གྲོང་ཚོ་ཞིག་གིས་འཁྲབ་ཚོཊ་འདི་ལྟ་བུ་བཙུཊ་པ་ནི་ཧ་ལས་དགོས་པ་ཞིག་གོ

ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་དང་འབད་འཐབ་གྲུབ་འབྲས་ལས་མངོན་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་བསམ་པའི་འཚོ་བ་དང་བསམ་པའི་འཇིག་རྟེན་ལས་ཀྱང་མངོན་ཡོད། བདེ་སྐྱིད་འཚོ་བ་གར་གྱི་སྟངས་སྟབས་དང་ངག་གི་འགྱུར་ཁུག་ལ་དྲངས་ཏེ་ཀུན་གྱི་ལྟད་མོར་འབུལ་མཁན་དེ་ནི་མིག་ཡངས་གེ་སར་རིག་གནས་གླུ་གར་འཁྲབ་སྟོན་ཚོགས་པ་རེད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོ་མིག་ཡངས་སྡེ་བས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་ནུས་ཤུགས་འདོན་པ་དང་། དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་དང་གོང་འཕེལ་གཏོང་ཆེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྒྱུ་རྩལ་ལག་ལེན་གྱི་ཁྲོད་དུ་བསྲེས་ཏེ་མིག་ཡངས་གེ་སར་རིག་གནས་གླུ་གར་འཁྲབ་སྟོན་ཚོགས་པ་འདི་བཙུགས་པ་རེད།

མེས་རྒྱལ་ནི་མི་དམངས་ཀྱི་ཆེས་སྲ་ཞིང་བརྟན་པའི་གཞི་རྟེན་ཡིན་ལ། དཔའ་བོ་ནི་མི་རིགས་ཀྱི་ཆེས་འོད་དུ་འཚེར་བའི་མཚོན་རྟགས་ཡིན། མེས་རྒྱལ་ལ་བསྟོད་གླུ་ལེན་ཞིང་དཔའ་བོར་བསྔགས་བརྗོད་བྱེད་པ་ནི་གནའ་ནས་བཟུང་རིག་རྩལ་གསར་རྩོམ་གྱི་རྟག་བརྟན་གྱི་བརྗོད་གཞི་ཡིན་ལ། ཆེས་ཡིད་དབང་འཕྲོག་པའི་ལེའུ་དེའང་ཡིན། འཁྲབ་སྟོན་ཚོགས་པའི་ཚོགས་གཙོ་གཞོན་པ་པདྨ་མགོན་གྱིས་ངོ་སྤྲོད་གནང་བ་ལྟར་ན། ངག་རྒྱུན་དུ་ས་གནས་འདིར་སྔོན་ཆད་གླིང་རྗེ་གེ་སར་རྒྱལ་པོ་འཁོར་དང་བཅས་པ་བྱོན་མྱོང་བར་མ་ཟད་གནའ་ཤུལ་ཁ་ཤས་ཀྱང་ཡོད་ལ། ས་གནས་འདིའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བ་རོལ་སྟངས་སོགས་ཀྱང་སྔོན་ཆད་གླིང་གི་སྡེ་བའི་སྲོལ་རྒྱུན་ཡིན་ཞེས་རྒན་པོ་དག་གི་ངག་ན་ཐོས་རྒྱུ་ཡོད། དེ་ལྟ་བུའི་སྲོལ་རྒྱུན་གྱི་རྨང་གཞིའི་སྟེང་། 1983ལོར་དགེ་རྒན་ངག་དབང་ཕུན་ཚོགས་ལགས་དགའ་བདེ་རྫོང་ལུང་སྔོན་དགོན་པའི་བླ་མ་གཏུམ་པོའི་རྣམ་ཐར་ཚོགས་པའི་ནང་ཞུགས་ཏེ། གེ་སར་འཁྲབ་སྟོན་གྱི་འཁྲབ་ཚུལ་དང་རྣམ་ཐར་གཞན་གྱི་འཁྲབ་ཚུལ་སོགས་ལ་སློབ་སྦྱོང་མཛད། དེ་ནས་དུས་ཡུན་རིང་པོར་སློབ་སྦྱོང་དང་སྒྲིག་འཛུགས་བྱས་པ་བརྒྱུད། 2018ལོར་ད་གཟོད་ཚད་ལྡན་དུ་གྱུར་ཏེ་ས་གནས་དེ་གའི་མི་གྲངས་360ཡས་མས་ཀྱིས་གླིང་རྗེ་གེ་སར་གྱི་རྟ་རྒྱུག་ནོར་བུ་ཆ་བདུན་ཐོག་མར་འཁྲབ་སྟོན་བྱས་པ་དང་། དེ་ནས་བཟུང་གླུ་གར་དང་དྲི་མེད་ཀུན་ལྡན་སོགས་ཀྱི་རྣམ་ཐར་ཡང་འཁྲབ་སྟོན་བྱེད་འགོ་ཚུགས།

རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་རིག་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན་ལ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་ལོ་རྒྱུས་ཁ་ཕྱོགས་ཤིག་ཡིན། ལོ་ངོ་བཞིའི་རིང་། གྱོན་གོས་དང་འཁྲབ་ཆས་སོགས་ཀྱི་མཐུན་རྐྱེན་ཐད་དཀའ་ངལ་ཁྱད་དུ་བསད་པ་བརྒྱུད་མིག་ཡངས་གེ་སར་རིག་གནས་གླུ་གར་འཁྲབ་སྟོན་ཚོགས་པ་འདི་ད་ལྟ་ཇེ་ལེགས་དང་ཇེ་རྒྱས་སུ་གྱུར་ཡོད་ཅིང་། རྣམ་ཐར་འཁྲབ་སྟོན་ལས་གཞན་ད་དུང་ཞབས་བྲོ་དང་དམངས་གླུ་སོགས་སྲོལ་རྒྱུན་གྱི་དམངས་ཁྲོད་སྒྱུ་རྩལ་བརྩམས་ཆོས་ཀུན་གྱི་སྤྱར་སྔར་འབུལ་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ། མི་དམངས་ལ་དབང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་རྩ་བའི་ལངས་ཕྱོགས་ཡིན་ལ། སྤྱི་ཚོགས་རིང་ལུགས་རིག་རྩལ་དར་རྒྱས་གོང་འཕེལ་འགྲོ་བའི་སྒུལ་ཤུགས་གནས་ས་ཡང་ཡིན་ཞེས་གསུངས་པ་ནང་བཞིན། འཁྲབ་སྟོན་ཚོགས་པ་འདིས་ལོ་རེར་སྒྱུ་རྩལ་འཁྲབ་སྟོན་གྱི་ལྟད་མོ་གྱ་ནོམ་པ་ཞིག་མང་ཚོགས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་ཡོད་དེ། ལོ་གསར་དུས་སྟོན་དང་། དང་པོའི་བཅོ་ལྔའི་དུས་ཆེན། དབྱར་ཟླ་ར་བའམ་སྤྱི་ཟླ་དྲུག་པ་ཡས་མས་སུ་ཉིན་ལྔ་དྲུག་ཙམ་ལ་རྟ་རྒྱུག་ནོར་བུ་ཆ་བདུན་དང་རྣམ་ཐར། གླུ་དང་ཞབས་བྲོ་སོགས་འཁྲབ་སྟོན་བྱེད་པ། སྟོན་ཟླ་བརྒྱད་པ་ནས་དགུ་བའི་མཚམས་སུ་སྟོན་ཁའི་རྩེད་རིག་ཅེས་ཉིན་གཉིས་གསུམ་གྱི་རིང་ལ་འཁྲབ་སྟོན་བྱེད་པ། དགུན་ཟླ་ར་བའི་སྐབས་སུའང་འཁྲབ་སྟོན་ཐེངས་གཅིག་བྱེད་པ་བཅས་ལོ་གཅིག་ལ་ཁྱོན་བསྡོམས་འཁྲབ་སྟོན་ཆེན་མོ་ཐེངས་ལྔ་བྱེད་པ་ཡིན། གཞན་ཡང་དུས་རྒྱུན་གྱི་ཁང་སྟོན་དང་རྫོང་སྟོན། ཡུལ་ཚོའི་དགའ་སྟོན་སོགས་སུ་གླུ་གར་འཁྲབ་སྟོན་ཚོགས་པའི་ནང་ནས་བྲོ་པ་32 སྒྲིག་འཛུགས་བྱས་ཏེ་འཁྲབ་སྟོན་བྱེད་བཞིན་ཡོད།

མ་འོངས་པར་ཡང་མིག་ཡངས་གེ་སར་རིག་གནས་གླུ་གར་འཁྲབ་སྟོན་ཚོགས་པ་འདིས་མུ་མཐུད་དུ་ཏང་དང་བློ་གཅིག་སེམས་གཅིག་དང་། མི་དམངས་དང་མཉམ་འགྲོ་མཉམ་སྐྱོད་བྱེད་པ་དང་། ལྟེ་བར་གཞིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ། དུས་རབས་གོང་འཕེལ་གྱི་སྐད་སྒྲར་ཉན་པ། སྒྱུར་བཅོས་གསར་གཏོད་ཀྱི་ལག་ལེན་དངོས་ལ་བསྟོད་གླུ་ལེན་རྒྱུ་མ་ཟད། དུས་རབས་ཀྱི་འགྱུར་ལྡོག་དང་། ཀྲུང་གོའི་གོང་འཕེལ། མི་དམངས་ཀྱི་རེ་འབོད་ཁྲོད་དུ་བརྗོད་དོན་གཙོ་བོ་ཞུན་བརྡར་དང་། བརྗོད་གཞི་བསྡུ་ལེན་བྱས་ཏེ། ཀྲུང་ཧྭའི་ལོ་རྒྱུས་ཀྱི་མཛེས་ཉམས་དང་རི་ཀླུང་གི་མཛེས་ཉམས། རིག་གནས་ཀྱི་མཛེས་ཉམས་བཅས་མངོན་པ་དང་། ཀྲུང་གོ་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་དང་། གསར་གཏོད་ནུས་པ། གོང་འཕེལ་གྱི་གྲུབ་འབྲས་བཅས་མངོན་པ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མངོན་པ་བཅས་ཀྱི་བརྩམས་ཆོས་གང་ལེགས་གང་མང་མི་རྣམས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་སྤྱན་འབུལ་ཞུ་རྒྱུ་རེད།