སྔར་ལས་དྭངས་ལ། ནམ་མཁའ་ནི་སྔར་ལས་གཡའ་དག་ཅིང་། ཆུ་ནང་འཚོ་བའི་ཉ་མོ་དང་ནམ་མཁར་འཕུར་བའི་བྱ་རིགས། རྩྭ་ཐང་དང་ནགས་ཚལ་དུ་བག་ཡངས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སྔར་ལས་མང་དུ་ཕྱིན་པ་དང་། རབ་མཛེས་མཚོ་སྔོན་ནི་ཇེ་མཛེས་ནས་ཇེ་མཛེས་ཡིན་པ་འདི་དག་གིས་མི་ཡིས་རི་ཆུ་མ་བརླག་ན། རི་ཆུས་མི་རྣམས་བརླག་མི་སྲིད་པའི་གསོན་ཉམས་ལྡན་པའི་སྣང་བརྙན་དེ་མཚོན་ཡོད།

——ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་བསྐྲུན་ཏེ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་བཙན་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་འདྲེན་ས་བཅས་གཏོད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ཏེ། ང་ཚོས་ནན་ཏན་གྱིས་སློབ་སྦྱོང་ཟབ་མོ་དང་གོ་བ་ཞིབ་མོ་བླངས་ཤིང་། འཆར་འགོད་སྣེ་ཁྲིད་ལ་སྣང་ཆེན་དང་མཐུན་སྦྱོར་འགག་སྒྲོལ་ལ་ཤུགས་བརྒྱབ་ནས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་མཉམ་དུ་ཆེད་དོན་འགུལ་སྐྱོད་ཀྱི་ཇུས་གཞི་བཞི་བཟོས་པར་མ་ཟད། ཞིང་ཆེན་དང་པུའུ་མཉམ་འབྲེལ་གྱིས་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་ཏེ་མཐོ་ས་ནས་མགོ་འཛུགས་པ་དང་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བར་རྨང་གཞི་བཏིངས་ཡོད། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཐད་ཚད་བརྒལ་གསར་བ་བླངས་ནས་ལྷད་མེད་དབྱང་འགྱུར་མཱེ་ཡི་ཤེལ་གཟུགས་རྒྱུ་ཆ་བཟོ་རྩལ་གྱིས་རྒྱལ་ནང་གི་སྟོང་ཆ་བསྐངས་པ་དང་ཐཱན་སྐྱུར་མཱེ་ཡི་དཔེ་སྟོན་ལམ་ཐིག་བསྐྲུན་ཞིང་འཁོར་སྐྱོད་ཐུབ་ཡོད་ལ། ཅཱ་ལུད་དང་ཐཱན་སྐྱུར་ལིས་ཀྱི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་སུ་ཕྱིན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་གསར་བ་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་བཞག་ཡོད། ནུས་ཁུངས་གཙང་མའི་འཕེལ་རྒྱས་ཐད་མཐོར་འདེགས་གསར་བ་བྱུང་ནས་རྒྱལ་ཁབ་ཀྱི་ཁག་དང་པོའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1ཡིན་པའི་རླུང་གློག་འོད་ཤུགས་ཀྱི་རྟེན་གཞི་འཛུགས་སྐྲུན་ཁྲོད་སྟོང་ཝ་ཁྲི1090ཅན་གྱི་ལས་གཞི་མཚོ་སྔོན་དུ་བསྐྲུན་ཐུབ་པ་དང་གསར་དུ་ལས་མགོ་བཙུགས་པའི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། འཛམ་གླིང་དུ་གཞི་ཁྱོན་ཆེ་ཤོས་ཡིན་པའི་ནུས་ཁུངས་གསར་བ་འགྲེམ་ཚུལ་གྱི་གློག་ཚན་སྒྱུར་ཆས་དག་ཡོངས་སུ་བཀོལ་མགོ་བརྩམས་པ་དང་། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་ཆས་ཀྱིས་ཟིན་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “ཟླ་བདུན་པར་མཚོ་སྔོན་དུ་ལྗང་གློག་བཀོལ་བའི”་ཁྲོད་ནུས་ཁུངས་གཙང་མའི་གློག་མཁོ་འདོན་གྱིས་འཛམ་གླིང་གི་ཟིན་ཐོ་མུ་མཐུད་དུ་སྲུང་འཛིན་བྱས་ཡོད། སྐྱེ་ཁམས་ཡུལ་སྐོར་ཐད་གོམ་སྟབས་གསར་བ་སྤོས་ནས་ལམ་ཐིག་རྩེ་གྲ200བཏོད་ཅིང་ལམ་ཐིག7དེ་རྒྱལ་ཡོངས་ཀྱི“རྨ་ཆུའི་ཡུལ་སྐོར་ས་ཁུལ་ཆེན་པོ་བཅུའི”ལམ་ཐིག་རྩེ་གྲའི་ནང་བདམས་པ་དང་། གསེར་དངུལ་ཐང་གི་རྡུལ་ཕྲན་མཁར་ལ་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་མིང་ཐོའི་ནང་དུ་ཚུད། ཡུལ་སྐོར་གྱི་མི་ཐེངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ20%ཡན་འཕར་ཡོད། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ལ་གྲུབ་འབྲས་གསར་བ་བླངས་པ་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་འགུལ་སྐྱོད་ལག་བསྟར་བྱས་ཏེ་འབྲུ་རིགས་འདེབས་སའི་ས་ཞིང་གི་རྒྱ་ཁྱོན་དང་ལོ་ལེགས་ཐོན་ཚད། འབྲུ་གསོག་ནུས་པ་བཅས་ཀྱིས་སླར་ཡང་ཟིན་ཐོ་གསར་བ་བཏོད་ཡོད་པ་དང་། ནོར་གནག་དང་བོད་ལུག་གི་ཕྱུགས་རྒྱུད་བདེ་འཇགས་ཐད་ནས་ཁུངས་དེད་ཆོག་པའི་གཞི་ཁྱོན་ཁྲི400ལས་བརྒལ་ཡོད། “གནས་བཞི”འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་པས་མཁོ་སྤྲོད་ཕྱོགས་ཀྱི་ཕྱོགས་སྒྱུར་རིམ་སྤར་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་དགོས་མཁོའི་ཕྱོགས་ཀྱི་ཁེ་ལས་བརྟན་པོའི་ངང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ནས་དུས་རབས་ཀྱི་ཁྱད་རྟགས་དང་མཐོ་སྒང་གི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ལྡན་པའི་སྐྱེ་ཁམས་མཛའ་མཐུན་དང་འབྱུང་འཕྲོད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་མདུན་ལྗོངས་ཡངས་ཤིང་འོད་སྟོང་རབ་ཏུ་འཕྲོས་ཡོད།

——དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་མཚམས་སུ་སྲུང་འཛིན་བྱས་པ། རྙོག་འཛིང་ཆེ་བའི་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་གདམ་ག་མང་བའི་འགྲན་རྩོད་གསར་བའི་མདུན་དུ་ང་ཚོས་ངེས་ཤུགས་རྒྱུན་འཁྱོངས་དང་བབ་བརླིང་ངང་གདོང་གཏད་དེ། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཙོ་རྐང་འདི་ལ་དམ་པོར་དམིགས་ནས་སྤྱི་ཁོག་སྲིད་ཇུས་གནད་འཁེལ་དོན་འཁྱོལ་བྱས་པ་དང་། དཔལ་འབྱོར་བཀོད་གཏོང་ལ་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་ཞིང་ལོ་ཧྲིལ་བོར་ཁྲལ་འཕྲི་ཡོན་གཅོག་བྱས་ཚད་སྒོར་དུང་ཕྱུར40ཡས་མས་གསར་སྣོན་བྱས་པ་དང་། “མཚོ་སྔོན་ཡིད་རྟོན་དངུལ་བསྡུ”ལས་སྟེགས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མ་དངུལ་སྒོར་དུང་ཕྱུར34.5བསྡུས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་ཀྱི་ཕན་འབྲས་ཇེ་ཆེར་བཏང་། ནོར་སྲིད་ཀྱི་འདེགས་སྐྱོར་འགན་སྲུང་ནུས་པ་ཇེ་ཆེར་བཏང་སྟེ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ10.3%འཕར་བ་དང་ལོ་གོང་མའི་ནོར་སྲིད་ཀྱི་གསོག་འཇོག་མ་དངུལ96%ཧུར་པོར་བཏང་། ཀྲུང་དབྱང་གིས་ས་གནས་ལ་མ་དངུལ་སྒྱུར་སྤོ་གཏོང་སྤྲོད་བྱས་ཚད་གཅིག་ཀྱང་མ་འཕར་བའི་རྒྱབ་ལྗོངས་འོག ཀྲུང་དབྱང་ནོར་སྲིད་ཀྱིས་རང་ཞིང་ལ་རིགས་སོ་སོའི་ཁ་གསབ་རོགས་དངུལ་གནང་ཚད་ཁ་ཚད་གཅིག་པ་ལྟར་ན5.9%འཕར་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང9.2%འཕར་ཡོད། བཅུ་ཆའི་བརྒྱད་ཙམ་གྱི་བཟོ་ལས་ལས་རིགས་ལ་ཁེ་ཕན་མངོན་འགྱུར་བྱུང་བ་དང་། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་རྫས་འགྱུར་བཟོ་སྐྲུན་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་བཏང་ཞིང་། སྒྲིག་ཆས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་ངང་འཕར་བ་སྲུང་འཛིན་བྱས་ལ། རྒྱལ་ཡོངས་ཀྱི་ལོ་རེར་ཐོན་ཚད་ཏུན་ཁྲི་རིམ་པའི་ཐཱན་ཚི་སྣ་ཐོན་སྐྱེད་རྟེན་གཞི་ཐོག་མ་བསྐྲུན་ཏེ་ཐོན་སྐྱེད་བྱེད་མགོ་བརྩམས་ཡོད། ཞན་ཆ་གསབ་ཅིང་ཕུགས་ལ་ཕན་པའི་ལས་གཞི་གལ་ཆེན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས་ཏེ་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་རྒྱ་སྐྱེད་སྒྱུར་བཀོད་དང་ཟི་ལིང་གི་མཁར་ལྷོ་སྐོར་བའི་གཞུང་ལམ་ཤར་དུ་མུ་སྲིང་བ་སོགས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་དང་། ཞོས་ཅིས་འགག་ཆུ་བེད་ལྟེ་བའི་ལས་གྲྭ་མཇུག་སྒྲིལ་བཞིན་ཡོད། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་སོགས་ལས་གྲྭ་གལ་ཆེན་ཁག་ཅིག་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཞིང་དམངས་ཁྲོད་ཀྱིས་མ་དངུལ་བཏང་བ་དེས་བཅུ་ཆའི་བཞི་ཟིན་ཡོད་པ་རེད། འཛད་སྤྱོད་ལ་སྐུལ་བའི་སྲིད་ཇུས་བཏོན་པ་དང་དྲ་ཐོག་དྲ་ཕྱི་མཉམ་འདྲེས་བྱེད་ཚད་མགྱོགས་སུ་ཕྱིན་ཏེ་ནུས་ཁུངས་གསར་བའི་རླངས་འཁོར་དང་རྩིས་འཁོར་གྱི་ཐོན་རྫས་སོགས་རིམ་སྤར་རིགས་ཀྱི་ཐོན་རྫས་ཁྲོམ་ར་རུ་འཁྲུག་ཆ་དོད་པོ་ཡིན་ལ། འཛད་སྤྱོད་བྱེད་ཚད་དེ་སླར་གསོའི་ཁྲོད་ཅུང་མགྱོགས་མྱུར་ངང་ཇེ་མཐོར་སོང་ཡོད། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དེ་གནོན་ཤུགས་འོག་ཏུ་མདུན་སྐྱོད་བྱེད་བཞིན་བརྟན་པོའི་ངང་སླར་གསོ་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

——གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ང་ཚོས“ཞིང་གསུམ”བྱ་བའི་གནད་ཆེ་སའི་ལོ་རྒྱུས་རང་བཞིན་གྱི་སྤོ་སྒྱུར་ལ་དམིགས་ནས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ་དང་། གྲོང་གསེབ་ཏུ་འཚོ་བཞུགས་དང་ལས་ཞུགས་གཉིས་ཀ་འཕྲོད་དུ་འཇུག་ཅིང་། རོང་འབྲོག་པར་རྒྱུ་འབྱོར་བ་རྒྱས་པར་བྱེད་པའི་དམིགས་འབེན་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་ཏན་བཏང་ཡོད། འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་བྱས་ནས་རོགས་སྐྱོར་སྤེལ་བ་རྒྱུན་རྣམ་ཅན་དུ་བཏང་ནས། དབུལ་བོར་བསྐྱར་ལོག་དང་དབུལ་བོར་འགྱུར་བའི་ཉེན་ཁ་དུས་ཐོག་ཏུ་བསལ་ཏེ་དབུལ་ཐར་གྲུབ་འབྲས་བརྟན་སྲུང་བྱས་པ་དང་མང་ཚོགས་ཀྱི་ཡོང་འབབ་ཟམ་མི་ཆད་པར་ཇེ་མང་དུ་བཏང་ཡོད། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དག་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྫོང25ལ་གཙོ་ཆེར་རོགས་སྐྱོར་བྱས་པ་དང་། ཞང་དང་གྲོང་རྡལ39དང་སྡེ་བ225ལ་གྲོང་གསེབ་དར་སྤེལ་གཏོང་བའི་ཚོད་ལྟའི་གནས་བཙུགས་ཡོད། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་བྱེད་པ་མཐོང་ཆེན་བྱས་པ་དང་མཐོ་སྒང་གི་མཛེས་པའི་མཁར་གྲོང་གི“5+1ཚོད་ལྟའི་གནས”གོ་རིམ་ལྡན་པའི་ངང་སྤེལ་ཡོད་ལ། མཁར་གྲོང་གི་གཞིས་རྙིང་ཁང་བ་ཁྲི5.15དང་སྡོད་ཁང་ཞན་ཁུལ་གྱི་ཁང་བ2649བཟོ་བཀོད་ཀྱི་ལས་མགོ་བརྩམས་ཡོད། མཁར་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད97%ཟིན་པ་དང་། མཐོ་སྒང་གི་མཛེས་པའི་གྲོང་གསེབ300འཛུགས་སྐྲུན་ཐད་ནས་གཡུར་ཟའི་གྲུབ་འབྲས་བླངས་ཡོད། སྡེ་བར་གཙང་སྦྲའི་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་ཅིང་། རོང་འབྲོག་ཁུལ་དུ་སྤྱོད་ཁང་གསར་བརྗེ་ངེས་པ་དོན་གྱིས་སྤེལ་བཞིན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་ཚད60%ལས་བརྒལ་ཞིང་དེ་ཐེངས་སྔོན་མའི་མི་འབོར་ཡོངས་བཤེར་དང་བསྡུར་ན་བརྒྱ་ཆའི་ཚེག15.4འཕར། མཐོ་སྒང་གི་མཁར་གྲོང་དང་མཐོ་སྒང་གི་གྲོང་གསེབ་ནི་མཛེས་སྡུག་གི་དབང་གིས་གསོན་ཞིང་མཛེས་སྡུག་དང་ལྷན་དུ་གནས་པས། རང་གི་རྒྱན་གྱིས་རང་ཉིད་བརྒྱན་ཞིང་རྒྱན་ཐོག་རྒྱན་བརྩེགས་ཀུན་ནས་མཛེས་པ་མངོན་འགྱུར་བྱུང་ཡོད།

——འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ནུས་ལྡན་གྱིས་སྐུལ་སློང་བྱས་པ། ང་ཚོས་བཅོས་སྒྱུར་གསར་གཏོད་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་རྩ་ཡིན་པ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་བགེགས་ལས་ཐར་བར་ཤུགས་བརྒྱབ་ཡོད། ཚན་རྩལ་གསར་གཏོད་མང་ཙམ་བྱས་ཏེ་ཆུ་མེད་ཁིལ་འགྱུར་མཱེའི“འགག་རྩའི”ལག་རྩལ་གྱི་དཀའ་གནད་རྒྱལ་ཡོངས་ལ་ཕྱོགས་ཏེ“དཔའ་ཁས་ལེན”བྱས་ཤིང་། “སྐྱོང་མཁས་ཚན་རིག་པའི་ལམ་ལུགས”ལ་བརྟེན་ནས་མཱེ་ཅི་ཉམས་གསོའི་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ཕྱི་རོལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བསྐྲུན་རྒྱུར་ཆོག་མཆན་ཐོབ་ཡོད། མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་དངོས་སུ་བཙུགས་པ་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བཙུགས་པའི་བོད་སྐད་རིག་ནུས་ཆ་འཕྲིན་ཐག་གཅོད་དང་བེད་སྤྱོད་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་ནས་ལས་གཉེར་བྱས་པ་རེད། རྒྱལ་སྤྱིའི་འོད་རིག་པའི་གནམ་དཔྱད་སྟེགས་བུ་རྩེ་གྲ་ཞིག་ཤེས་རྟོགས་བྱུང་བ་དང་བསྟུན་ནས་ལིན་ཧུའུ་མཚོ་ཡང་བསྐྱར“གྲགས”མགོ་བརྩམས་སོང་། རྒྱང་མཐོང་མཁའ་དབྱིངས་སྐོར་གཡེང་དང་རྒྱུ་སྐར་རླུང་ཁམས་ཆེན་པོའི་འོད་རིམ་སོགས་གནམ་དཔྱད་རྒྱང་ཤེལ9གསེར་ཐང་རི་བོའི་སྟེང་བཙུགས་ཏེ་མ་འོངས་པའི་འོད་རིག་པའི་གནམ་དཔྱད་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་འཇོག་ངེས་ཡིན། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་ཏེ་ཚོང་གཉེར་ཁོར་ཡུག་གཅིག་བསྡུས་སྒོས་འགག་བསྒྲལ་ཏེ་ཁེ་ལས་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་སྒྲུབ་ཆོག་པར་བྱས་པས། ཚོང་གཉེར་ཁོར་ཡུག་གི་སྟབས་བདེ་ཚད་མུ་མཐུད་ཇེ་མཐོར་སོང་ཡོད། ཉིན་རེར་ཆ་སྙོམས་ཀྱིས་གསར་དུ་བཙུགས་པའི་ཁྲོམ་རའི་བྱེད་པོའམ་ཚོང་བདག200ལས་བརྒལ་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བཙུགས་ཤིང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་ཟབ་མོ་བྱས་ལ། རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལོ་གཅིག་གི་སྔ་སྣུར་བྱས་ཏེ་ལེགས་འགྲུབ་བྱུང་། ཞིང་ཆེན་ལ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱི་ཀུང་སིའི་ལམ་ལུགས་བཅོས་སྒྱུར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ཚྭ་མཚོའི་མ་རྐང་ཀུང་སིས་ཁྲིམས་འཛིན་གྱི་དག་ཐེར་ལེགས་འགྲུབ་བྱུང་ཤིང་བདེ་བླག་ངང་ཁྲོམ་རར་བཀྲམ། སྣུམ་གྲུབ་མའི་ཁྲོམ་རར་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་སྲོལ་སྔོན་ལ་བཅོས་སྒྱུར་ཚོད་ལྟ་བྱས། གཙོ་གནད་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ལྟ་སྐུལ་དོ་དམ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། སློབ་གསོ་དང་སྨན་བཅོས། ཐོན་ལས། རིག་སྟོབས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པར་གྲུབ་འབྲས་གསར་བ་ཐོབ་པ་དང་། ཤར་ནུབ་རྒྱུད་བར་རོགས་ལས་ཀྱི་ཁྱབ་ཁོངས་ཇེ་ཆེ་དང་སྤུས་ཚད་ཇེ་མཐོ། སྔར་ལས་སྟོབས་ཤུགས་བསྩལ་ཡོད། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འགག་སྒོ་བཙུགས་ནས་འཁོར་སྐྱོད་བྱེད་མགོ་བརྩམས་ཡོད། ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་མེ་འཁོར་ཐོག་མ་དེ་བཏང་བས། ཀྲུང་གོ་དང་བལ་ཡུལ་བར་གྱི་སྐམ་སའི་ཚོང་ལམ་མཉམ་ལས་འཛུགས་སྐྱོང་ཐད་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། མཚོ་སྔོན་གྱི་ཚོང་གཏམ་ཚོགས་འདུ་དང་། “རྒྱུད་གཅིག་ལམ་གཅིག”ནུས་ཁུངས་གཙང་མའི་གླེང་སྟེགས། ཀྲུང་གོར་བཅའ་སྡོད་ཀྱི་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཚབ་འཐུས་མི་ཚོགས་པའི་བརྗོད་དོན་སྤེལ་རེས་སོགས་ཀྱི་བྱེད་སྒོ་རྒྱལ་ཁའི་ངང་སྤེལ། འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་འཆར་བའི་མཚོ་སྔོན་ལ་གསོན་ཤུགས་གསར་བ་དང་སྐྱེ་སྟོབས་གསར་བ་རྒྱས་བཞིན་ཡོད།

——མི་དམངས་ཀྱི་འཚོ་བའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ང་ཚོས་ནོར་སྲིད་ཀྱི་གཏོང་སྒོ་མང་ཆེ་བ་དམངས་འཚོའི་བྱ་གཞག་ཐད་བཀོལ་བར་རྒྱུན་འཁྱོངས་བྱས་ཏེ་རྨང་གཞི་རང་བཞིན་དང་ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་བསྟུད་མར་ཤུགས་བརྒྱབ་ཡོད། ལས་ཞུགས་དམིགས་ཚད་སྔོན་དཔག་ལས་བརྒལ་བ་དང་། མཁར་གྲོང་དུ་ལས་ཞུགས་མི་ཁྲི6.3གསར་འཕར་བྱུང་། རོང་འབྲོག་ཁུལ་གྱི་མི་ཐེངས་ཁྲི110.5གནས་སྤོར་ནས་ལས་ཀར་ཞུགས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད90%ཙམ་ལ་སླེབས་ཡོད། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ་དང་གྲོང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་མཁར་གྲོང་སྡོད་དམངས་ལས་མགྱོགས་པ་རེད། སློབ་གསོ་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་རིགས་སོ་སོའི་བསླབ་གནས་ཁྲི3.26མང་དུ་བཏང་ཡོད་ལ། སྔོན་འགྲོའི་སློབ་གསོ་ཉམས་ཞན་གྱི་རྫོང་དར་རྒྱས་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཤིང་། འོས་འགན་སློབ་གསོའི“སྙུང་གཉིས”སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ་འཛིན་གྲྭའི་མི་གྲངས་ཚད་བརྒལ་རྣམ་པ་ཕྱོགས་ཡོངས་ནས་མེད་པར་བཟོས། དངོས་གཞིའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་འཆར་གཞི་ཆེས་ཆེར་འཕར་ཞིང་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྩོལ་དབང་ཡོད་པའི་གནས5དང་རབ་འབྱམས་པའི་བསླབ་གནས་སྩོལ་དབང་ཡོད་པའི་གནས28གསར་སྣོན་བྱུང་ཡོད། བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ཤིང་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཐེངས་ཁྲི1150ལས་བརྒལ་བ་དང་། མི་ཚོགས་ཀྱིས་འགོག་སྨན་ཆ་ཚང་བརྒྱབ་ཚད86%ཡན་ཟིན་ཡོད་ལ། ཕྱི་ནས་ནང་ལ་རིམས་ནད་ཐར་ཐོར་དུ་མཆེད་པར་འཕྲལ་མར་ཐག་གཅོད་བྱས། “སྨན་ལྔའི”མཉམ་འགུལ་བཅོས་སྒྱུར་ཟབ་མོ་བྱས་ནས་རྫོང་ཁོངས་ཀྱི་སྨན་ཞབས་ཐུན་ཚོགས་དམ་ཚགས་ཅན་འཛུགས་སྐྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་མཉམ་རོགས་འགན་ལེན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དང་། སྨན་རྫས་དང་སྨན་སྤྱོད་ཡོ་ཆས་འབོར་ཆེན་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པའི་རིན་གོང་ཆ་སྙོམས་ཀྱི་ཆག་ཚད་བཅུ་ཆའི་དྲུག་ཡན་ཟིན་ཞིང་། སྨན་བཅོས་རོགས་སྐྱོབ་ལ་ཞིང་ཆེན་རིམ་པས་སྤྱི་འདོམས་བྱེད་པ་མངོན་འགྱུར་བྱུང་ཡོད་ལ། ཐུམ་འབུའི་ནད་མཆེད་ཚུལ་ནུས་ཡོད་སྒོས་བཀག་འགོག་བྱས་ཤིང་གྲོང་མིའི་བདེ་ཐང་སྐོར་གྱི་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་ཞིང་། 《གཙང་བོ་ཆེན་པོའི་འབྱུང་ཡུལ》སོགས་འཁྲབ་ཚན6ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་ཡོངས་ཀྱི་གར་སྟེགས་སྒྱུ་རྩལ་སྤུས་དག་འགྲེམ་སྟོན་དང་འཁྲབ་སྟོན་ནང་ཞུགས་པ་དང་། ལ་ཀྱཱ་རྗེས་ཤུལ་དང་ཆུ་ཁོལ་བང་སོའི་ཚོགས་དེ་རྒྱལ་ཡོངས་ཀྱི“ལོ་བརྒྱའི་གནའ་རྫས་རྟོག་ཞིབ་ཤེས་རྟོགས་ཆེན་མོ་བརྒྱའི”ནང་བདམས་ཡོད། གསར་འགྱུར་དཔེ་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན། སྤྱི་ཚོགས་ཚན་རིག་གི་བློ་འདྲི། ཚན་ཧྲི་དང་རིག་གནས་ལོ་རྒྱུས། ས་གནས་ལོ་རྒྱུས། རིག་མཛོད་འཛུགས་སྐྲུན་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་བ་ཐོབ་ཡོད་པ་རེད། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དང་ཀྲུང་གོའི་འཁྱགས་ལྟིར་རྩེར་སོན་འགྲན་བསྡུར་སོགས་སྤེལ་ཞིང་། མཚོ་སྔོན་གྱི་ལུས་རྩལ་པར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཐོག་གཡུར་ཟའི་འབྲས་བུ་ཐོབ་ཡོད། རྨ་སྟོད་ཀྱིི་ཡོམ་འགོག་གནོད་སེལ་བྱ་བ་མགྱོགས་མྱུར་ངང་སྤེལ་ཞིང་། “གུར་ནང་དུ་མཐོ་རྒྱུགས་ལེན”དུས་རྒྱུགས་ཞུགས་སློབ་མ་གཅིག་ཀྱང་ལུས་སུ་བཅུག་མེད་པ་དང་གནོད་རྗེས་སླར་གསོ་དང་བསྐྱར་སྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་ཡོད། མིག་སྔར་འཇུ་ལག་ཡོམ་འགོག་གནོད་སེལ་བྱ་བ་རྩ་འཛུགས་བྱེད་བཞིན་མཆིས། སྤྱི་ཚོགས་འགན་ལེན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཞིང་སྤྱི་ཚོགས་འགན་སྲུང་གི་གསོལ་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་ཞིང་། བུད་མེད་དང་བྱིས་པ། དབང་བོ་སྐྱོན་ཅན། རྒན་རྒོན། དགེ་ལས། རྒྱ་གྲམ་དམར་པོ་སོགས་ཀྱི་བྱ་གཞག་ཚང་མར་ཡར་རྒྱས་གསར་བ་བྱུང་ཡོད། དམག་བཀུར་གཟིགས་སྐྱོང་བཀོད་སྒྲིག་དང་རུ་འཁྱུར་དམག་མིར་ཞབས་ཕྱི། མི་དམངས་མཁའ་ཟོན་ལས་གྲྭའི་དོ་དམ་བཅས་ཚང་མར་གོང་འཕེལ་གསར་བ་བྱུང་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ཀྱི་ཟབ་སར་གཏན་དུ་ཟུག་པར་བཅུག་ཡོད་ལ། ས་ཁུལ་དང་སྡེ་ཚན13ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་ཁག་བརྒྱད་པར་བདམས་ཐོན་བྱུང་ཡོད། “ཉེན་ཁ་སྔོན་འགོག་དང་རྐྱེན་ངན་སེལ་བ། གྱོད་དོན་ཉུང་གཏོང་། བདེ་འཇགས་འགན་ལེན”བཅས་ཀྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས་ནག་སེལ་ངན་འཇོམས་ལ་རྒྱུན་ལྡན་བཞིན་སྐུལ་འདེད་བཏང་བ་དང་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་རིགས་ལ་རྡུང་རྡེག་ཚ་ནན་བཏང་ཐོག མང་ཚོགས་ཀྱི་རྒྱུ་ནོར་དང་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིབ་གཅོད་ནན་མོ་བྱས། ཟི་ལིང་དང་པད་མ། ཕིན་ཨན། ཡུལ་ཤུལ། ན་གོར་མོ་བཅས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་དཔེ་སྟོན་རྫོང་དུ་བདམས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ཆེན་པོར་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནུས་ལྡན་བྱས་ཤིང་། ཁྲོམ་ར་ཟང་ཟིང་གི་སྣང་ཚུལ་འགའ་ཤས་བཀག་འགོག་ནུས་ལྡན་ཐུབ་ཡོད། ལྷག་པར་དཔལ་འབྱོར་ལ་དུས་ཐུང་གི་དཀའ་ངལ་འཕྲད་སྐབས་ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་བྱ་རྒྱུ་དེ་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དུ་བཞག་པ་དང་། ལོ་འཁོར་མོའི་ནང་གཏན་འཁེལ་བྱས་པའི་རིགས་ཆེ་གྲས10ཡི་དམངས་འཚོའི་དོན་དངོས45ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་དེ་བས་ཇེ་ཆེར་སོང་ཡོད།

བྱ་བའི་ཁྲོད་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་བློ་སྦྱོང་དང་ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བློ་སྐྱེད་དེ“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”དང“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”ཞེས་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་ནས། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས“རྒྱལ་དོན་གྱི་ཆེ་ཕྱོགས”ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཞབས་ཕྱི་ཡག་པོ་བསྒྲུབས་ཡོད། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”ཅེས་པའི་ཐུན་མོང་གི་ཇུས་ཆོད་ལག་བསྟར་བྱ་ཐབས་དང་སྲིད་འཛིན་གྱི་ཇུས་ཐག་ཆེན་པོ་གཅོད་པའི་གོ་རིམ་གནས་སྐབས་ལག་བསྟར་བྱེད་པའི་གཏན་འབེབས་བཟོས་ནས་ལག་བསྟར་བྱས་ཤིང་། སྲིད་གཞུང་སྡེ་ཁག་གི་དབང་འགན་གསལ་ཐོ་ཚད་ལྡན་དང་འཐུས་ཚང་དུ་བཏང་། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། དེ་མིན་ཞིང་ཆེན་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་འགུལ་གྱིས་དང་ལེན་བྱས་ཤིང་། འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབ་པར་སྣེ་ཁྲིད་དང་སྐུལ་འདེད་བྱས་ཏེ་བསྒྲུབས་ཚད་དང་བློ་ཡིད་ཚིམ་ཚད་ཚང་མ100%ཡིན་ལ། གྲུབ་འབྲས་འབོར་ཆེན་ཞིག་ཕན་ནུས་ལྡན་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་ལ་བསྒྱུར་ཡོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ8གྲོས་ཞིབ་བྱ་རྒྱུར་ཕུལ་བ་དང་། ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ7སྒྲིག་བཟོ་དང་བཟོ་བཅོས་ཡང་ན་མེད་པར་བཟོས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཚན་རིག་མཐུན་ཚོགས་སོགས་ཚོགས་སྡེ་རྩ་འཛུགས་ཀྱིས་སྤྱི་ཡོངས་ལ་ཞབས་ཕྱི་དང་བྱས་རྗེས་འཇོག་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱས་ཤིང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཡོད། དཔལ་འབྱོར་ལ“བརྟག་དཔྱད”སྤེལ་བ་རྒྱུན་ལྡན་ཅན་དུ་བཏང་སྟེ་རྩིས་བཤེར་གྱི་ལྟ་སྐུལ་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གྲོན་ཆུང་གིས་འཚོ་བ་སྐྱེལ་བར་རྒྱུན་འཁྱོངས་བྱས་ཏེ་སྤྱིར་བཏང་རང་བཞིན་གྱི་འགྲོ་གྲོན15%ཉུང་འཕྲི་བྱས་ཡོད་ཅིང“གཞུང་གསུམ”གྱི་འགྲོ་གྲོན3%ཉུང་འཕྲི་བྱས་ཡོད།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་རིང་ལ། ང་ཚོས་རྒྱལ་ནང་གི་རིམས་ནད་གང་སར་མཆེད་པ་དང་ལྷག་པར་ནང་དུ་མཆེད་པའི་རིམས་ནད་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་རྡབ་རྡེག་ཚབས་ཆེན་ཐེབས་པར་གདོང་གཏད་ཅིང་། ཚོང་ཟོག་འབོར་ཆེན་གྱི་རིན་གོང་འཕར་བ་དང་། གློག་ཤུགས་དང་རྡོ་སོལ་མཁོ་འདོན་སྐབས་ཤིག་ལ་ཛ་དྲག་ཏུ་གྱུར་བ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་གསོད་བྱས་ཤིང་། ས་འགུལ་སོགས་རང་བྱུང་གནོད་འཚེ་ཡི་ཉམས་སད་ཐེག་ཐུབ་ཡོད་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་མཉམ་ཐོན་བྱུང་བའི་གནོན་ཤུགས་གདོང་གིས་བསུས་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱུང་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། གྲུབ་འབྲས་འདི་དག་ཐོབ་པའི་ཆེས་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་དྲིན་ཡིན་ལ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སེལ་འབད་འབུངས་བྱས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ནུས་ལྡན་སྒོས་ལྟ་སྐུལ་དང་རྒྱབ་སྐྱོར་ཆེན་པོ་བྱས་པའི་འབྲས་བུ་ཡིན། ལྷག་པར་རྨ་སྟོད་དང་འཇུ་ལག་གི་ཡོམ་འགོག་གནོད་སེལ་དང་ཟི་ལིང་དང་མཚོ་ཤར་གྱི་རིམས་ནད་འགོག་སྡོམ་ཁྲོད། མཚོ་སྔོན་གྱི་གོང་འོག་ཚང་མ་དང་ལྷག་པར་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འགྱུར་མེད་ཀྱི་སྤོབས་པ་དང་རང་རྟོན་གྱི་སེམས་པ། མཐུན་སྒྲིལ་དང་བྱམས་བརྩེ། ཁག་འཁུར་དང་སྐྱེས་འབུལ། མྱུར་ཚད་དང་སྤྲོ་སེམས། དེ་མིན་ཕྱོགས་གང་ཐད་ནས་བཀའ་འབྱོར་འཕྲལ་སྒྲུབ་བྱས་ཤིང་གྲོང་ཁྱེར་དང་ཁུལ་སོ་སོས་ཕན་ཚུན་ལ་རོགས་སྐྱོར་བྱས་པ་དང་། མི་བརྒྱ་སེམས་གཅིག་དང་མང་པོ་བློ་མཐུན་གྱི་རྣམ་པས་ཡོམ་འགོག་གི་གནོད་སེལ་སྙིང་སྟོབས་དང་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་གསོན་ཉམས་ལྡན་པར་མངོན་ཡོད་ཅིང་། དེར་སེམས་གཏིང་ནས་བསྟོད་བསྔགས་བྱ་འོས་ལ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་དངོས་གནས་བཟང་ཞིང་རྒྱ་ཆེའི་སྨན་དོན་མི་སྣ་དང་རོགས་སྐྱོབ་མི་སྣ། མི་དམངས་ཀྱི་བུ་སྤུན་དམག་དངོས་གནས་སྟོབས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དངོས་གནས་ངར་བ་རེད། འདིར་ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོའི་ཏང་ཁག་སོ་སོ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་རོགས་སྐྱོབ་དཔུང་ཁག་བཅས་ཀྱི་བཀོད་འཐབ་པ་དང་། གཞན་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་དང་སྤུན་ཟླའི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་དང་རྒྱལ་སྤྱིའི་གྲོགས་པོ་དག་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས་པ་ཡིན།

ང་ཚོས་གསལ་བོར་ཤེས་ཡོད་པ་ནི་དུས་རབས་ཀྱི་རིམས་ནད་ཀྱིས་རྡབ་རྡེག་ཐེབས་པའི་གནས་བབ་འོག་ཏུ། ལོ་བརྒྱའི་འགྱུར་ལྡོག་རིམ་བཞིན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། ཕྱི་རོལ་གྱི་ཁོར་ཡུག་སྔར་བས་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་ངེས་གཏན་མེད་པའི་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡུན་རིང་གསོག་པའི་གནད་དོན་རྙིང་པ་ཁག་ཅིག་འཕྲད་ཡོད་པར་མ་ཟད། ཞིབ་འཇུག་བྱ་གཞི་གསར་བ་དང་འགྲན་སློང་གསར་བ་མི་ཉུང་བ་ཞིག་ཀྱང་མདུན་དུ་ལྷགས་ཡོད་པ་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་མཐའ་མི་འཁྱོལ་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་ཕུགས་རིང་བ། ཐོན་ལས་འབྱུང་འཕྲོད་ཐཱན་ཉུང་ཅན་དུ་སྒྱུར་བའི་ལས་འགན་དཀའ་ཚེགས་ཆེ་བ། གསར་གཏོད་བྱེད་ནུས་སྤྱིའི་ཆ་ནས་དེ་ཙམ་ཆེན་པོ་མེད་ཅིང་ཤེས་ལྡན་མི་སྣ་དཀོན་པ་ནི་སྔར་བཞིན་ཚོད་འཛིན་ཆེ་ཤོས་དེ་ཡིན་པ། ཚོང་གཉེར་ཁོར་ཡུག་གོམ་གང་མདུན་སྤོས་ཀྱིས་ཇེ་ལེགས་སུ་གཏང་དགོས་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གཉེར་སྐྱོང་ཐད་སྔར་བཞིན་དཀའ་ངལ་མི་ཉུང་བ་ཡོད་པ། སྤྱི་པའི་ཞབས་ཕྱིའི་མ་ལག་ཐད་སྔར་བཞིན་མི་འདང་ས་དང་ཞན་ཆ་ཡོད་ཅིང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་ད་དུང་བྱ་བ་འབོར་ཆེན་བསྒྲུབ་རྒྱུ་ཡོད་པ། ལས་བྱེད་པ་ཉུང་ཤས་ཤིག་གི་བྱ་བ་སྤྱོད་པ་བརྟན་པོ་མིན་པ། ཁྱབ་ཁོངས་འགའ་ཤས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་སྐབས་འགར་འབྱུང་བཞིན་ཡོད། དེ་བས་ང་ཚོས་ངེས་པར་དུ་གནད་དོན་དང་དཀའ་ངལ་ལ་ངོས་ལེན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་སྔར་ལས་སྟོབས་ལྡན་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་གནད་དོན་ཐག་གཅོད་དང་དཀའ་ངལ་ཁྱད་གསོད་བྱས་ཏེ་སྲིད་གཞུང་གི་བྱ་བ་སྒྲུབ་པ་དེ་སྔར་ལས་བཟང་ཞིང་དོན་དངོས་ཡིན་པ་དང་མང་ཚོགས་ཀྱི་སེམས་ཁམས་དང་སྔར་ལས་ཉེ་བར་བཅར་དགོས།

གཉིས། 2022ལོའི་དམིགས་འབེན་གཙོ་བོ་དང་བྱ་བ་གལ་ཆེན།

ད་ལོ་ནི“ལྔ་ཚན་བཅུ་བཞི་བའི”འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་བྱ་བ་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་ལེན་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དང་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཐུས་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཡོངས་སུ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་མཉམ་འདྲེས་དང་ཞབས་ཕྱི་ལེགས་པོ་སྒྲུབ་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཙོ་རྐང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ། བདེ་འཇགས་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པ་དང་། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབས་ཏེ་དམངས་འཚོ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས་ཤིང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྟོབས་ཤུགས་ཡོད་རྒུས་སྐུལ་སྤེལ་དང་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་མཚམས་སུ་སྲུང་འཛིན་བྱ་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ལེན་པར་ངེས་པ་དོན་གྱིས་སྐུལ་སྤེལ་བྱ་དགོས། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་སྲུང་འཛིན་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས།

ད་ལོའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང5.5%ཡས་མས་སུ་འཕར་བ་དང་། མཁར་གྲོང་དུ་མི་ཁྲི6གསར་དུ་ལས་ཀར་ཞུགས་དགོས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི105གནས་གཞན་དུ་སྤོར་ནས་ལས་ཀར་ཞུགས་རྒྱུ་དང་མཁར་གྲོང་དུ་ལས་ཤོར་ཐོ་འགོད་བྱེད་ཚད་དང་མཁར་གྲོང་དུ་བརྟག་དཔྱད་བྱས་པའི་ལས་ཤོར་ཚད་ལོ་ཧྲིལ་བོར་སོ་སོ3.5%དང5.5%ཡི་ནང་དུ་ཚོད་འཛིན་བྱ་དགོས། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་ཡིན་དགོས། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཉིས་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་དགོས། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི107ཡན་དུ་སྲུང་འཛིན་བྱ་དགོས། རྨ་འབྲི་རྫ་གསུམ་ཞིང་ཆེན་ཕྱི་ལ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅡདང་དེའི་ཡན་སྲུང་འཛིན་ཐུབ་དགོས་པ་དང་། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅢབརྟན་སྲུང་བྱ་དགོས་ལ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད95%ཡན་ལ་བསླེབ་དགོས། ནུས་ཁུངས་ཟད་གྲོན་གྱི་ཚད་དེ“ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་དུས་ནང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་འགྲུབ་བྱ་དགོས་པ་དང་། སྦགས་བཙོག་དངོས་པོ་གཙོ་བོ་ཉུང་གཏོང་གི་ཚད་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་ནང་ཚོད་འཛིན་བྱ་དགོས།

གོང་གི་དམིགས་འབེན་དེ་དག་མངོན་འགྱུར་འབྱུང་དགོས་ན། ངེས་པར་དུ་བརྟན་བརླིང་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་བརྩོན་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་རྒྱུར་དམ་པོར་དམིགས་ནས་རྒྱུད་ཁོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་འདོམས་ཀྱིས་མཐུན་སྦྱོར་བྱེད་པར་ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་བྱ་བ་ཡག་པོ་བསྒྲུབ་དགོས།

(གཅིག) ནུས་ཤུགས་ཡོད་རྒུས“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བགྲོད་དགོས། “གནས་བཞི”འཛུགས་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཐོན་ཁུངས་ཀྱི་ལྷན་ནུས་དང་འཕེལ་རྒྱས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གནད་འཁེལ་གྱིས་དམིགས་ནས་སྐུ་དངོས་སུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཇུས་འགོད་གནང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན། ང་ཚོས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས་དགེ་སྤེལ་སྐྱོན་སྤང་དང་རིམ་པ་བཞིན་ཏན་ཏིག་གིས་སྐུལ་འདེད་བཅས་བྱས་ཏེ་ས་ཁོངས་གཅིག་ལ་བཀྲག་མདངས་སྣོན་པར་མ་ཟད་ཁྱོན་ཡོངས་ལ་བྱས་རྗེས་འཇོག་དགོས།

འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱ་དགོས། འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་ཐོན་ལས་སྦྲེལ་ཐག་ཤུགས་ཆེར་གཏོང་བ་དང་མུ་སྲིང་བ། ཁ་གསབ་པ་བཅས་ནས་མགོ་བརྩམས་ཏེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་བཀོལ་ཚད་ཇེ་མཐོར་གཏང་དགོས། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ཏེ་ལག་རྩལ་མཐོ་བའི་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ནས་ཚྭ་མཚོའི་ཐོན་ལས་སྡེ་ཚོགས་ཀྱི་སྟོབས་ཤུགས་རྒྱས་པར་སྐུལ་འདེད་གཏང་དགོས། ཅཱ་ལུད་ཐོན་ནུས་བརྟན་འཇགས་སུ་གཏོང་བ་དང་ཅཱ་ཚྭའི་ཐོན་རྫས་རིན་ཐང་ཅན་གསར་འབྱེད་བྱས་ཏེ་ཅཱའི་ཐོན་ཁུངས་ཀྱི་རྒྱུན་མཐུད་ཐུབ་པར་འགན་སྲུང་བྱེད་པ་སོགས་ལག་རྩལ་གསར་བ་བདེ་སྤྱོད་པར་སྐུལ་འདེད་གཏང་དགོས། ལིས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་ཐཱན་སྐྱུར་ལིས་ཀྱི་ཐོན་ནུས་འདོན་སྤེལ་བྱས་ནས་ལིས་ལྡན་གློག་རྫས་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། མཱེ་ཐོན་ལས་ཀྱི་ལག་རྩལ་ཉག་ཕྲ་བའི་རིམ་པ་ལས་ཐོད་བརྒལ་བྱེད་པར་དམིགས་ཏེ་ལྷད་མེད་མཱེ་བྱེ་དང་མཱེ་ཅི་ས་རྒྱུ་ཉམས་གསོའི་རྒྱུ་ཆ་སོགས་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་ལས་གཞི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་ཚྭ་མཚོའི་ཐོན་ལས་དེ་རྒྱུ་ཆ་གསར་བའི་ཁྱབ་ཁོངས་ནང་རྒྱ་བསྐྱེད་རྒྱུར་སྐུལ་འདེད་གཏང་དགོས། ནཱ་ཐོན་ཁུངས་དང་གཞི་རྒྱུ་དཀོན་པོ་གསར་འབྱེད་ལ་མཐོང་ཆེན་བྱེད་པ་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་བེད་སྤྱོད་པ་དེ་ཞིབ་ཕྲ་ཅན་དང་སྤུས་ལེགས་ཅན། གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས།

རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་བཙན་ས་མགྱོགས་མྱུར་ངང་བསྐྲུན་དགོས། རྒྱལ་ཡོངས་ཀྱི་ནུས་ཁུངས་སྒྲིག་གཞི་གཞན་སྒྱུར་དང་ཐཱན་ཉུང་གཏོང་ལ་རམ་འདེགས་བྱ་རྒྱུར་དམིགས་ནས་ནུས་ཁུངས་གཙང་མ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་དུ་སྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་སྤུས་ཚད་མཐོན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་རྟེན་གཞི་གཉིས་ཀྱི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏང་དགོས་ཤིང་། རྫོང་ཧྲིལ་པོའི་ཁང་སྟེང་དུ་འགྲེམ་པའི་ཚུལ་གྱི་འོད་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྲུན་པ་དང་། གཡང་འཁྱིལ་དང་ཚལ་རྔ་འགག མར་སྟིང་སོགས་ཆུ་གློག་གཙོ་བོར་ཡིན་པའི་ནུས་ཁུངས་གསར་བའི་སྙོམ་སྒྲིག་ཚོད་འཛིན་རྟེན་གཞི་མགྱོགས་པོར་བསྐྲུན་ཐོག སྣ་མང་མཉམ་ལས་དང་ནུས་ཆེའི་གསོག་འཇོག་མ་ལག་བཏོད་དེ་རྒྱལ་ཁབ་ཀྱི་ནུས་གསོག་དཔེ་སྟོན་ཁུལ་ཧུར་ཐག་སྒོས་གཏོད་དགོས། ཐཱན་མེད་གློག་ཤུགས་མ་ལག་བརྟན་པོའི་ངང་བསྐྲུན་ཏེ་མུ་མཐུད་དུ་དྲ་ཡོངས་ལྗང་གློག་འགུལ་སྐྱོད་སྤེལ་བ་དང་། མཚོ་སྔོན་གྱི་གློག་ཧི་ནན་དུ་སྐྱེལ་བའི་ཆ་ཚང་སྡེབ་སྒྲིག་གི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱིར་སྐྱེལ་བགྲོད་ལམ་གཉིས་པའི་དུས་མགོའི་བྱ་བ་ཡག་པོ་བསྒྲུབ་དགོས། ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་ནུས་ཁུངས་གཙང་མའི་ཐོན་ལས་སྡེ་ཚོགས་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་། ནུས་ཁུངས་གསར་བས་གློག་འདོན་པའི་སྒྲིག་ཆས་ཆ་ཚང་དང་ལེ་ལག་ཚང་བའི་སྒྲིག་ཆས་བཟོ་སྐྲུན་གཙོ་བོར་བྱེད་པའི་ཐོན་ལས་སྦྲེལ་ཐག་མུ་མཐུད་དུ་སྟོབས་ཇེ་ཆེར་གཏང་དགོས་པ་དང་། འོད་ཤུགས་དང་ནུས་གསོག་བཟོ་སྐྲུན་རིམ་པ་དུང་ཕྱུར་ཆིག་སྟོང་ཅན་གཉིས་ཀྱི་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་བྱས་ནས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི“རླུང་རྒྱས་ཆུ་དར”དང“རླུང་འོད་ཚད་མེད”ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔར་བས་འདོན་སྤེལ་བྱ་དགོས།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གང་མགྱོགས་ངང་གཏོད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་གྱིས་ཕན་ཚུན་སྐུལ་སློང་དང་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཚད་ལྡན་མ་ལག་འཛུགས་པའམ་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་ཉམས་ལེན་དང་སྐྱེ་ཁམས་ཚན་རིག་ཁྱབ་གདལ། རང་བྱུང་སློབ་གསོ། སྐྱེ་ཁམས་ལུས་རྩལ་སོགས་ཀྱི་ལམ་ཐིག་རྩེ་གྲ་ཁག་ཅིག་གཏོད་པ་དང་དགུན་དུས་ཀྱི་ཡུལ་སྐོར་དང་གངས་འཁྱག་གི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་རྒྱུར་སྐུལ་མ་གཏང་དགོས། ཡུལ་སྐོར་སྤྱོད་ཁང་སོགས་རྨང་གཞིའི་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས“ཟ་འདུག་སྐྱོད་གསུམ་དང་ཡུལ་སྐོར། ཉོ་རྩེད”སོགས་ཀྱི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོ་རིམ་སྤར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་ཁྲོམ་རར་ཕྱོགས་བསྡུས་སྒོས་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ་ཡུལ་སྐོར་ཞབས་ཕྱིའི་སྤུས་ཚད་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་དགོས། ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་སྟེ་བོད་ལུགས་ས་གདན། ཐང་ག མཚོ་དྲུབ། སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་རིག་གནས་ཐོན་ལས་ལེགས་སྒྲུབ་དང་སྟོབས་ཆེར་གཏོང་བ་དང་། གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱག་དགོས་ཤིང་། གདོད་མའི་སྐྱེ་ཁམས་མ་ལག་དང་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས། རྫོང་སྟུག་པའི་ལོ་རྒྱུས་རིག་གནས་ལ་མངའ་བའི་རིན་ཐང་སྔོག་འདོན་ཟབ་མོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་སའི་རབ་མཛེས་རྣམ་པ་སྔར་ལས་མངོན་པར་བྱ་དགོས།

འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་འདྲེན་ཡུལ་གང་མགྱོགས་ངང་གཏོད་དགོས། མཐོ་སྒང་གི་འཁྱག་བསིལ་གནམ་གཤིས་ཀྱི་ཆ་རྐྱེན་དང་དག་གཙང་གི་སྐྱེ་ཁམས་ཁོར་ཡུག སྤུས་ལྡན་གྱི་ཞིང་ཕྱུགས་ཐོན་ཁུངས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུར་དམིགས་ཏེ། སྤུས་ཚད་མཐོར་འདེགས་དང་གྲངས་འབོར་བརྟན་བཟོ། སྦྲེལ་ཐག་མཐུད་གསབ། འདྲེན་རྒྱ་ཆེར་སྐྱེད་བཅས་ཐབས་ལམ་དུ་བྱས་ཏེ་སྣ་ཁ་ཇེ་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། ཟོང་རྟགས་གཏོད་པ། ཚད་ལྡན་ཅན་དུ་ཐོན་སྐྱེད་བྱེད་པ་བཅས་ལ་དམིགས་ནས་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ་དང་། ས་གནས་རང་གི་ཁྱད་ལྡན་གྱི་སོན་རྒྱུའི་ཐོན་ཁུངས་ལེགས་པོ་སྲུང་སྐྱོབ་དང་འཕེལ་རྒྱས་ཡག་པོ་གཏང་དགོས་ཤིང་ནོར་གནག་དང་བོད་ལུག ནས། པད་ཁ། ཆུ་གྲང་ཉ། ལི་གྲོ། འཕང་འབྲས། ལྷད་མེད་ཀྱི་ཀྲུང་བོད་ལུགས་ཀྱི་སྨན་རྩྭ། གཟན་རྩྭ་སྤུས་ལེགས་སོགས་ཁྱད་ལྡན་ཐོན་ལས་ལེགས་པར་གཉེར་ཏེ། ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་བ་དང་ཕྱོགས་བསྡུས་ཀྱི་རིན་ཐང་གསར་སྤེལ་ལ་སྐུལ་འདེད་བཏང་ཐོག སོས་ཉར་འཁྱག་སྦྲེལ་སྒྲིག་ཆས་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་པའི་ཁུལ་ཧུར་ཐག་གིས་བསྐྲུན་པ་དང་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་གཏོད་དགོས། ཁྲོམ་ར་གསར་འབྱེད་ལ་ཤུགས་སྣོན་རྒྱག་པ་དང་བརྟན་པོའི་ངང་ཕྱིར་གཏོང་བྱེད་པའི་ཐབས་ལམ་བཙུགས་ཏེ“མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་དེ་བས་མང་པོ་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས།

གསར་དར་ཐོན་ལས་ཧུར་ཐག་གིས་དར་སྤེལ་གཏང་དགོས། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་ལག་བསྟར་ཟབ་མོ་བྱས་ཏེ། ལག་རྩལ་སྒྱུར་བཀོད་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་ཆ་འཕྲིན་དཔྱད་གཞི་དང་ནུས་གསོག་རྒྱུ་ཆ་སོགས་ཁྱད་ལྡན་རྒྱུ་ཆ་གསར་བའི་ཐོན་ལས་རྩེར་སོན་དུ་མུ་སྲིང་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྨན་དཔྱད་དང་མཐོ་སྒང་གི་ཁམས་གསོའི་ཐོན་ལས་ཡག་པོ་བསྒྲུབ་དགོས། 5Gདྲ་རྒྱ་དང་ཀྲའོ་སྟོང་ཅན་གྱི་འོད་དྲ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག སྤྲིན་རྩིས་དང་གཞི་གྲངས་ཆེན་མོ། ཚན་ཚན་ཕྲེང་སྦྲེལ། རྩོལ་བྱུང་རིག་ནུས་སོགས་ཀྱི་རབས་གསར་བའི་ཆ་འཕྲིན་ལག་རྩལ་ཐོན་ལས་རིམ་བཞིན་འཕེལ་རྒྱས་གཏོང་བ་དང་གཞི་གྲངས་ལྟེ་གནས་དང་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ལེགས་པར་བསྐྲུན་ནས། གྲངས་འཛིན་ལག་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཆེར་གཏོང་དང་མཉམ་འཕེལ། ལྡབ་འཕར་ཡོང་བར་བྱེད་ནུས་འདོན་སྤེལ་བྱ་དགོས།

ནང་མཁོའི་སྦས་ཤུགས་རྒྱུན་མཐུད་དེ་འདོན་སྤེལ་བྱ་དགོས། ནུས་ལྡན་གྱི་མ་དངུལ་བཞག་ནས་ནུས་ལྡན་གྱི་དགོས་མཁོ་སྐོང་རྒྱུ་སྔར་ལས་གཙིགས་ཆེན་དུ་བཟུང་སྟེ་ལས་གཞི་ཆེ་གྲས་དང་ལས་གཞི་ཡག་པོ་དེ་བས་མང་པོ་དོན་གཉེར་ཏན་ཏིག་བྱེད་པ་དང་། གནས་ཚུལ་ལ་གཞིགས་ནས་རྣམ་གྲངས་གྲབས་གསོག་ཡག་པོ་བྱེད་ཅིང་། རྨང་གཞིའི་སྒྲིག་བཀོད་ཐད་ལ་སྔ་རོལ་དུ་མ་དངུལ་འོས་འཚམ་བཞག་སྟེ་མ་དངུལ་འཇོག་ཚད་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་གདིང་དགོས། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་སྤུས་ཀ་ལེགས་སྒྱུར། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཡུལ་ཤུལ་གནམ་གྲུ་ཐང་སྒྱུར་སྐྲུན་རྒྱས་སྐྲུན། རེབ་གོང་ནས་གསེར་ལུང་གི་མྱུར་བགྲོད་གཞུང་ལམ། ཞའོ་ཞ་འགག་གི་བར་སྟོང་ཕྱོགས་བསྡུས་སྒོས་སྒྱུར་བཀོད་དང་བེད་སྤྱོད། ནཱ་ལེང་ཀུ་ལུ་ཆུ་བོའི་ཆུ་བེད་ལྟེ་གནས་སོགས་ལས་གཞིའི་སྔོན་དཔག་འཕེལ་རིམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པའི་དུས་མགོའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། ཚོང་འདྲེན་དངུལ་འགུགས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་ཀྱི་བྱ་གཞག་ལ་སོགས་པའི་ཁྱབ་ཁོངས་སུ་སྤྱི་ཚོགས་ཀྱི་མ་དངུལ་བཞག་ནས་འཛུགས་སྐྲུན་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། མ་དངུལ་གཏོང་ཚད་བརྟན་འཇགས་ངང་འཕར་བ་སྲུང་འཛིན་བྱ་དགོས། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་མཁར་གྲོང་གི་གཞིས་ཁུལ་རྙིང་པ་དང་རྙིང་གྱུར་སྦུག་ལམ། འཁྱིལ་ཆུ་ཕྱིར་འབུད་དང་འབྲུབ་འགོག་སྒྲིག་བཀོད་བཅས་གསར་སྒྱུར་དང་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས་ཤིང་། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་དེ་ལས་ལེགས་པའི་སྐུལ་སྤེལ་བྱ་དགོས། འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་ཡོང་བར་སྐུལ་འདེད་བྱེད་པར་དམིགས་ནས་ཆ་འཕྲིན་དང་བདེ་ཐང་། རྒན་གསོ་སོགས་ཀྱི་ཞབས་ཕྱིའི་འཛད་སྤྱོད་རྒྱ་སྐྱེད་པ་དང་སྤུས་ཚད་མཐོ་རུ་བཏང་ཐོག ཁྱིམ་ལས་ཞབས་ཕྱི་ཚད་ལྡན་ཅན་གྱི་ཚོད་ལྟའི་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། འབྱུང་འཕྲོད་རིག་ནུས་ཀྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བསྐྱལ་ནས་རྙིང་ཚབ་གསར་བརྗེ་བྱ་དགོས་པ་དང་། ནུས་ཁུངས་གསར་བའི་རླངས་འཁོར་གྱི་གློག་གསོག་ཕུར་བ་དང་གློག་བརྗེ་ས་ཚིགས་བཀོད་སྒྲིག་ལུགས་མཐུན་བྱ་དགོས་ཤིང་། རྫོང་དང་ཞང་། སྡེ་བ་བཅས་ཀྱི་གློག་རྡུལ་ཚོང་དོན་མ་ལག་དང་མྱུར་སྐྱེལ་དངོས་ཟོག་སྡེབ་སྐྱེལ་མ་ལག་མགྱོགས་མྱུར་སྒོས་ཁྱབ་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་སྤུས་ཚད་ཅན་དང་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་ཟམ་མི་ཆད་པར་བསྐང་དགོས།

(གཉིས) ནུས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པར་དམིགས་ནས་བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་གཏེར”གྱི་ལྟ་སྲུང་བ་བྱ་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་ཅིང་། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཅངས་ནས་གཙང་གསུམ་འབྱུང་ཡུལ་དང་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱ་དགོས།

རྒྱལ་ཁབ་སྤྱི་གླིང་ཆུ་ཚད་མཐོན་པོའི་སྒོ་ནས་བསྐྲུན་དགོས། རང་བྱུང་སྐྱེ་ཁམས་མ་ལག་གི་སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་དམིགས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་མགྱོགས་མྱུར་ངང་བཟོ་བ་དང་། སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་བྱས་ནས་ལད་ཟློས་དང་ཁྱབ་སྤེལ་རུང་བའི་ཉམས་མྱོང་སྔར་བས་མང་པོ་འཚོལ་ཞིབ་བྱ་དགོས། “ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཟབ་སྤེལ་བྱས་ནས“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་གཏང་དགོས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བྱ་བར་མཉམ་དུ་སྐུལ་འདེད་གཏོང་ཞིང་། མཚོ་སྔོན་པོ་དང་ཁུ་ནུ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་སྔོན་འགྲོའི་བྱ་བར་སྐུལ་འདེད་བཏང་སྟེ། རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་གཅིག་གྱུར་འཆར་འགོད་ཀྱིས་བརྟག་དཔྱད་དཔྱད་དཔོག་དང་སྡེབ་སྒྲིག་ལེགས་སྒྱུར་བྱེད་ཅིང་། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལེགས་པར་བསྒྲུབས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་བསྐྲུན་པའི་ཐད་ནས་མདུན་གྲལ་དུ་སྐྱོད་པར་འབད་འབུངས་བྱས་ཏེ་རྒྱལ་ཁབ་སྤྱི་ལ་དབང་བ་དང་སྲུང་སྐྱོབ་ཨང་དང་པོར་འཛིན་པ། དམངས་ཡོངས་ཀྱིས་མཉམ་དུ་སྤྱོད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་རྒྱལ་ཁབ་སྤྱི་གླིང་དཔེ་མཚོན་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་མ་ཆད་པར་མདུན་དུ་བསྐྱོད་དགོས་པ་དང་། རི་སྔོ་ཆུ་དྭངས་དེ་ནམ་ཡང་མཚོ་སྔོན་གྱི་ཁྱད་ཆོས་དང་གཟི་བརྗིད་དུ་འགྱུར་བར་བྱ་དགོས།

རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏང་དགོས། སྲུང་སྐྱོབ་ཆེན་པོ་དེ་གནད་འགག་ལས་འགན་དུ་བརྩིས་ཐོག “མ་ཡུམ་གཙང་བོར་སྲུང་སྐྱོབ་དང་བཅོས་སྐྱོང་ཆེན་པོར་སྐུལ་འདེད་བྱེད་པའི”ཆེད་དམིགས་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ནས་སོར་ཆུད་སྐྱེ་འཕེལ་གྱི་ལམ་ལུགས་སྒྲིག་ཡོད་སྒོས་ལག་ཏུ་བསྟར་དགོས། “ཆུ་ལ་བརྟེན་པའི་གཏན་འཁེལ་བཞིའི”རྩ་དོན་ཕྱོགས་ཡོངས་ནས་ལག་དུ་བསྟར་ཏེ་ཆུའི་ཐོན་ཁུངས་ལ་ཞིབ་རྩིས་བརྒྱབ་ནས་བེད་སྤྱོད་གང་ལེགས་བྱེད་པ་དང་གཟབ་ནན་དང་ཞིབ་ཚགས་སྒོས་དོ་དམ་ལེགས་པོ་བྱ་དགོས། འབྱུང་རྩ་ནས་བྱེ་བཅོས་དང་ཆུ་ཕྲན་འབབ་རྒྱུད་དུ་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་། གཞུང་རྒྱུན་གྱི་ཆུ་ལོག་འགོག་པ་སོགས་ཀྱི་ལས་གྲྭ་ལག་དུ་བསྟར་ནས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་དང་། ཆུ་གྲོན་ཆུང་དང་ཚོད་འཛིན་ཟབ་མོ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བཅས་ཀྱི“འགག་སྒྲོལ་དམག་འཐབ་ཆེན་མོ་གསུམ”ལེགས་པར་རྒྱག་པ་དང་། གནོད་འཚེ་བརྟག་འཇལ་བྱས་ཏེ་སྔོན་བརྡ་གཏོང་བ་དང་གནོད་འགོག་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ལེགས་པར་གསབ་དགོས། ང་ཚོས་ངེས་པར་དུ་འབྱུང་རྩའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་གཞུང་རྒྱུན་གྱི་འགན་འཁྲི་མངོན་པར་བྱས་ནས་རྨ་ཆུ་ཞོད་འཇགས་ཡོང་བར་ཁག་ཐེག་བྱེད་པའི་ཐད་ལ་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས།

སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་རྒྱུན་མཐུད་དེ་སྐུལ་འདེད་གཏང་དགོས། རི་ཆུ་ནགས་ཞིང་དང་མཚོ་སྤང་བྱེ་འཁྱགས་སོགས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་ཐོག སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་ལས་གྲྭ་ཆེན་མོ་ལག་བསྟར་ཡག་པོ་བྱེད་ཅིང་། གཏན་འཇགས་ངང་འོད་ཝོལ་གློག་འདོན་ས་ཚིགས་ལ་བརྟེན་ནས་བྱེ་བཅོས་དང་ས་ནག་ཐང་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱ་དགོས་ལ། བརླན་ས་གལ་ཆེན་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་དང་བརྟན་སྲུང་མཐོར་འདེགས་བྱེད་པར་རྒྱུན་མཐུད་དེ་དམ་དུ་འཛིན་དགོས། མུ་རི་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་སྒྱུར་དང་སྲུང་སྐྱོབ་བདག་སྐྱོང་། སྔོ་ཁེབས་ཉམས་གསོའི་གནས་ཚུལ་ལ་བརྟག་འཇལ་དཔྱད་དཔོག་བྱེད་པའི་བྱ་བ་ཏན་ཏིག་སྒོས་སྒྲུབ་ཅིང་། མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་ཟབ་མོ་གཏང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གནས་ཚུལ་དངོས་ལ་བརྟག་དཔྱད་བྱས་ཏེ། འབྲི་ཆུ་དང་རྨ་ཆུའི་ཉ་འཛིན་མི་ཆོག་པ་དང་། མཚོ་སྔོན་པོའི་མཚོ་རྒྱ་བསྡམས་ཏེ་ཉ་གསོ་བའི་བཀག་རྒྱ་གཟབ་ནན་སྒོས་དོན་འཁྱོལ་བྱེད་ཅིང་། རི་སྐྱེས་སྲོག་ཆགས་རྩ་ཆེན་འཚོ་གནས་བྱེད་ས་སྲུང་སྐྱོབ་བྱེད་པའི་ལས་གྲྭ་ཞིབ་ཚགས་སྒོས་ལག་ཏུ་བསྟར་ནས་སྐྱེ་དངོས་ཀྱི་བདེ་འཇགས་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་བཅོས་སྐྱོང་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། “སྙིགས་མེད་གྲོང་ཁྱེར”དང་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་ཞིང་། བེད་མེད་ཟོག་རོ་འཁོར་སྤྱོད་མ་ལག་བསྐྲུན་ནས་ཚད་གཞི་སྔར་བས་མཐོན་པོའི་སྒོ་ནས་གནམ་སྔོ་དང་ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་སྟེ། འབྱུང་འཕྲོད་འཕེལ་རྒྱས་ཀྱི“བརྗིད་ཉམས”སྔར་བས་ལྡན་པ་དང་རབ་མཛེས་མཚོ་སྔོན་གྱི“མཛེས་ཉམས”སྔར་བས་དོད་པར་བྱ་དགོས།

ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་བྱ་བ་གཅིག་འདོམས་སྒྲིག་ཡོད་སྒོས་ལེགས་པོར་བསྒྲུབ་དགོས། ཐཱན་རྩེར་སོན་གྱི་ཐད་ནས་སྔོན་དུ་ལག་ལེན་དང་ཚོད་ལྟ་བྱེད་པར་དམིགས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་ཅིང་། ནུས་ཁུངས་ཟད་ཚད་དང་ཐཱན་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་གཅིག་གྱུར་འཆར་འགོད་ཀྱིས་སྦྲེལ་མཐུད་བྱེད་པ་དང་། དག་གཙང་དང་ནུས་ལྡན་སྒོས་རྡོ་སོལ་སྤྱོད་པར་སྐུལ་འདེད་གཏང་དགོས་ལ། “མཐོ་གཉིས”ལས་གཞི་རྨོངས་ཚོད་ཀྱིས་སྐྲུན་པར་ཚོད་འཛིན་ནན་མོ་བྱས་ནས་ཚན་རིག་དང་མཐུན་ཞིང་སྒྲིག་ཡོད་སྒོས་བཟོ་ལས་དང་བཟོ་སྐྲུན། འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་དག་གི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་འཕྲི་གཏོང་བར་སྐུལ་འདེད་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་དང་མཚོ་ནུབ་ཁུལ་དུ་དག་གཙང་ནུས་ཁུངས་སྤྱད་དེ་དྲོད་རླངས་སྐྱེལ་བའི་ལས་གྲྭ་ལག་བསྟར་ལེགས་པོ་བྱ་དགོས། སྐྱེ་ཁམས་མ་ལག་གི་ཐཱན་བསྡུའི་ནུས་པ་མཐོར་འདེགས་དང་བརྟན་སྲུང་བྱེད་ཅིང་། ཐཱན་འཕྲི་བསྡུ་སྣོན་གྱི་རྨང་གཞི་དང་ནགས་རྩྭ་ཐཱན་བསྡུའི་གཞི་ཐིག་ལ་བརྟག་དཔྱད་བྱས་ནས་རྒྱལ་ཡོངས་ཀྱི་ཐཱན་ཕྱིར་གཏོང་དམིགས་ཚད་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་དགོས། འབྱུང་འཕྲོད་ལས་ཁུངས་དང་འབྱུང་འཕྲོད་ཁྱིམ་ཚང་། འབྱུང་འཕྲོད་སློབ་གྲྭ། འབྱུང་འཕྲོད་སྡེ་ཁུལ། འབྱུང་འཕྲོད་འགྲུལ་བཞུད་སོགས་གསར་སྐྲུན་འགུལ་སྐྱོད་རྒྱ་ཆེར་སྤེལ་ཞིང་། སྟབས་བདེ་འོས་འཚམ་དང་འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་ཐབས་ལ་དང་དོད་ཆེན་པོ་བྱས་ནས། དག་གཙང་ནུས་ཁུངས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཟུང་དུ་སྦྲེལ་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་རྒྱལ་ཡོངས་སུ་མངོན་འགྱུར་ཡོང་བར་མཚོ་སྔོན་གྱིས་དགོས་ངེས་ཀྱི་བྱས་རྗེས་འཇོག་པར་འབད་འབུངས་བྱ་དགོས།

སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏང་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་ཞིང་། “རིམ་བཞི་རིགས་གསུམ”གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་བསྐྲུན་ནས“ཐིག་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཡན་ལག་ས་ཁུལ་འགོག་སྡོམ་བྱེད་པའི་ལམ་ལུགས་གཟབ་ནན་སྒོས་དོན་འཁྱོལ་བྱ་དགོས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་ཡོད་ཚད་ཕྱོགས་ཡོངས་ནས་གཙང་བཤེར་དང་བསྡོམས་རྩིས་བྱས་ཏེ་གཅིག་གྱུར་གྱིས་བདག་དབང་གཏན་འཁེལ་དང་ཐོ་འགོད་བྱེད་པའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱིན་གསབ་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ཐོག འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་ཞིང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱས་པར་བྱ་དགའ་དང་ཁ་གསབ་སྟེར་བའི་རེས་སྐོར་གསུམ་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། དམིགས་འཁྲོལ་བདག་གཉེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པར་གྱོང་གསབ་འཇལ་བའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། སྙིགས་རོ་འདོར་དབང་དང་ནུས་ཁུངས་སྤྱོད་དབང་། ཆུ་སྤྱོད་དབང་ཆ་བཅས་ཁྲོམ་ར་རུ་ཉོ་ཚོང་བྱེད་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པའི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་ཞིང་རྒྱ་བསྐྱེད་དགོས། ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། གཙང་གསུམ་འབྱུང་ཡུལ་གྱི་ལྟ་སྲུང་བའི་ལམ་ལུགས་བཙུགས་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་ཧུར་ཐག་སྒོས་གསར་དུ་བསྐྲུན་དགོས།

(གསུམ) ནུས་ཤུགས་ཡོད་རྒུས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ཏུ་བསྟར་བར་དམིགས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་འཕེལ་བར་བྱ་དགོས། གསར་གཏོད་ཀྱི“སྣ་ཐག”ལ་དམ་པོར་འཇུས་ནས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་ལས་རིམ་འབུར་དུ་དོད་ནས། གསར་གཏོད་མ་ལག་དང་གསར་གཏོད་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་སྣེ་སྟོན་ནུས་པ་ཇེ་ཆེར་གཏང་དགོས།

ཚན་རྩལ་སྒྲིག་སྲོལ་མགྱོགས་མྱུར་ངང་བཅོས་སྒྱུར་བྱ་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་དང་རྨང་གཞི་ཞིབ་འཇུག་གི་ལོ་བཅུའི་འགུལ་སྐྱོད་སྤེལ་ཏེ། ཚན་རིག་ཞིབ་འཇུག་ལས་གཞིའི་དོ་དམ་དང་བཅོས་སྒྱུར་ལ་མུ་མཐུད་དུ་ཚོད་ལྟ་བྱེད་ཅིང་། ཚན་རྩལ་གྲུབ་འབྲས་སྤྱོད་དབང་དང་ཐག་གཅོད་བྱེད་དབང་། ཕན་ཁེ་ཐོབ་དབང་བཅས་བཅོས་སྒྱུར་ཟབ་མོ་བྱས་ཐོག ལས་དོན་སྡེ་ཚན་གྱི་ཚན་རྩལ་གྲུབ་འབྲས་དེ་ཕན་ཁེ་རུ་སྒྱུར་བ་སོགས་གླ་ཕོགས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ཞིབ་འཇུག་སྡེ་ཚན་ལ་བདག་དབང་སྔར་བས་མང་པོ་སྤྲད་དགོས། ཤེས་བྱའི་ཐོན་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་ཅིང་། ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་བཏང་ནས་འབྱུང་རྩ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར། ཁྲོམ་རར་བཀོལ་སྤྱོད་བཅས་ཀྱི་སྦྲེལ་ལམ་ཐོགས་པ་མེད་པར་བྱ་དགོས། གསར་གཏོད་བྱེད་འདོད་ཡོད་ཅིང་གསར་གཏོད་བྱེད་ཕོད་པ་དང་། གསར་གཏོད་བྱེད་ཐུབ་མཁན་ཡོངས་ལ་ནུས་པ་ངོམ་པའི་གོ་སྐབས་སྤྲད་དགོས།

ལག་རྩལ་གལ་ཆེན་གྱི་འགག་སྒྲོལ་བར་སྐུལ་འདེད་གཏང་དགོས། མདོ་དབུས་མཐོ་སྒང་གི་དཔེ་མཚོན་སྐྱེ་ཁམས་མ་ལག་སྲུང་འཛིན་དང་ཉམས་གསོ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར། ཚྭ་མཚོའི་ཐོན་ལས། དག་གཙང་ནུས་ཁུངས། འབྱུང་འཕྲོད་སྐྱེ་ལྡན་ཞིང་ཕྱུགས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འབྱུང་འཕྲོད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་གནད་རྩའི་ལག་རྩལ་གྱི་འགག་སྒྲོལ་བར་དམིགས་ནས“ དཔའ་ཁས་ལེན”གྱི་བྱེད་སྒོ་མུ་མཐུད་དུ་སྤེལ་བ་དང་། མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་ཅིང་། ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་། ནུས་མང་གསབ་རེས་ཀྱི་འབྱུང་འཕྲོད་ནུས་གསོག གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་། མཐོ་སྒང་གི་ཞིང་ཕྱུགས་ལས་སོགས་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྐྲུན་ལས་སྟེགས་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་ཟབ་སྤེལ་དང་། ཚན་རྩལ་གསར་གཏོད་ཀྱི་རྨང་གཞིའི་ནུས་པ་ཇེ་ཆེར་གཏང་དགོས།

ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་ལ་སྐུལ་སློང་བྱ་དགོས། ཁེ་ལས་གསར་གཏོད་མཁན་གསོ་སྐྱོང་འགུལ་སྐྱོད་སྤེལ་ཞིང་། ཐོན་སྐྱེད་དང་སློབ་གསོ། ཚན་རིག་ཞིབ་འཇུག་བཅས་ཟུང་འབྲེལ་དམ་ཟབ་བྱ་དགོས་ལ། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས་གསར་གཏོད་བྱེད་པར་ཡར་སྐུལ་གྱི་ཀུན་ཕན་རང་བཞིན་ལྡན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཁྲོམ་ར་ཅན་གྱི་རྐྱེན་སྲོལ་སྤྱད་དེ་ཁེ་ལས་ཀྱིས་གསར་གཏོད་ཐད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་ཁྲིད་སྟོན་བྱ་དགོས། ཁེ་ལས་ཀྱི་གསར་གཏོད་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་ཅན་དང་མཐོ་གསར་ལག་རྩལ། ཚན་རྩལ་གྱད་མིའུ་བཅས་ཁེ་ལས་ཀྱི“གྲངས་ཚད་དང་སྤུས་ཚད་གཉིས་འདེགས”འགུལ་སྐྱོད་ལ་རྒྱུན་མཐུད་དེ་སྐུལ་འདེད་གཏང་དགོས་པ་དང་། “ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། གསར་སྣང་ཅན”གྱི་ཁེ་ལས་ཆུང་འབྲིང་ཧུར་ཐག་གིས་གསོ་སྐྱོང་བྱེད་ཅིང་། ཚན་རིག་ཞིབ་འཇུག་གླིང་དང་ཁེ་ལས་བྱེད་པོས་མཉམ་འབྲེལ་གྱིས་གསར་གཏོད་དང་ཁེ་ཕན་མཉམ་སྤྱོད་བྱེད་པར་བསྟོད་སྐུལ་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་དང་གསར་སྐྲུན་གྱི་སྒུལ་ཤུགས་སྔར་བས་སྐུལ་སློང་བྱ་དགོས།

ཤེས་ལྡན་མི་སྣ་ཐད་ཀྱི་བྱ་བ་ལེགས་སྒྲུབ་ཟབ་མོ་བྱ་དགོས། “ཁ་ཕྱོགས་པ་བཞི”རྒྱུན་འཁྱོངས་བྱས་ཐོག ཤེས་ལྡན་མི་སྣ་སྟོབས་ལྡན་གྱི་ཞིང་ཆེན་སྐྲུན་པའི་འཐབ་ཇུས་ལག་བསྟར་ལེགས་པོར་བྱེད་ཅིང་། ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། “ཁུ་ནུའི་ཤེས་ལྡན་པ”གསོ་སྐྱོང་གི་འགུལ་སྐྱོད་འཆར་གཞི་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད་ཡག་པོ་བཅས་བྱ་དགོས། ཚན་རིག་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་ཞིང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་དམིགས་ནས་གསར་གཏོད་རྣམ་པའི་ཤེས་ལྡན་པའི་དཔུང་སྡེ་དང་ན་གཞོན་གསར་གཏོད་འཇོན་མི་གསོ་སྐྱོང་བྱེད་ཅིང་། ཐོན་ལས་བཟོ་བའི་རྩལ་ནུས་ཇེ་མཐོར་གཏོང་བའི་བྱེད་སྒོ་སྤེལ་དགོས། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཐབས་གསར་གཏོད་བྱེད་ཅིང་། ཤེས་ལྡན་མི་སྣ་མཉམ་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱས་ནས“ཉེ་དགའ་རིང་སྨོན”གྱི་ཤེས་ལྡན་མི་སྣའི་སྣང་ཚུལ་བསྐྲུན་དགོས། ཤེས་ལྡན་མི་སྣ་རིགས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་ཅིང་། གསར་གཏོད་ཀྱི་རིན་ཐང་དང་ནུས་པ། བྱས་རྗེས་བཅས་ཕྱོགས་སྟོན་བྱས་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་བཙུགས་ནས། སྔར་བས་ཚན་རིག་དང་མཐུན་ཞིང་ནུས་ལྡན་སྒོས་མི་བཀོལ་སྤྱོད་བྱེད་མཁན་ལ་དབང་ཆ་དཀྲིས་ཏེ། ཤེས་ལྡན་མི་སྣ་རིགས་སྣ་ཚོགས་ཀྱི་འཆིང་ཐག་གློད་དགོས།

(བཞི) ནུས་ཤུགས་ཡོད་རྒུས་ཞིང་ལས་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་སུ་གཏོང་བར་དམིགས་ཏེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། ཞིང་ལས་ཀྱི་གཞི་རྩའི་གནས་བབ་བརྟན་སྲུང་བྱེད་ཅིང་། “ཞིང་གསུམ”གྱི་གྲུ་རྡོ་ནན་སྲུང་བྱས་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྒྱུར་བའི་གོམ་པ་གསར་བ་སྤོ་བར་སྐུལ་འདེད་གཏང་དགོས་པ་དང་། ཞིང་ལས་ཀྱི་ཐོན་ཚད་བརྟན་ཞིང་མཁོ་སྤྲོད་འགན་སྲུང་ཐུབ་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་ཞིང་སྡེ་བརྟན་འཇགས་དང་འཆམ་མཐུན་ཡོང་བར་ཁག་ཐེག་བྱ་དགོས།

འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་འདོན་སྤྲོད་ལ་འགན་སྲུང་བྱ་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”ལ་སྲུང་སྐྱོབ་བྱེད་པར་རྒྱུན་འཁྱོངས་བྱེད་ཅིང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་ཏུ་བསྟར་དགོས་ལ། རྨོ་ཞིང་བཟུང་གསབ་དོ་མཉམ་བྱེད་ཚད་ཚད་ལྡན་དུ་གཏོང་བ་དང་། ས་རྒོད་དུ་བསྐྱུར་བའི་ས་ཞིང་བསྐྱར་རྨོ་བསྐྱར་སྦོལ་བྱེད་པར་སྐུལ་འདེད་བཏང་ཐོག རྨོ་ཞིང“ཞིང་མིན་ཅན”དང“འབྲུ་མིན་ཅན”དུ་སྒྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་པ་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི20སྐྲུན་ཞིང་འབྲུ་རིགས་རྨོ་འདེབས་ཀྱི་རྒྱ་ཁྱོན་མུའུ་ཁྲི440འགྲུབ་པར་བྱ་དགོས། མཐོ་སྒང་གི་སྤུས་ལེགས་ཐོན་མཐོའི་སོན་རྒྱུ་ལེགས་འདེམས་དང་ཁྱབ་སྤེལ་བྱས་ཏེ་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས། སོན་བཟང་ཐབས་བཟང་ཆ་འགྲིག་ཡོང་བར་སྐུལ་འདེད་གཏོང་བ་དང་། སྒྲིག་བཀོད་ཅན་གྱི་ཞིང་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས་ལ། ཞིང་ལས་ལ་སྤྱི་ཚོགས་ཀྱིས་ཞབས་ཕྱི་སྒྲུབ་པའི་དམངས་ཕན་ལས་གྲྭ་ལག་ཏུ་བསྟར་བ་དང་ཞིང་ལས་འགན་བཅོལ་གྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏང་དགོས། ཕག་གི་ཐོན་སྐྱེད་བརྟན་འཇགས་དང་། ནོར་ལུག་གི་ཐོན་ཚད་ཇེ་མང་དུ་གཏོང་བ་དང་། དྲོད་ཁང་རྙིང་བ་སྒྱུར་བཀོད་དང་རིམ་སྤོར་བྱེད་ཅིང་། འབྲུ་སྣུམ་གྲབས་གསོག་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་འབྲུ་སྣོད་དང་ཚལ་སླེ་ཕུན་སུམ་ཚོགས་ཤིང་ཁག་ཐེག་བྱེད་ཐུབ་པ་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་འཇགས་ཡོང་བར་འགན་སྲུང་བྱ་དགོས། འབྲུ་རིགས་ཀྱི་སྦྲེལ་ཐག་ཡོངས་སུ་གྲོན་ཆུང་བྱེད་སྒོ་སྤེལ་ནས་འབྲུ་རིགས་གྲོན་ཆུང་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་བཟང་སྤྱི་ཚོགས་ཡོངས་སུ་ཆགས་པར་བྱ་དགོས།

དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་རྒྱ་བསྐྱེད་བྱ་དགོས། འདི་ནི་གྲོང་གསེབ་དར་སྤེལ་གྱི་སྔོན་འགྲོ་ཡིན་ཏེ། གཞི་ཁྱོན་ཆེན་པོའི་དབུལ་བོར་ཡང་བསྐྱར་མི་ལོག་པའི་མཐའ་ཚད་དམ་པོར་སྲུང་བར་དམིགས་ནས། དབུལ་བོར་བསྐྱར་ལོག་ལ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་བརྟན་འཇགས་མིན་པའི་ཁྱིམ་ཚང་དང་དབུལ་པོར་འགྱུར་སླ་བའི་མཐའ་ལུས་ཁྱིམ་ཚང་། གློ་བུར་དུ་དཀའ་ངལ་ཚབས་ཆེན་བྱུང་བའི་ཁྱིམ་ཚང་བཅས་ལ་འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་དང་གནད་འཁེལ་རོགས་སྐྱོར་བྱེད་ཤུགས་བསྣན་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་རོགས་སྐྱོར་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་པ་དང་། གནས་སྤོས་རྗེས་ཀྱི་རྒྱུན་མཐུད་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང་། གཅིག་བསྡུས་བཀོད་སྒྲིག་ཁུལ་དུ་རོགས་སྐྱོར་བཟོ་གྲྭ་དང་རོགས་སྐྱོར་ཐོན་ལས་རྟེན་གཞི་ཡག་པོ་སྐྲུན་པ་དང་། ཐོན་ལས་དང་ལས་ཞུགས་ཀྱི་རོགས་སྐྱོར་བྱ་བ་དམིགས་སུ་བཀར་ནས་དམ་དུ་བཟུང་སྟེ། དབུལ་ཐར་ཁུལ་འཕེལ་རྒྱས་སུ་འགྲོ་བའི་ནང་གནས་སྒུལ་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་། དབུལ་ཐར་གྱི་རྨང་གཞི་སྔར་བས་བརྟན་ཞིང་གྲུབ་འབྲས་སྔར་བས་རྒྱུན་མཐུད་རུང་བར་བྱ་དགོས།

གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། སྔོན་ལ་འཆར་འགོད་དང་རིམ་བཞིན་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་ཐོན་ལས་དར་སྤེལ་དང་ཤེས་ལྡན་མི་སྣ་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། གྲོང་གསེབ་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་ཁྱད་ལྡན་འདེབས་གསོ་དང་གྲོང་གསེབ་ཡུལ་སྐོར། སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་རྒྱ་ཆེན་དུ་གསོ་སྐྱོང་བྱེད་ཅིང་། སྣེ་ཁྲིད་ཁེ་ལས་རྒྱ་ཆེན་སྟོབས་ཆེན་དུ་གཉེར་བ་དང་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་ཚད་གཞིར་སླེབས་ཤིང་ཕུལ་བྱུང་ཅན་དུ་བསྐྲུན་པར་རོགས་སྐྱོར་བྱ་དགོས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཞིང་ལས་ཀྱི་ཐོན་ལས་གླིང་དང་ཐོན་ལས་སྟོབས་ལྡན་གྱི་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། སྡེ་བའི་ཐུན་མོང་དཔལ་འབྱོར་བརྟན་སྲུང་བྱེད་ཅིང་རྒྱ་བསྐྱེད་ནས་ཞིང་སྡེའི་ཐོན་ལས་གསུམ་པོ་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས། རོང་འབྲོག་མང་ཚོགས་ལ་ཐོན་ལས་ཀྱི་རིན་ཐང་འཕར་བའི་ཕན་ཁེ་སྔར་བས་མང་པོ་ཞིག་མཉམ་སྤྱོད་བྱེད་དུ་འཇུག་དགོས། ལས་གཏོད་གསར་གཏོད་ཀྱི་སྣེ་ཁྲིད་པ་དང་གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཚན་རྩལ་ཆེད་མངགས་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལེགས་སྒྱུར་གྱི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ཏེ། ཡུལ་བབ་དང་བསྟུན་ཞིང་རིགས་བཀར་ནས་ཐབས་ཇུས་ལག་བསྟར་བྱས་ནས་ཏན་ཏིག་དང་སྒྲིག་ཡོད་སྒོས“སྤྱོད་ཁང་གསར་བརྗེ” དང་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱེད་པར་སྐུལ་འདེད་གཏང་དགོས། “བཟང་བཞིའི་ཞིང་སྡེའི་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། ཞིང་སྡེའི་གློག་དྲ་མགྱོགས་མྱུར་ངང་སྒྱུར་བཀོད་བྱས་ནས“སོལ་རླངས་གྲོང་གསེབ་དུ་སྐྱེལ་བར”སྒྲིག་ཡོད་སྒོས་སྐུལ་འདེད་གཏོང་བ་དང་། རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གྲྭ་མུ་མཐུད་དུ་ལག་ཏུ་བསྟར་དགོས། གྲོང་གསེབ་བཅོས་སྐྱོང་བྱེད་པར་དམིགས་ནས་རང་སྐྱོང་དང་ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་དུ་སྦྲེལ་བའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྲོལ་གོམས་གཤིས་ཟབ་སྒྱུར་དང་དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་སྲོལ་བཟང་གསོ་སྐྱོང་། ལོ་རྒྱུས་རིག་གནས་ཀྱི་རྒྱུན་སྐྱོང་བ་བཅས་བྱས་ནས་མཛེས་ཤིང་ཡིད་དུ་འོང་བ་དང་། ལས་རིགས་དར་ཞིང་མི་སེམས་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་བ་ཧུར་ཐག་གིས་བསྐྲུན་དགོས།

(ལྔ)ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་བར་དམིགས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་དགོས། བཅོས་སྒྱུར་གྱིས་དཀའ་གནད་འགྲོལ་བ་དང་སྒོ་འབྱེད་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་རྒྱུན་འཁྱོངས་བྱས་ནས་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་སྔར་ལས་ལྷག་པའི་སྒོ་ནས་བེད་སྤྱོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱུན་མ་ཆད་པར་རྒྱ་བསྐྱེད་དགོས།

ས་ཁོངས་གོང་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་ཟབ་མོ་བྱ་དགོས། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གནས་སྟངས་གསར་བ་ཆགས་པ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་དུ་སྤེལ་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ས་ཁོངས་ཀྱི་འཐབ་ཇུས་ཆེན་པོ་ལ་ཧུར་ཐག་སྒོས་སྦྲེལ་མཐུད་བྱས་ཏེ། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས“1+3+10” སྐྲུན་པའི་མཉམ་ལས་གྲོས་ཆིངས་མཉམ་དུ་དོན་འཁྱོལ་བྱེད་ཅིང་། ཉེ་འབྲེལ་ས་ཁུལ་བར་གྱི་ཐོན་ལས་མཉམ་སྒྲུབ་ལ་ཤུགས་བསྣན་དགོས། ཤར་རྒྱུད་ས་ཁུལ་བར་དུ་གཉིས་ཕན་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་གཏོང་ཚད་རྒྱ་བསྐྱེད་ནས་འོས་འཚམ་གྱི་ཐོན་ལས་སྤོ་སྒྱུར་བྱས་པ་དང་ལེན་ཡག་པོ་བྱ་དགོས། གཏེར་འཚོལ་འཐབ་ཇུས་རེས་སྐོར་གསར་བའི་འགུལ་སྐྱོད་སྤེལ་ནས་ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཇེ་ཆེར་གཏང་དགོས། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། ཁྱབ་ཁོངས་རྒྱ་སྐྱེད་པ་དང་ནང་དོན་ཕུན་སུམ་ཚོགས་པར་བྱས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱིས་མཉམ་ལས་བྱེད་པའི་རིམ་སྤར་པར་གཞི་བཟོ་དགོས།

གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱ་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་ཚུལ་བཅོས་སྒྱུར་ཟབ་མོ་བྱས་ཏེ། ནུས་ཁུངས་དང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་རིན་གོང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱས་ཏེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་འགྲུབ་པར་བྱེད་པ་དང་། རྒྱལ་དབང་མ་རྩར་ལྟ་སྐུལ་དང་དོ་དམ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་ཤིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཐོག རིགས་སོ་སོའི་ཁྲོམ་རའི་བྱེད་པོའི་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་ཅིང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་བར་སྐུལ་འདེད་གཏང་དགོས། ཁྱབ་ཁོངས་ལྟར་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བྱེད་སྲོལ་མགྱོགས་མྱུར་ངང་བཅོས་སྒྱུར་བྱས་ནས། སྔོན་རྩིས་བྱེད་སྟངས་བཅོས་སྒྱུར་ཟབ་མོ་བྱེད་ཅིང་བྱས་འབྲས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། སྲིད་གཞུང་གི་ཁྲིམས་བཀོད་བུ་ལོན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བུ་ལོན་བཅད་གྲངས་དོ་དམ་བྱེད་ཐབས་གཟབ་ནན་སྒོས་དོན་འཁྱོལ་བྱས་ཏེ་ལྐོག་གྱུར་གྱི་བུ་ལོན་ཇེ་མང་དུ་འགྲོ་བར་མཐའ་གཅིག་ཏུ་ཚོད་འཛིན་བྱེད་པ་དང་ལག་ཡོད་བུ་ལོན་བརྟན་འཇགས་ངང་མེད་པར་བཟོ་དགོས། ཞིང་སྡེའི་ཚོང་ལས་དངུལ་ཁང་ལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཞིང་རྒྱལ་ཁབ་ཀུན་ཕན་དངུལ་རྩ་བཅོས་སྒྱུར་གྱི་ཚོད་ལྟ་ཁུལ་ཧུར་ཐག་གིས་བསྐྲུན་པ་དང་། དངུལ་རྩའི་ཉེན་ཁ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཇེ་དྲག་ཏུ་བཏང་ནས། ཁེ་ལས་རིགས་སྣ་ཚོགས་ཀྱི་དངུལ་རྩའི་བུ་ལོན་ཉེན་ཁ་འགོག་སེལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཞིང་ལས་ཞིང་སྡེ་བཅོས་སྒྱུར་ཟབ་མོ་བྱེད་ཅིང་། ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱེད་པར་བརྟན་འཇགས་དང་གཟབ་ནན་སྒོས་སྐུལ་འདེད་བཏང་སྟེ། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་སྒྱུར་གྱི་གྲུབ་འབྲས་བརྟན་སྲུང་བྱེད་པ་དང་། ཞིང་ལས་ཀྱི་ཆུ་རིན་དང་མཁོ་འཚོང་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་དང་ཕན་པ་དངོས་ཐོབ་ཀྱི་བཅོས་སྒྱུར་ཁེ་འབབ་སྔར་བས་མང་པོ་ཞིག་སྤྲད་དགོས།

ཁྲོམ་རའི་བྱེད་པོ་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཀྱི་ཤུགས་བརྒྱག་ས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཐོག མུ་མཐུད་དུ་ཁྲོམ་རའི་བྱེད་པོ་ལ་ཁ་གཏད་དེ་སྡེབ་སྒྲིག་རྣམ་པའི་ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་གསར་བ་དོན་འཁྱོལ་བྱེད་པ་དང་། ནོར་ཤུགས་གཤམ་སྒྱུར་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་བྱེད་པོ་དང་ཁྱད་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། ཁེར་གཉེར་བཟོ་ཚོང་པ་བཅས་ཀྱི་ཁུར་བོ་ཡང་བཟོ་དང་དཀའ་ངལ་སེལ་བ། སླར་གསོ་འཕེལ་རྒྱས་བཅས་ལ་རོགས་རམ་བྱ་དགོས། མ་དངུལ་བསྡུ་འགྲེམ་དངུལ་བུན་གྱི་ཆེད་སྤྱོད་མ་དངུལ་དང་དངུལ་བུན་ཐད་གཏོང་ལས་གཞི་འཁོར་སྐྱོད་ལེགས་པོ་བྱས་ཐོག སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་བྱེད་པའི་ཕན་འབྲས་ཇེ་ཆེར་བཏང་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་མ་དངུལ་བསྡུ་འགྲེམ་བྱེད་ཚད་འཕར་སྣོན་དང་རྒྱ་བསྐྱེད། གོང་གཅོག་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། མ་དངུལ་བསྡུ་འགྲེམ་བྱས་པ་ལས་ཐོབ་ཐུབ་ཚད་དང་སྟབས་བདེ་ཚད་ཇེ་ཆེར་གཏང་དགོས། “གློད་སྡོམ་ཞབས་ཕྱི་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་ཅིང་། ཚོང་གཉེར་དཔལ་འབྱོར་ལེགས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་སྤེལ་མགོ་བརྩམས་ཏེ། སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་གསལ་ཐོ་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཁེ་ལས་ཀྱི་ཡིད་རྟོན་ཉེན་ཁ་རིགས་དབྱེ་དོ་དམ་བྱེད་ཅིང་། འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་བར་སྐུལ་འདེད་ཟབ་མོ་བཏང་ནས་གཞུང་དྲང་ཞིང་ཡིད་རྟོན་རུང་བ་དང་འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས། སྲིད་དོན་ཞབས་ཕྱིའི་ལས་སྟེགས་དང་སྤོ་སྒུལ་སྣེའི་རྩོལ་ནུས་ཇེ་ལེགས་སུ་བཏང་སྟེ། སྲིད་དོན་ཞབས་ཕྱི་སྔར་བས་མང་པོ་ཞིག་དྲ་ཐོག་ནས་སྒྲུབ་པ་དང་ལག་མཐིལ་ནས་སྒྲུབ་པ། ཉེ་ས་ནས་སྒྲུབ་པ། ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ་ཐུབ་པར་སྐུལ་འདེད་གཏང་དགོས།

ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་རྒྱ་ཆེར་འབྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ཐོག ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་ཚོང་ལམ་གསར་བ་དང་། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞིང་། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དང་ཨེ་ཤ་ཡའི་ལྷོ་མའི་དུས་གཏན་མེ་འཁོར་གཏོང་ཚད་ཇེ་ཆེར་བཏང་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་ཁྲལ་སྲུང་ཟོག་འགྲུལ་ལྟེ་གནས་ནུས་ལྡན་སྒོས་གཉེར་སྐྱོང་བྱེད་པ་དང་། སྤུས་ཚད་མཐོན་པོའི་ངང་རྒྱལ་མཚམས་ལས་བརྒལ་བའི་གློག་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་བསྐྲུན་དགོས། ཕྱི་ཕྱོགས་སུ་སྤེལ་རེས་དང་རྒྱུད་སྒྲོག་བྱ་བ་ལེགས་པར་བསྒྲུབས་ནས་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླ་དང་མཉམ་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་སྐོར་ལ་གྲོས་ཆིངས་འཇོག་པར་ཤུགས་སྣོན་ཞིང་། རྒྱལ་སྤྱིའི་སྐྱེ་ཁམས་བཤམས་སྟོན་ཚོགས་འདུ་དང་མཚོ་སྔོན་ཚོང་གཏམ་ཚོགས་འདུ་ཡག་པོ་གཉེར་ནས་མཚོ་སྔོན་གྱི་ཁེ་ལས་དང་ཁྱད་སྟོབས་ཐོན་ལས“ཕྱི་ཕྱོགས་སུ་སྐྱོད་པའི”གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས།

(དྲུག) ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཅང་བར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏང་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཟབ་སྤེལ་བྱས་ནས། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ས་སྒང་འདིར་སྐྱེ་འཕེལ་འཚོ་གཞེས་གནང་བའི་མི་རིགས་སོ་སོས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་དར་རྒྱས་གོང་སྤེལ་བྱེད་དུ་འཇུག་དགོས།

མི་རིགས་སོ་སོ་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི“སྐྱོད་པ་བཅུའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དཔེ་མཚོན་ཁག་ཅིག་འདེམས་འཛུགས་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་ལས་གྲྭ་ལག་ཏུ་བསྟར་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་ཁྱབ་གདལ་དུ་གཏོང་ཞིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་བརྩི་འཇོག་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། མི་རིགས་སོ་སོས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བློ་རྩ་བརྟན་པོས་ཚད་མཐོའི་དགའ་མོས་བྱེད་པར་སྐུལ་འདེད་གཏང་དགོས། ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཞིང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ཏུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།

མི་རིགས་སོ་སོས་དཔལ་འབྱོར་གོང་དུ་སྤེལ་ནས་དམངས་འཚོ་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱ་དགོས། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་ཟབ་མོའི་ངང་གོང་དུ་སྤེལ་བའི་འགུལ་སྐྱོད་ལག་ཏུ་བསྟར་ཐོག རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་གོང་དུ་སྤེལ་བའི་མ་དངུལ་རྣམ་གྲངས་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཟོང་རྟགས་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་ལ་མགྱོགས་མྱུར་ངང་སྲུང་སྐྱོབ་དང་གོང་དུ་སྤེལ་ཞིང་། བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་ལས་གཞི་སྐྲུན་པར་སྐུལ་འདེད་བཏང་ནས་མཚོ་སྔོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་ཁྲོད་མི་རིགས་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱ་དགོས།

མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏང་དགོས། གྲངས་ཉུང་མི་རིགས་ཀྱི་བྱེས་འགྲོའི་མི་འབོར་ལ་ཞབས་ཕྱི་དོ་དམ་བྱ་བ་གསར་གཏོད་ལྡན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཐོག “སེ་འབྲུ་དམར་པོ”ལས་ཞུགས་འགུལ་སྐྱོད་སྤེལ་ནས་རིགས་སོ་སོའི་མང་ཚོགས་གནས་སྤོར་ལས་ཞུགས་དང་གཞོན་ནུ་ལོ་ཆུང་གིས་ས་ཁོངས་ལས་བརྒལ་ཏེ་སློབ་གཉེར་བྱེད་པ་ལ་བསྟོད་སྐུལ་དང་རྒྱབ་སྐྱོར་བྱ་དགོས། “སྡེ་ཁུལ་གྱི་སེ་འབྲུ་ཁྱིམ་གཞིས”ཀྱི་ཞབས་ཕྱིའི་ལས་སྟེགས་བསྐྲུན་ཏེ། མི་རིགས་སོ་སོ་གཅིག་ལ་གཅིག་བརྟེན་དང་མཐུན་སྒྲིལ་མཉམ་འདྲེས་ཀྱི་སྤྱི་ཚོགས་གནས་སྟངས་དང་སྡེ་ཁུལ་ཁོར་ཡུག་ཆགས་པར་སྐུལ་འདེད་གཏོང་ཞིང་། མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་གྱི་འཆམ་མཐུན་ཁྱིམ་གཞིས་མཉམ་དུ་སྐྲུན་པ་དང་། མི་རིགས་སོ་སོས་ཕན་ཚུན་ལ་ལྟ་སྐྱོང་རོགས་རེས་དང་བརྩེ་བ་ཟབ་མོ་འཆང་བར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོ་འདིའི་ནང་དུ་སེ་འབྲུ་ལྟར་གོང་བུ་གཅིག་ཏུ་བསྒྲིལ་དགོས།

(བདུན) ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་དོན་བཟང་དང་དོན་དངོས་སྒྲུབ་ཅིང་དཀའ་གནད་ཐག་གཅོད་པར་དམིགས་ཏེ་བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་རྩ་ཇེ་ལེགས་སུ་གཏང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཟབ་མོ་བྱས་ཏེ། དམངས་འཚོའི་ཞན་ཆ་གསབ་ཅིང་དམངས་འཚོའི་དཀའ་གནད་སེལ་བ་དང་། དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་གི་སྤུས་ཀ་སྔར་བས་ལེགས་ཤིང་སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ་དང་། བདེ་སྣང་སྔར་བས་འགན་སྲུང་ཐུབ་པར་བྱ་དགོས།

ལས་ཞུགས་ཀྱི་སྤུས་ཚད་དང་ཡོང་སྒོའི་ཆུ་ཚད་ཇེ་མཐོར་གཏང་དགོས། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཐོག ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ལས་གནས་བརྟན་འཇགས། རྩལ་ནུས་གསོ་སྦྱོང་བཅས་ལ་རྒྱབ་སྐྱོར་བྱེད་ཅིང་། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལས་ཀར་ཞུགས་པར་སྐུལ་འདེད་གཏོང་བ་དང་། འཐེན་ཐུག་དང་མཚོ་དྲུབ་སོགས་ཁྱད་ལྡན་ངལ་ལས་ཀྱི་ཟོང་རྟགས་གཉེར་སྐྱོང་ལེགས་པོ་བྱས་ནས། གླ་རྒྱག་ཞིང་བ་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི། དབང་བོ་སྐྱོན་ཅན་བཅས་ལས་ཀར་ཞུགས་པར་ཞབས་ཕྱི་དང་རོགས་སྐྱོར་ཡག་པོ་བྱས་ནས། སྟབས་བསྟུན་ལས་ཞུགས་ཀྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་ཞིང་། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། ངལ་རྩོལ་གྱི་འབྲེལ་བ་མཐུན་སྦྱོར་དང་ངལ་རྩོལ་གྱི་འགན་སྲུང་ལ་ལྟ་ཞིབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཁྲལ་བསྡུ་དང་སྤྱི་ཚོགས་འགན་སྲུང་། སྒྱུར་སྤོ་གཏོང་སྤྲོད་སོགས་སྙོམ་སྒྲིག་སྲིད་ཇུས་དོན་འཁྱོལ་བྱས་ཐོག ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལུགས་མཐུན་སྒོས་ལེགས་སྒྲིག་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཐབས་ལམ་མང་པོ་སྤྱད་ནས་ཇེ་མང་དུ་བཏང་སྟེ། ཡོང་སྒོ་དམའ་བའི་ཚོགས་པའི་ཡོང་སྒོ་ཇེ་མཐོར་གཏོང་བ་དང་། ཡོང་སྒོ་འབྲིང་གྲས་སུ་སླེབས་པའི་ཚོགས་པའི་ཡོང་སྒོ་རྒྱ་སྐྱེད་པར་མ་ཟད། མོས་པ་དང་ནུས་པ་ཡོད་པའི་ཁེ་ལས་དང་སྤྱི་ཚོགས་ཚོགས་པ་སྤྱི་ཕན་དགེ་སྒྲུབ་གྱི་ལས་དོན་ལ་ཧུར་ཐག་གིས་ཞུགས་པར་རྒྱབ་སྐྱོར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོའི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་དགོས།

མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཀྱི་སློབ་གསོ་ལྔ་མཉམ་དུ་སྤེལ་བར་རྒྱུན་འཁྱོངས་བྱེད་ཅིང་། སློབ་གསོ་ལ་གདེང་འཇོག་དང་མི་གསོ་སྐྱོང་བྱེད་ཐབས་བཅོས་སྒྱུར་ཟབ་མོ་བྱས་ནས་བྱིས་པ་ཚོ་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བ་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱ་དགོས། སྔོན་འགྲོའི་སློབ་གསོའི་སྤྱི་པའི་ཞབས་ཕྱི་དྲ་རྒྱ་འཐུས་ཚང་དུ་བཏང་ནས་སློབ་ལོ་རན་པའི་བྱིས་པ་དག་ཐག་ཉེ་སའི་སློབ་གྲྭར་ཞུགས་ཐུབ་པར་འགན་སྲུང་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཞིང་སྡེའི་སློབ་སྒྲུབ་ཆ་རྐྱེན་གྱི་ཞན་ཆ་དམིགས་བསལ་གྱིས་སྔོན་ལ་ཁ་གསབ་བྱེད་པ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་སྒོས་གཉེར་ནས“སྙུང་གཉིས”གྲུབ་འབྲས་བརྟན་སྲུང་བྱ་དགོས། མཐོ་འབྲིང་སློབ་གསོ་སྣ་མང་ཅན་དང་ཁྱད་ཆོས་ཅན་དུ་སྤེལ་བར་སྐུལ་འདེད་བཏང་ནས་དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་ཡག་པོ་གཉེར་དགོས། མཐོ་རིམ་སློབ་ཆེན་གྱིས་བསླབ་ཚན་རྩེ་གྲ་དང་ཆེད་ལས་རྩེ་གྲ་སྐྲུན་པར་རྒྱབ་སྐྱོར་བྱས་ནས་དངོས་གཞི་དང་ཞིབ་འཇུག་སློབ་མའི་སློབ་གསོའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏང་དགོས། ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱ་བ་སྤུས་ཚད་མཐོན་པོའི་ངང་དམ་དུ་འཛིན་དགོས། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི“མཐོ་གཉིས་འཆར་གཞི”དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི“ལེགས་གཉིས་འཆར་གཞི”ལག་བསྟར་ཟབ་མོ་བྱེད་ཅིང་། དངོས་གཞི་རིམ་པའི་ལས་རིགས་ལག་རྩལ་སློབ་གྲྭ་སྡེབ་སྒྲིག་འཛུགས་སྐྱོང་བྱེད་པར་ཞིབ་འཇུག་བྱས་ནས་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་དང་སྒྲིག་གཞི་ལེགས་སྒྱུར་བྱེད་ཅིང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྩལ་ནུས་ཤེས་ལྡན་མི་སྣ་དང་ལག་ཤེས་མཁས་པ་སྔར་བས་མང་པོ་ཞིག་སྐྱེད་སྲིང་བྱ་དགོས།

རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་ལྟ་སྐྱོང་བྱ་དགོས། “ཕྱི་ཡོང་ནད་རིགས་འགོག་པ་དང་། ནང་དུ་བསྐྱར་འཕར་འགོག་པ”རྒྱུན་འཁྱོངས་བྱས་ཐོག རིམས་འགོག་སྨན་ཁབ་རྒྱག་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཞིང་། རྒྱུན་རྣམ་ལྟར་རིམས་ནད་འགོག་སྡོམ་བྱ་བ་ཚན་རིག་དང་མཐུན་ཞིང་གནད་འཁེལ་ཏན་ཏིག་སྒོས་ལེགས་པར་བསྒྲུབས་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་རིམས་ནད་འགོག་སྡོམ་སྔར་བས་ཟུང་དུ་སྦྲེལ་བར་སྐུལ་འདེད་གཏང་དགོས། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒོས་བཅོས་སྒྱུར་ཟབ་མོ་བྱས་ཏེ། རིམ་པ་གཉིས་པའི་ཚད་རིམ་ཀ་བའི་རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་གི་གཞི་ཁྱོན་རྒྱ་བསྐྱེད་པའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཐོག མཚོ་སྔོན་ལྷོ་རྒྱུད་ལ་སྨན་བཅོས་རོགས་སྐྱོར་རྒྱུན་མཐུད་ངང་སྤེལ་དགོས། སྨན་བཅོས་ཀྱི་ཞབས་ཕྱི་སྒྲུབ་པའི་རིན་གོང་འགུལ་རྣམ་ལྟར་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། ནད་གཞི་ལྕི་མོ་དང་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏང་དགོས་ལ། མུ་མཐུད་དུ་སྨན་རྫས་དང་སྨན་སྤྱོད་ཡོ་ཆས་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པའི་ཁྱབ་ཁོངས་ཇེ་ཆེ་དང་རིགས་སྣ་ཇེ་མང་དུ་བཏང་ནས། ནད་པའི་སྨན་དཔྱད་ཀྱི་ཁུར་བོ་སྔར་བས་ཇེ་ཡང་དུ་གཏང་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། ནད་རིགས་འགོག་སྡོམ་མ་ལག་བཅོས་སྒྱུར་བྱ་བ་དམ་འཛིན་དང་། ཐུམ་འབུའི་ནད་དང་ཡུལ་ནད། འགོས་ནད་བཅས་འགོག་བཅོས་བྱེད་པའི་འགུལ་སྐྱོད་རེས་སྐོར་གསར་བ་སྤེལ་དགོས། མི་རིགས་ཀྱི་སྨན་དཔྱད་རྒྱུན་འཛིན་དང་གསར་གཏོད་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་རྒྱུན་འཁོར་ཧྲིལ་བོའི་བདེ་ཐང་ཞབས་ཕྱི་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤྲོད་བྱ་དགོས།

སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས། དམངས་ཡོངས་འགན་བཅོལ་དུ་ཞུགས་པའི་འཆར་གཞི་ལག་བསྟར་ཟབ་མོ་བྱས་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁེབས་ཚད་རྒྱ་བསྐྱེད་པ་དང་། གང་ཐུབ་ཅི་ནུས་ཀྱིས་འགན་བཅོལ་ཐུབ་པར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཅན་སོགས་སྙོར་སྐྱོང་ཚོགས་སྤྱིའི་གཞི་རྩའི་འཚོ་བ་ཐ་སྐྱོང་འགན་སྲུང་བྱ་བ་གཅིག་འདོམས་ཀྱིས་ལེགས་པར་བསྒྲུབ་དགོས། རྒན་པར་བཀུར་བསྟི་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་ཞིང་། རྒན་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒན་པའི་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ནས་རྒན་པའི་བྱ་བའི་གཙོ་གནད་གཤམ་སྒྱུར་དང་ཐོན་ཁུངས་གཤམ་སྤྲོད་ལ་སྐུལ་འདེད་གཏང་དགོས། གསར་སྐྲུན་དང་སྒྱུར་བཀོད། བརྗེ་སྒྱུར། བོགས་མར་གཏོང་ལེན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་གཞིས་ཁུལ་གྱི་རྒན་གསོའི་ཞབས་ཕྱིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཁྱིམ་ཚང་གི་རྒན་གསོའི་མལ་ཁྲི་ཇེ་མང་དུ་གཏོང་བ་དང་། ཐག་ཉེ་ས་དང་སྟབས་བདེ་ས། “རང་ཁྱིམ་གྱི་སྒོ་ཁ”བཅས་སུ་རྒན་གསོའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། བུ་ཕྲུག་གསུམ་བཙའ་བའི་སྲིད་ཇུས་གསར་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་ལ་བརྟེན་ནས་བཅོལ་སྐྱོང་དང་ཕྲུ་གུ་དམར་འབྱར་ལྟ་སྐྱོང་གི་ཞབས་ཕྱི་འཕེལ་རྒྱས་སུ་བཏང་ནས“ཆེ་རྒན་པ་དང་ཆུང་བྱིས་པར”སྔར་ལས་ལྷག་པའི་དྲོད་ཁོལ་དང་བརྩེ་བ་སྦྱིན་དགོས། “ཁང་བ་ནི་འདུག་ས་ཡིན་པ་ལས་ཚོང་རྫས་སུ་མི་སྒྱུར་བའི”ངེས་གནས་རྒྱུན་འཁྱོངས་བྱས་ཐོག གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་རིན་དང་ཁང་རིན། སྔོན་དཔག་བཅས་བརྟན་པོ་ཡོང་བར་བྱེད་ཅིང་། ཡུན་རིང་དུ་བོགས་མར་གཏོང་བའི་སྡོད་ཁང་ཁྲོམ་ར་འཕེལ་རྒྱས་སུ་གཏོང་བ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། ཚོང་ཟོང་ཁང་བའི་ཁྲོམ་རས་ཁང་བ་ཉོ་མཁན་གྱི་ལུགས་མཐུན་གྱི་སྡོད་ཁང་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་བར་རྒྱབ་སྐྱོར་བྱས་ནས། ཁང་སའི་ཐོན་ལས་འཁོར་རྒྱུག་བཟང་བོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་སྒོ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གྲྭ་ཟབ་སྤེལ་བྱ་དགོས། རྨ་ཙོང་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་སྐྲུན་པར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་དང་འབྲི་ཆུ། ལྕགས་རི་རིང་བོ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་གླིང་ཁུལ་ལེགས་པར་བསྐྲུན་དགོས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་མ་ལག་འཐུས་ཚང་དུ་བཏང་ནས་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རིག་དངོས་གནའ་རྫས་རྟོག་ཞིབ་བྱ་བར་ཤུགས་བསྣན་དགོས། རིག་གནས་ཀྱིས་དམངས་ལ་ཕན་འདོགས་པའི་ལས་གྲྭ་གསར་གཏོད་ལག་བསྟར་བྱས་ཐོག རིག་རྩལ་ལས་བྱེད་པས་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་པར་རྒྱབ་སྐྱོར་བྱ་དགོས། གསར་འགྱུར་པར་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན། སྤྱི་ཚོགས་ཚན་རིག ཡིག་ཚགས་ལོ་རྒྱུས་སོགས་ཀྱི་བྱ་བ་རྒྱུན་མ་ཆད་པར་ལེགས་པར་བསྒྲུབ་དགོས། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས། དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སོགས་བྱེད་སྒོ་ཡག་པོ་སྤེལ་བ་དང་། མང་ཚོགས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་ཁྱབ་སྤེལ་གཏང་དགོས་ཤིང་། ཧང་ཀྲོའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུར་ཧུར་ཐག་སྒོས་གྲ་སྒྲིག་བྱ་དགོས།

བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཟབ་སྤེལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྦྱོང་ཁྲིམས་བཀུར་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས། ཁྲིམས་འགལ་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་ཞིང་། ནག་ངན་སྟོབས་ཤུགས་གནས་ས་མཐའ་གཅིག་ཏུ་རྩ་མེད་དུ་བཏང་ནས་ཆབ་སྲིད་བརྟན་འཇགས་དང་སྤྱི་ཚོགས་ཞོད་འཇགས། མི་དམངས་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས། དུས་རབས་གསར་བའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ཐོག སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཅིག་འཐུས་རྣམ་པའི་འགལ་བ་དང་རྩོད་གཞི་སྡུམ་འགྲིག་ལྟེ་གནས་དང་རིག་ནུས་སྡུམ་འགྲིག་ལས་སྟེགས་བསྐྲུན་དགོས་ཤིང་། ཡིག་སྐུར་ངོ་གཏུག་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ནས། མང་ཚོགས་ཀྱི་ལུགས་མཐུན་ཞུ་གཏུག་ཁྲིམས་ལྟར་ཐག་གཅོད་ཡག་པོ་བྱ་དགོས། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྒྱུར་བར་མགྱོགས་མྱུར་ངང་ཚོད་ལྟ་བྱེད་པར་སྐུལ་འདེད་གཏང་དགོས། སྤྱི་པའི་བདེ་འཇགས་ཀྱི་འཚུབ་ཟློག་དང་ལེན་མ་ལག་འཐུས་ཚང་དུ་གཏོང་ཞིང་། བདེ་འཇགས་ཐོན་སྐྱེད་ཆེད་དམིགས་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་དམ་འཛིན་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ལྟར་སེལ་བ་དང་བདེ་འཇགས་ལ་གནོད་པའི་དོན་རྐྱེན་ཚབས་ཆེན་དག་ནུས་ལྡན་སྒོས་བཀག་སྡོམ་བྱ་དགོས། གནོད་འཚེ་འགོག་བཅོས་བྱེད་ནུས་ཇེ་ཆེར་གཏོང་བའི་ལས་གྲྭ་ལག་ཏུ་བསྟར་ཞིང་། གནོད་འགོག་གེགས་སེལ་དང་འཚུབ་ཟློག་སྐྱོབ་སྲུང་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆུ་ལོག་ཞོད་སྐྱོན་དང་ཐན་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་འཚེ། ས་ཡོམ་སོགས་གནོད་འཚེ་སྔོན་འགོག་དང་གནམ་གཤིས་སྐོར་གྱི་ཞབས་ཕྱི་ལེགས་པར་བསྒྲུབ་དགོས། ཟས་རིགས་དང་སྨན་རྫས་ལ་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་སྤྱོད་བདེ་འཇགས་སྐོར་གྱི་གནད་འགག་རེ་རེ་མཐའ་གཅིག་ཏུ་དམ་སྲུང་བྱ་དགོས།

ང་ཚོས་སྣེ་མང་རྙོག་འཛིང་ཆེ་བའི་དོན་དག་མཐར་གཏུགས་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་ཡིན་པ་ཡིད་ལ་དམ་པོར་བཟུང་སྟེ། ད་ལོར་མུ་མཐུད་དུ་མང་ཚོགས་ཀྱི“ངེས་མཁོ་དང་དཀའ་ངལ། སེམས་ཁྲལ་དང་རེ་སྒུག་གི”གནད་དོན་ལ་དམིགས་ཏེ་དམངས་འཚོའི་དོན་དངོས་ལས་གཞི་ལག་བསྟར་བྱས་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སའི་དོན་དག་རེ་རེ་བཞིན་ཡག་པོར་བསྒྲུབ་དགོས་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་ངེས་པར་དུ་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་པ་དེ་ངེས་པར་དུ་ལག་བསྟར་བྱེད་པ་བཅས་ཀྱི་སྒོ་ནས་མི་དམངས་ལ་ཞབས་ཕྱི་སྒྲུབ་རྒྱུ་དེ་བྱེ་བྲག་གི་དོན་དངོས་ཐོག་འཁྱོལ་བར་བྱ་དགོས།

འཐུས་མི་རྣམ་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་ས་གནས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས། ང་ཚོས་སྔར་རྒྱུན་ལྟར་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་ཞིང་། རྒྱལ་སྲུང་སློབ་གསོ་དང་མི་དམངས་མཁའ་སྲུང་སོགས་ཀྱི་བྱ་བར་ཏན་ཏིག་སྒོས་སྐུལ་འདེད་བཏང་ཐོག འོས་འགན་དམག་མིའི་ཁྱིམ་ཚང་ལ་གཟིགས་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རུ་འཁྱུར་དམག་མི་སྤོ་སྐྱེལ་བཀོད་སྒྲིག་དང་ལས་ཞུགས་ལས་གཏོད་ཀྱི་ཞབས་ཕྱིའི་འགན་སྲུང་ཞིབ་ཚགས་ངང་ལེགས་སྒྲུབ་བྱེད་ཅིང་། གཉིས་བཀུར་མཉམ་སྐྲུན་ཟབ་སྤེལ་བྱས་ནས་དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་དེ་ཐོག་མཐའ་བར་གསུམ་དུ་བྲག་རི་བཞིན་བརྟན་པར་བྱ་དགོས།

གསུམ། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་བསྣན་དགོས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་གཞུང་དོན་ལས་བྱེད་པས་ངེས་པར་དུ་མི་དམངས་ཀྱི་རེ་འདོད་སྐོང་བའི་ལྷག་བསམ་བཅང་བ་དང་། བླ་མེད་ཀྱི་བསམ་བློའི་གོ་རྟོགས་དོན་དུ་གཉེར་བ། ཉམས་སད་ཐེག་པའི་འགན་འཁྲི་འཁུར་ནུས་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱིས་ཏང་གི་དཀའ་ངལ་སེལ་རོགས་དང་རྒྱལ་ཁབ་ལ་འགན་འཁྲི་འཁུར་བ། མི་དམངས་ལ་བྱས་རྗེས་བཞག་སྟེ། ཏང་དང་མི་དམངས་ཡིད་ཚིམ་པའི་རྒྱུགས་ལན་ཡག་པོ་སྤྲད་དགོས།

ཆབ་སྲིད་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ཀྱིས་ཤུགས་བསྣན་དགོས། ང་ཚོས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་ཅིང་། “གཏན་འཁེལ་གཉིས”རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་པ་དང་། “འདུ་ཤེས་བཞི”ཇེ་ཟབ་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་ཅིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་པ་ཇི་མ་ཇི་བཞིན་དོན་འཁྱོལ་མཐར་ཕྱིན་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་སྲུང་བྱེད་ཅིང་། ཏང་གི་ལོ་བརྒྱར་འབད་འཐབ་བྱས་པའི་ལོ་རྒྱུས་ཉམས་མྱོང་རྒྱུན་འཁྱོངས་བྱས་ཐོག རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་ཞིང་། སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་སྐྲུན་པ་དང་། སྟོབས་ཤུགས་མཉམ་བསྡུས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་རྟོགས་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཇེ་ཆེར་གཏང་རྒྱུ་དེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོན་པར་བྱ་དགོས།

རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་དགོས། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་རྣམ་དག་གིས་སྒྲུབ་པ་དང་། དམངས་འཐུས་ཚོགས་ཆེན་གྱིས་བཅའ་ཁྲིམས་ལ་ལྟ་སྐུལ་དང་བྱ་བར་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོས་ལྟ་སྐུལ་བཅས་བྱས་པ་རང་རྟོགས་ཀྱིས་དང་དུ་ལེན་ཞིང་། མང་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་གྱིས་དང་དུ་བླངས་ནས་འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཀྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབ་དགོས། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་ཅིང་། སྲིད་གཞུང་གིས་ཁྲིམས་འཛུགས་པ་དང་དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་འཛུགས་པའི་མཉམ་སྒྲུབ་རང་བཞིན་ཇེ་དྲག་ཏུ་བཏང་ཐོག སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཞིང་། དྲང་གཞག་ཚུལ་ལྡན་གྱིས་ཁྲིམས་འཛིན་ཚུལ་གཟབ་ནན་སྒོས་ཚད་ལྡན་དུ་བཏང་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་བྱ་སྤྱོད་རེ་རེའི་ཁྲོད་དུ་སྤྱོད་བཟང་གཞུང་དྲང་ཡིན་པ་མཐོང་ཐུབ་པ་དང་། ཁྲིམས་འཛིན་གཏན་འབེབས་རེ་རེའི་ཁྲོད་དུ་དྲང་གཞག་བདེན་སྐྱོང་ཡིན་པ་ཚོར་དུ་འཇུག་པར་འབད་འབུངས་བྱ་དགོས།

བྱ་བའི་སྤྱོད་ཚུལ་ཤུགས་ཡོད་རྒུས་བསྟུད་མར་ལེགས་བཅོས་བྱ་དགོས། ང་ཚོས་སྲིད་གཞུང་གི་བྱ་བ་མི་དམངས་ཀྱི་ཆེད་དུ་སྒྲུབ་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་བརྟེན་པ་བཅས་རྒྱུན་འཁྱོངས་བྱས་ནས་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་བསལ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། “སྤྱོད་ངན་བཞི”དང་ནང་སྒོས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བཅོས་སྐྱོང་བྱ་དགོས། ཡང་དག་པའི་སྲིད་སྐྱོང་གྲུབ་འབྲས་ལྟ་བ་རྒྱུན་འཁྱོངས་བྱེད་ཅིང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ཏེ། གཞི་རིམ་གྱི་ཁུར་བོ་སྔར་བས་ཇེ་ཡང་དུ་གཏོང་བ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་སྤྱད་ནས་དོན་འཁྱོལ་དམ་འཛིན་བྱ་དགོས་ལ། སྟབས་བདེ་ཅན་དུ་གཏོང་བ་དང་ལས་གང་འདོད་དུ་སྒྲུབ་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་ཅིང་། འགན་མི་འཁུར་བ་དང་དོན་མི་སྒྲུབ་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། མི་དམངས་མང་ཚོགས་ལ་ཕན་འདོགས་པའི་བྱ་བ་སྣ་ཚོགས་སྔར་བས་ལེགས་པར་བསྒྲུབ་དགོས།

སྤྱོད་གཙང་གཞུང་དྲང་གི་རང་གཤིས་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱ་དགོས། ང་ཚོས་རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ནམ་ཡང་ཉམས་སུ་མི་འཇུག་པ་དང་། བྱེད་པོའི་འགན་འཁྲི་དང“ལས་རྐང་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་མོ་བྱས་ཏེ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཟབ་མོ་གཏང་དགོས། “ནན་གསུམ་རྣལ་གསུམ”རྒྱུན་འཁྱོངས་བྱེད་ཅིང་། རྒྱ་ཆེའི་གཞུང་དོན་ལས་བྱེད་པར་བཟང་སྤྱོད་རྟོགས་པ་དང་སྤྱི་སྤྱོད་སྲུང་བ། རང་སྤྱོད་གཟབ་ནན་བཅས་བྱ་དགོས་ཚུལ་དང་སྤྱོད་པ་གཙང་བའི་མི་དང་དྲང་པོ་དྲང་བཞག་གིས་ལས་བྱ་དགོས་ཚུལ། རང་གཅུན་སྤྱི་གཅེས་དང་གྲོན་ཆུང་སྒོས་བློ་སྦྱོང་། རང་བཞིན་འགྱུར་མེད་བཅས་བྱ་དགོས་ཚུལ་གྱི་སློབ་གསོ་གཏང་དགོས། རྒྱུ་ནོར་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་བྱེད་ཅིང་། རྩིས་བཤེར་དང་བསྡོམས་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་བ་དང་། གྲོན་ཆུང་བསྲི་ཚགས་ཀྱིས་འཚོ་བ་རོལ་བའི་བསམ་བློ་བརྟན་པོར་བཅང་དགོས་ལ། “གཞུང་གསུམ”གྲོན་དངུལ་ཇེ་ཉུང་ལས་ཇེ་མང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས། སྤྱིར་བཏང་གི་འགྲོ་སོང10%ཉུང་འཕྲི་བྱས་ཏེ་རྩ་ཆེ་བའི་ནོར་སྲིད་མ་དངུལ་དེ་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོའི་བདེ་རྩ་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་ངེས་པ་དོན་གྱིས་སྤྱད་དགོས།

འཐུས་མི་རྣམ་པ། དུས་རིམ་གསར་བའི་ནང་དུ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ལེགས་པར་བསྐྱོད་དགོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་རེ་བཞག་ཆེན་པོ་བཅངས་ཡོད་ལ། མཐོ་སྒང་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ང་ཚོར་རེ་སྒུག་གིས་ཁེངས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ཁྲོད་དུ་མཚོ་སྔོན་གྱི་ལེའུ་བརྩམ་དགོས་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས། །