སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས། ཨང་གྲངས་སོ་བཞི།

ཨང་གྲངས་སོ་བཞི།

རྦབ་ཆུ།

/

1

/

བརྩེ་དུང་གི་བུ་ལོན་འཇལ་ཕོད་མཁན་དག་ནི་ལས་དབང་ལ་ཡིད་ཆེས་མཁན་ཤ་སྟག་ཡིན།

ལོ་ཁ་ཤས་རྗེས་ཀྱི་ཉིན་མོ་ཞིག་ལ།ངས་རང་ཉིད་ཀྱིས་བྲིས་པའི་སྙན་ངག་གི་དེབ་དེའི་དཀར་ཆག་ལས་ཆེད་དུ་སྙན་ངག་འགའ་རེའི་ཁ་བྱང་ལ་ཞ་སྨྱུག་གིས་རྟགས་བཀོད་ཅིང་།དཀར་ཆག་གི་ཤོག་ལྷེའི་སྲུབས་སུ་འབྲོག་མོ་ཆུང་ཆུང་གི་པར་ཡོད་པའི་ཤོག་བྱང་ཞིག་བཅུག་སྟེ། གྲོང་ཁྱེར་དེའི་སྦྲག་ཁང་རྒྱུས་མེད་ཅིག་ནས་རྒྱང་རིང་གི་ཁོ་མོའི་ཕྱོགས་སུ་བསྐུར།

ངས་ཐ་སྙད་ཀྱི་ཚོགས་རྒྱ་ཆེར་བསགས་ཏེ།

མི་ཞིག་དང་འཛོམས་པའི་སྐལ་བཟང་ལ་སྒུག་གིན་ཡོད།

ཚིག་རྐང་འདི་གཉིས་ནི་ཉེ་དུས་ངས་བྲིས་པའི་ཁ་བྱང་མེད་པའི་སྙན་ངག་ཚན་པ་གཅིག་ཡིན།ཟིན་དེབ་ལི་ཝང་མདོག་དེའི་སྲིབ་ལོགས་ཤིག་ཏུ་བྲིས་ཡོད་ལ།ང་རང་གིས་མ་གཏོགས་མི་གཞན་སུས་ཀྱང་མཐོང་མ་མྱོང་།

ཁ་བྱང་མེད་པའི་སྙན་ངག་ཚིག་རྐང་དེ་གཉིས་ལ་བཅངས་པའི་བརྩེ་བ་ལྟར།ངས་རང་དང་ས་ཐག་སྤྱི་ལེ་དུ་མས་ཆོད་པའི་ཁོ་མོའི་བར་ལས་དབང་གི་རྟོད་ཐག་སྲ་མོས་དམ་དུ་བཀྱིགས་ཡོད་སྙམ་ལ།ནམ་ཞིག བར་ཐག་གིས་བཀྱེད་པའི་ངེད་གཉིས་ཀྱི་སེམས་པ་ཟུང་བརྩེ་བས་ཉེ་བར་བསྟུངས་ཏེ་མཉམ་འཛོམས་བྱུང་ན་བསམས།

གལ་ཏེ།མ་འོངས་པའི་ཉིན་གང་རུང་ཞིག་ལ་ང་གཉིས་སླར་ཡང་ཐུག་འཕྲད་བྱུང་ཚེ། ངས་རྣམ་ཀུན་བཞིན་ཟིན་དེབ་ལི་ཝང་མདོག་དེ་དལ་མོར་ཁ་ཕྱེ་སྟེ་ཚིག་རྐང་སུམ་ཅུ་སོ་བཞི་ཡོད་པའི་སྙན་ངག་རིང་པོ་ཞིག་བྲིས་ཤིང་།ཁ་བྱང་ལ《འཛོམ་ཆིངས་རིང་མོ》ཞེས་གདགས་ངེས།ད་དུང་།གྲོང་ཁྱེར་དེའི་ཁུ་སིམ་པའི་མཚན་མོ་ཞིག་ལ་གཅིག་པུར་མུན་པར་ཁ་གཏད་དེ་སྐད་གདངས་དམའ་མོས་གྱེར་ངེས།

/

2

/

དགོང་མོ་དེར། ཁོས་སློབ་ཚན་གྲོལ་མ་ཐག་ཏུ་སློབ་གྲྭའི་ལག་རྩེད་སྤོ་ལོའི་ཐང་ཆེན་ཉེ་འགྲམ་གྱི་སྤྱི་གླིང་ཆུང་ཆུང་དེར་ཕྱིན་ནས་རྡོ་བཀྱག་གི་སྟེང་དུ་ཡུན་རིང་ཙོག་པུར་བསྡད།གནས་ཚུལ་ཞིག་ལ་བསམ་བློ་གཏོང་བཞིན་ལག་ཏུ་ཉར་བའི་ཁ་པར་དེ་ལས་ཆ་རྒྱུས་ཆེ་བའི་ཨང་གྲངས་ཤིག་མནན་ཏེ་དེའི་ཕྱོགས་སུ་ཁ་པར་བཏང་།

“ཨ་མ། ག་རེ་བྱེད་ཀྱིན་བསྡད་ཡོད།ཉེ་དུས་སྐུ་ཁམས་བདེའམ།ལས་བྲེལ་ཆེའམ།”

“ང་སློབ་གྲྭར་བསྡད་ཡོད།དགོང་མོའི་ཁ་ལག་བཟས་ཚར་ཙམ་ཡིན།”

“ཉེ་དུས་སློབ་སྦྱོང་དང་འཚོ་བ་སོགས་ལ་དཀའ་ཁག་ཅི་ཡང་མི་འདུག”

“ཁྱེད་དང་ཨ་ཕ་བློ་བདེ་མོ་བྱོས།”

ཁོས་དབུགས་ཐེངས་གཅིག་ལ་སྐད་ཆ་འདི་དག་བཤད་ཅིང་། ཁ་པར་ནང་གི་ཨ་མའི་སྐད་སྒྲ་ཐོས་རྗེས་རེ་ཞིག་སེམས་པ་ལྷོད་ལ་བབས།

ཅུང་འགོར་རྗེས།ཁོས་སླར་ཡང་ཐེ་ཚོམ་ངང་ཆ་རྒྱུས་ཆེ་བའི་ཨང་གྲངས་གཞན་ཞིག་ལ་ཡུན་རིང་ཅེར། མཐར་དབུགས་རིང་དང་བཅས་དེའི་ཕྱོགས་སུ་ཡང་ཁ་པར་བཏང་།

“རང་ག་རེ་བྱེད་བཞིན་ཡོད། ད་ལྟ་ཉལ་ཁང་ན་བསྡད་ཡོད་དམ།”

“ངས་རང་ལ་གནས་ཚུལ་ཞིག་ལབ་རྒྱུ་ཡོད། གནས་ཚུལ་དེ་ཕལ་ཆེར་རང་གིས་ཤེས་སྲིད།”

ཁོས་སླར་ཡང་དབུགས་ཐེངས་གཅིག་ལ་སྐད་ཆ་འདི་དག་བཤད་ཅིང་། མུ་མཐུད་དབུགས་རིང་ཞིག་བཏང་སྟེ་སློབ་གྲྭའི་ཉལ་ཁང་དུ་ལོག

ལམ་བར་དུ་ཁོ་ལ་དངངས་སྐྲག་དང་འཚབ་འཚུབ་ཆེན་པོ་སྐྱེས། རེ་ཞིག་ནང་སེམས་བློང་བློང་པོར་གྱུར་ནའང་ད་གིན་རང་གིས་ཁ་པར་ནང་བློ་ཁོག་ཆེན་པོས་བཤད་པའི་སྐད་ཆ་དེས། ཡང་སྙིང་ཁོ་མོའི་བློ་ལ་ཅི་ཞིག་བསམས་ཡོད་མེད་ལ་ཚོད་དཔག་འདྲ་མིན་བྱས།

གློ་བུར་དུ། ཁོའི་རྣ་བར་རྒྱུན་དུ་གོ་ལོབས་སུ་སོང་བའི་རང་གི་ཁ་པར་གྱི་འཕྲིན་བརྡ་གྲག་བྱུང་། ཁོས་རྟབ་རྟབ་པོར་ཁུག་མ་ལས་ཁ་པར་ལག་ཏུ་བླངས་ནས་བལྟས་དུས།དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་སོ་བཞི་ཞེས་བརྙན་ཤེལ་ཐོག་ལ་མངོན་ཞིང་།གཤམ་དུ“གལ་སྲིད་རང་གིས་ཟླ་བ་འདིའི་ཡིག་རྒྱུགས་རྣམ་གྲངས་ཁག་གི་བསྡོམས་སྐར། འཛིན་གྲྭའི་མདུན་ནས་བརྩིས་པའི་ཨང་རིམ་གསུམ་པའི་ནང་དུ་ཚུད་ཡོད་ན།རང་གིས་ད་གིན་ང་ལ་བཤད་ཅིང་ངས་ཤེས་པའི་གནས་ཚུལ་དེ་ཁས་བླངས་ཆོག”ཅེས་བྲིས་པའི་འཕྲིན་ཐུང་ཞིག་ཀྱང་གསལ།

ཁོས་ཁ་པར་གྱི་གློག་སྒོ་ལམ་སང་མ་བཀག་པར། འཕྲིན་ཐུང་དེའི་སྟེང་དུ་མི་ཞིག་གི་བྱད་བཞིན་ལྟར་མངོན་པའི་ཆ་རྒྱུས་ཆེ་བའི་ཨང་གྲངས་དེར་ཡང་ཡང་བལྟས།

ཉལ་ཁང་དུ་ལོག་པའི་ལམ་བར་དུ་ཁ་པར་གྱི་འཕྲིན་བརྡ་གྲག་པ་ནི་གློ་བུར་བའི་དོན་ཞིག་གཏན་ནས་མིན།འཕྲིན་ཐུང་གི་ནང་དོན་དེའང་ཡ་མཚན་སྐྱེ་དགོས་པ་ག་ལ་ཡིན།འོན་ཀྱང་།འཕྲིན་ཐུང་དེའི་ནང་དོན་གྱིས་ཁོ་ལ་སྦྱིན་པའི་ཚོར་བ་ནི།གློ་བུར་དུ་ལྷགས་པའི་དོན་ཞིག་ཅིས་ཀྱང་ཡིན་སྲིད།

གལ་ཏེ་འཕྲིན་ཐུང་དེ་སྔ་ཙམ་འབྱོར་ཡོད་ན།ཁོ་མོས་གནས་ཚུལ་དེ་སྔ་ཙམ་ནས་ཁོ་པར་བཤད་ཡོད་ན། ཁོས་ཟླ་རྒྱུགས་དེ་མ་བཏང་བའི་སྔོན་ནས་བསྐྱར་སྦྱོང་གི་སྟ་གོན་ལེགས་པར་བྱས་ཏེ།ཁོ་གཉིས་ཕན་ཚུན་གྱིས་ཤེས་པའི་དོན་དེ་བསམས་པ་བཞིན་བདེ་བླག་ངང་འགྲུབ་ཐུབ་བམ།

དགོང་མོ་དེར་ལྷགས་པའི་གནས་ཚུལ་དེ་དག ད་ལྟའང་ངའི་དྲན་པའི་ཁྲོད་དུ་གསལ་ལེར་གནས་འདུག དགོང་མོ་དེ་ནས་ང་དང་གཡུ་ཆུང་བར་གྱི་གཏམ་རྒྱུད་དེ་མགོ་ཚུགས་པ་འདྲ། འོན་ཀྱང་།ད་ཚོད་བྱས་ན་དེ་ནི་གཏམ་རྒྱུད་མིན་པར་ངེད་གཉིས་ཀྱི་འཚོ་བའི་ནང་འཕྲད་དགོས་ངེས་ཀྱི་གནས་ཚུལ་ཆུང་ཆུང་ཞིག་རེད། ཕལ་པའི་མི་ཚེ་གཅིག་གི་དུས་ཚོད་རིང་མ་ཐུང་དེའི་ནང་བརྒྱུད་དགོས་ངེས་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན་སྲིད། སྐབས་དེ་དུས་ངེད་གཉིས་ནི་མཐོ་འབྲིང་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན། ང་རང་གི་སློབ་སྦྱོང་སྦྱངས་འབྲས་ཅུང་ལེགས་ཤིང་རྒྱུན་དུ་ལག་རྩེད་སྤོ་ལོ་རྩེ་རྒྱུར་དགའ། གཡུ་ཆུང་ནི་རྒྱུན་དུ་སློབ་ཁང་ནང་རྩེད་མོ་རྩེ་རྒྱུར་དགའ་ཡང་སློབ་ཚན་འཚོགས་སྐབས་ཁུ་སིམ་པའི་བུ་མོ་ཞིག་ཡིན།

སྐབས་དེ་དུས། ངེད་གཉིས་ལོ་ཆུང་།

/

3

/

ཁོ་དང་གཡུ་ཆུང་གཉིས་ཀར་ཐུན་མོང་གི་ཚོར་བ་ཞིག་བྱུང་བ་ནི། ཁོ་གཉིས་ཕན་ཚུན་སྔོན་མ་ནས་ངོ་ཤེས་ཤིང་འདྲིས་པའི་སྣང་བ་དེ་རེད།

མི་ཁག་གཅིག་ལ་ཕན་ཚུན་ཐེངས་དང་པོ་འཕྲད་པའི་སྐད་ཅིག་དེར་དེ་འདྲའི་ཚོར་སྣང་འབྱུང་སྲིད་ལ།མི་ཁག་གཅིག་གཤིབས་ནས་དུས་ཚོད་ཅུང་འགོར་རྗེས་དེ་འདྲའི་ཚོར་སྣང་ཡོང་གིན་ཡོད་པ་འདྲ།ཁོ་གཉིས་ནི་ལོ་ཡི་བགྲང་བྱ་གཉིས་ལྷག་གི་རིང་སློབ་ཁང་གཅིག་གི་ནང་མཉམ་དུ་སློབ་ཚན་འཚོགས་ནས་བསྡད་ཅིང་། ཐ་ན་ཕན་ཚུན་བར་སློབ་སྦྱོང་དང་མ་འབྲེལ་བའི་གསང་གཏམ་སྣ་ཚོགས་བཤད་རྒྱུར་གོམས་པས། རིམ་གྱིས་དེ་འདྲའི་ཚོར་སྣང་ཞིག་ཀྱང་ཐོལ་ཐོལ་དུ་སྐྱེས།

ལོ་གཉིས་ལྷག་གི་དུས་ཚོད་ནང་། ཁོ་གཉིས་ཀྱིས་ཁོ་གཉིས་སོ་སོ་དང་སློབ་གྲོགས་གཞན་བར་གྱི་གནས་ཚུལ་ལམ།ཁོ་གཉིས་སོ་སོ་དང་སློབ་གྲོགས་གཞན་བར་གྱི་འབྲེལ་བའི་སྐོར་ཤ་སྟག་ཕན་ཚུན་སེམས་པ་སྦྱར་ནས་ལབ་རེས་བྱས་པ་ལས། ཁོ་གཉིས་སོ་སོའི་བར་གྱི་འབྲེལ་ཐག་ཉེ་རུ་གཏོང་བར་འདང་ཞིག་བརྒྱབ་མ་མྱོང་།

སྐབས་རེར། ཁོས་གཡུ་ཆུང་ལ་ལོ་རིམ་དམའ་བའི་བུ་མོ་གཞན་གྱི་སྐོར་ལབ་ཅིང་། བུ་མོ་དེ་ཚོར་རང་གི་བརྩེ་བ་མཚོན་པའི་ཡིག་ཆུང་ཤོག་ལྷེ་ཁ་ཤས་བྲིས་ཏེ་གཡུ་ཆུང་ཁོ་ཚོའི་འཛིན་གྲྭའི་སྒོ་ཁར་བསྐྱལ་བར་མངགས་ཀྱིན་ཡོད། ཡང་སྐབས་རེར།གཡུ་ཆུང་གིས་ཁོ་ལ་འཛིན་གྲྭ་གཅིག་པའི་བུ་སུ་ཞིག་ཕྱིའི་རྣམ་པ་རྫིག་པོ་ཡོད་ཚུལ་དང་། ཁོ་ཚོ་ནི་རང་གི་ཡིད་སྨོན་བྱ་ཡུལ་ཡིན་ཞེས་བརྗོད་ཀྱིན་ཡོད།

སྐྱེ་བ་མང་པོའི་ལས་དབང་གིས་ཚེ་འདིར་འཕྲད་དུ་བཅུག་པའི་སྐྱེ་བོ་ཕོ་མོ་གཉིས་ཀྱིས། ཐོག་མ་ནས་རང་གི་འཚོ་བའི་ནང་ཆེས་ཐག་ཉེ་བའི་མི་དེར་བརྩེ་དུང་དམིགས་བསལ་ཞིག་ཡོད་མིན་ལ་སྣང་བ་འཇོག་མི་སྲིད། དུས་ཚོད་ཅུང་རིང་པོ་སོང་རྗེས་ཕན་ཚུན་བརྩེ་ཞིང་དགའ་བར་གྱུར་ཀྱང་། རེ་ཞིག་ཕན་ཚུན་ངོ་མི་ཤེས་པ་ལྟར་ཁ་གྲག་མི་ནུས་པའི་གནས་ལ་གྱར་སྲིད།

ད་དུང་། ཁ་ཤས་ཀྱིས་མཇུག་འབྲས་ལ་གདོང་གཏོད་མི་ཕོད་པར་ཕན་ཚུན་གཏན་དུ་ཁ་གྱེས་ཏེ། ཚེ་གང་ས་ཆ་ཁག་ཁག་ཏུ་འཚོ་བ་བསྐྱལ་སྲིད།

/

4

/

ངའི་དྲན་པའི་ཁྲོད་ཀྱི་དབྱར་ཟླ་དྲུག་པ་ནི་སྐྱོ་གདུང་དང་རེ་བས་བལྟམས་པའི་དུས་ཚིགས་དམིགས་བསལ་ཞིག་ཡིན།

ལོ་དེའི་དབྱར་ཟླ་དྲུག་པར་ང་དང་གཡུ་ཆུང་མཐོ་འབྲིང་སློབ་གྲྭ་ནས་ཐོན་ཏེ།རེ་ཞིག་འདུས་པའི་ཚོང་འདུས་མགྲོན་པོ་ཇི་བཞིན་ཕན་ཚུན་ཁ་བྲལ་ནས་འཆར་ཡན་དང་ཕུགས་བསམ་གྱིས་ཕྱུག་པའི་རང་རང་གི་སློབ་ཆེན་ལམ་བུར་ཆས། དོན་དུ་དུས་དེ་ནས་བཟུང་སྟེ་ང་དང་གཡུ་ཆུང་བར་གྱི་མང་པོ་མང་པོ་ཞིག་ལས་ཀྱིས་ལྐོག་ལྐོག་སུད་སུད་ངང་གཡུགས་པ་ལྟར། ངེད་གཉིས་སུས་ཀྱང་མ་ཚོར་བར་བོར་མགོ་ཚུགས།

ཡང་ན། དུས་དེ་ནས་བཟུང་ངས་གཡུ་ཆུང་སླར་ཡང་དྲན་པའི་ཁྲོད་ནས་ངོ་ཤེས།

ལོ་དེའི་ཟླ་བ་དྲུག་པར་ཁོ་དང་གཡུ་ཆུང་ཁ་བྲལ་བ་ནས། རྒྱུན་དུ་སྐད་འཕྲིན་སོགས་ལས་འབྲེལ་བ་བྱུང་བ་མ་གཏོགས། ཕན་ཚུན་ཐེངས་གཅིག་ལས་ཐུག་འཕྲད་བྱུང་མེད། ནམ་ཞག་རྒྱུན་དུ་ཁོས་དེ་སྔོན་ཟླ་རྒྱུགས་ཀྱི་སྦྱངས་འབྲས་དཔང་དུ་བཞག་སྟེ། གྲོས་འཆམ་བྱུང་བ་ལྟ་བུའི་གྲོས་གཞི་ཞིག་ལ་སླར་ཡང་གདེང་ཚོད་ཀྱིས་ཐག་གཅོད་པའི་ལོ་ཟླ་དེ་དག་དྲན་ལ། མཐོ་འབྲིང་འཚོ་བའི་ཆེས་མཇུག་མཐའི་ཉིན་མོ་དེ་དག་གི་ནང་།ཕན་ཚུན་ཡིད་སྨོན་དང་དགའ་མགུའི་མིག་ཟུང་ལ་བལྟས་ཏེ། སྣང་བ་སྐྱིད་པོའི་ངང་སློབ་གྲྭའི་འཚོ་བར་རོལ་བ་ཡང་ཡང་དྲན།

ཁོར་ཡུག་གསར་པ་ཞིག་ལ་མ་གོམས་དུས། གོམས་ཟིན་པའི་ཁོར་ཡུག་རྙིང་པ་དེར་ཞེ་ནས་འཁྲེང་བ་དང་། ན་ཚོད་ཅེས་པའི་དུས་ཚོད་མཚོན་བྱེད་ཀྱི་ཨང་ཀི་དེ་ཇེ་ཆེ་ནས་ཇེ་ཆེར་འགྲོ་སྐབས། སླར་ཡང་འདས་སོང་གི་དབྱིངས་སུ་ལྷུང་བའི་བྱ་བ་རྣམས་དྲན་དགོས་པ་ནི། འགྲོ་བ་མིའི་གཉུག་གཤིས་དང་གཏན་དུ་འབྲེལ་བའི་ཆོས་ཉིད་ཅིག་སྟེ། དེ་ནི་ཅིས་ཀྱང་ཁེ་ཕན་སེན་མོ་གང་གིས་ཀྱང་མ་བསླད་པའི་བརྩེ་དུང་རྣམ་དག་ཅིག་ཡིན་འོས།

ལོ་དེ་དག་ནང་། ཁོས་གཡུ་ཆུང་ཡིད་ལ་དྲན་པའི་ཚོར་བ་རྣམས་བརླགས་ནས་སྒྲུག་ཐབས་མེད་པའི་འདས་སོང་གི་དུས་ཚོད་ཀློང་དུ། མི་རྒྱུས་མེད་ཅིག་གིས་རང་གི་ལག་མཐིལ་གྱི་གསེར་ཕྱེ་སྦར་མོ་སྒང་ལ་ཕུ་བཏབ་པ་བཞིན་བསྐྱུར་སྙིང་མ་འདོད་པར། ནན་ཏན་ངང་ཟིན་དེབ་ལི་ཝང་མདོག་ཅིག་གི་སྟེང་དུ་ཡི་གེར་བཀོད་དེ་རང་ཉིད་ལྟར་གཅེས་སྤྲས་བྱེད་བཞིན་ཡོད།

ནམ་ཞིག་ཟིན་དེབ་དེ་གཡུ་ཆུང་གི་ལག་ཏུ་འབུལ་ཐུབ་ནའང་བསམས།

/

5

/

ཉི་འོད་ལྟ་བུའི་ཁྱེད་རང་།

རྒྱང་རིང་གི་ཉི་འོད་ཀློང་དུ།

ཁ་བའི་མེ་ཏོག་བཞིན་འཚོ་གིན་ཨེ་ཡོད།

ཚིག་རྐང་འདི་གསུམ་ནི་ཉེ་དུས་ངས་བྲིས་པའི་ཁ་བྱང་མེད་པའི་སྙན་ངག་ཚན་པ་གཅིག་ཡིན།མི་གཞན་སུ་ལའང་བསྟན་མ་མྱོང་ཞིང་།ཟིན་དེབ་ལི་ཝང་མདོག་དེའི་ཉིན་ལོགས་ཤིག་ཏུ་བྲིས་ཡོད། ངས་སྙན་ངག་དེ་བཞིན་ཐ་སྙད་ཀྱི་ཀློང་དུ་ཡུན་རིང་བསྐུངས་པའི་གཡུ་ཆུང་། ནམ་ཡང་རྒྱང་རིང་གི་རྒྱང་རིང་ཞིག་ན། ཡིད་དུ་འོང་བའི་ངོ་གདོང་ཆུང་ཆུང་དེར་ལོ་དུ་མའི་སྔོན་གྱི་འཛུམ་མདངས་དེ་གཏན་དུ་མ་ཡལ་བར། ཁ་བ་ལྟར་དྭངས་གཙང་ངང་འཚོ་གབཞིན་ཡོད་སྙམ།

ད་དུང་། ཆེས་རྒྱུས་ཡོད་ཀྱི་གྲོང་ཁྱེར་དེའི་ཕྱི་དྲོ་ཞིག་ལ།སྤྱི་སྤྱོད་རླངས་འཁོར་ཨང་གྲངས་སོ་བཞིའི་ནང་ནས་སྣང་མེད་ངང་མཉམ་དུ་ཐུག་སྟེ། སླར་ཡང་། གྲོས་འཆམ་མ་བྱུང་བའི་གྲོས་གཞི་ཞིག་ལ་རང་གི་གདེང་ཚོད་ཀྱིས་ཐག་བཅད་པ་ལྟར། སྐད་ཆ་ཅི་ཡང་མ་བཤད་པར་ཐད་ཀར་གཡུ་ཆུང་གི་ལག་པ་ནས་དམ་པོར་འཇུས་ཏེ། རྒྱུན་དུ་འགྲོ་སའི་ཨར་ཁང་དེའི་ནང་ལ་འཛུལ་ནས་སྦི་རག་དཀར་པོ་ཤེལ་དམ་གང་ཧུབ་ཀྱིས་བཏུངས་ཤིང་།སྦི་རག་དེ་བཞིན་ལོ་མང་བསྙལ་བའི་སྙིང་གཏམ་མང་པོ་ཡུག་གཅིག་ཏུ་བཤད་ཐུབ་ན་བསམས།

དེ་དུས། ངེད་གཉིས་སོ་སོར་རང་རང་ལ་དབང་བའི་ཁྱིམ་ཚང་ཆུང་ཆུང་རེ་དང་།རང་རང་ལ་འཚམ་པའི་འཇིག་རྟེན་གྱི་འཚོ་བ་རེ་ཡོད་ངེས།ཡིན་ནའང་།གཞོན་ནུའི་དུས་ཀྱི་བརྗེད་པར་དཀའ་བའི་དྲན་པ་དེ་རྣམས་སེམས་ཀྱི་གྱང་ལྡེབས་སུ་རང་བཞིན་གྱིས་མངོན་དུས།ཚ་གདུག་ཆེ་བའི་གྲོང་ཁྱེར་དེའི་ཉིན་གུང་ཞིག་ལ་འཁྱག་པ་བསྲེས་པའི་བཏུང་བྱ་ཕོར་པ་གང་ཧུབ་ཀྱིས་བཏུངས་པ་ལྟར།རེ་ཞིག་ཁོག་པའི་གཏིང་ནས་གྲང་ཤུར་ཤུར་བྱེད་ལ་མངར་སིང་སིང་ཡང་བྱེད།

དེ་ནི་འདོད་པ་ལས་འགོངས་པའི་མི་ཚེའི་ལོངས་སྤྱོད་གཞན་ཞིག་སྟེ།དུས་ཚོད་དང་ཕ་མས་དེད་ནས་གཉེན་སྒྲིག་གི་ཀློང་དུ་ཚུད་པའི་ཕོ་མོ་སུ་ཞིག་གིས་ཀྱང་།རང་གི་གཞོན་ནུའི་དུས་ཀྱི་ལྷད་མེད་དྭངས་གཙང་གི་བརྩེ་དུང་དེ།སེམས་པ་ལྷོད་ལ་འབེབས་བྱེད་ཀྱི་ཚུལ་དུ་ལྐོག་ལ་དྲན་གསོ་བྱ་ཆོག་ལ།ཐ་ན་མི་ཚེའི་དུས་མཚམས་གང་རུང་ཞིག་ལ་རང་དབང་དུ་རྨི་ལམ་བཞིན་རྨིས་ཀྱང་ཆོག

མི་ནི་ཧྲུག་ཆག་ཐེབས་ཟིན་པའི་མེ་ལོང་ལྟར།རང་ཉིད་ནི་ཅི་འདྲའི་ཆ་མ་ཚང་རུང་ད་དུང་གཞན་ལ་འོད་ཟེར་འཕྲོ་གང་ཐུབ་བྱེད་དགོས་མཁན་ཞིག་དང་། དྲན་པའི་སྒོ་ཟྭ་རང་གི་ལག་ཏུ་ཡོད་པའི་སྲོག་ཆགས་ཡ་མཚན་ཅན་ཞིག་ཡིན་པས། སྐབས་རེར། སེམས་ཀྱི་གས་ཁ་ཕྱི་ལ་བཏོན་ཆོག་ཅིང་དྲན་པའི་སྒོ་མོ་ཡངས་པོར་དབྱེ་ཆོག

མ་གཞི་ནས་འཁོར་བའི་བདེ་སྐྱིད་ལ་མཁོ་བའང་བརྩེ་དུང་གི་རང་དབང་སྟེ།རང་དབང་དང་བརྩེ་དུང་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་པ་ལས་སེམས་ལ་དྲོད་འཁོལ་བྱུང་བ་མིན་ནམ།

/

6

/

ད་ལོ་ཕོ་ལོ་ཉེར་ལྔར་སླེབས་པའི་ཁོས།རང་གི་ཉི་ཤུ་རྩ་ལྔའི་སྐག་ལ་བར་ཆད་ཅི་བྱུང་བར་སེམས་ཁྲལ་མི་བྱེད་པར།“ཉི་ཤུ་རྩ་ལྔའི་སྐག་ལ། །ཁྱེད་རང་མཇལ་ཡོང་མ་བསམས། །ལས་དང་ལས་འཕྲོས་རྐྱེན་པས། །མིག་དམར་སྐྱིད་པ་མཇལ་བྱུང་། །”ཞེས་པའི་དམངས་གཞས་དེ་ཡང་ཡང་དྲན།རང་ལའང་རྒྱུན་དུ་རྨི་ལམ་ནང་ཡང་ཡང་རྨིས་པའི་སེམས་དབུས་ཀྱི་མིག་དམར་སྐྱིད་པ་སྟེ།རྒྱང་རིང་གི་རྫོང་གྲོང་ཞིག་ཏུ་ཡོད་པའི་གཡུ་ཆུང་དང་སླར་ཡང་མཇལ་རྒྱུ་བྱུང་ན་སེམས་བཞིན་ཁེར་རྐྱང་ངང་དུས་ཀྱི་གཙང་པོའི་བཞུར་སྒྲར་ཉན།

ཁོ་ནམ་རྒྱུན་ས་ཆ་ཞིག་ཏུ་ཙོག་པུར་བསྡད་ནས་སྙན་ངག་འབྲི་བར་དགའ་ཞིང་། རང་ཉིད་ནི་ཧྥ་རན་སིའི་སྙན་ངག་པ་བྷོ་ཌེ་ལེར(波德莱尔)ལྟར་ནང་སེམས་ལ་གྱེས་བྲལ་གྱི་སྐྱོ་གདུང་བཀང་བའི་མི་ཞིག་ཡིན་པར་འདོད།ཁོས་ན་ནིང་སློབ་གྲྭ་ཆེན་མོ་ནས་ཐོན་ཁར་སློབ་ཆེན་ལོ་བཞིའི་རིང་བྲིས་པའི་སྙན་ངག་དག་ཕྱོགས་སྒྲིག་བྱས་པའི་སྙན་དེབ་ཅིག་དཔར་ཡོད་ཅིང་། དུས་ཁོམ་ཅུང་ཡོད་སྐབས་ཁ་པར་ལས་སྙན་དེབ་ནང་གི་གཡུ་ཆུང་ལ་བྲིས་པའི་སྙན་ངག་དེ་ཚོ་བཙལ་ནས་གྱེར་རྒྱུ་ནི། དུས་ཡུན་རིང་པོའི་ནང་ཁོའི་དུས་ཚོད་ལྷག་མ་དག་དང་དྲན་གདུང་གི་མཚོན་བྱེད་དུ་གྱུར།

སློབ་གྲྭ་ནས་ཐོན་མ་ཐག་གི་ལས་གནས་ཡིག་རྒྱུགས་གཏོང་སྐབས། ཁོས་ལོ་བཞིའི་སྔོན་ལ་གཡུ་ཆུང་དང་མཉམ་གཤིབས་བྱ་སའི་མཐོ་འབྲིང་དེའི་སྐད་ཡིག་དགེ་རྒན་བྱ་རྒྱུར་ཐོ་འགོད་བྱས། དེའང་ཕལ་ཆེར་ལོ་ལྔའི་གོང་ནས་ཁོ་གཉིས་ཀྱིས་རྩེད་མོའི་ཚུལ་དུ་གྲོས་ཁ་བསྡུར་ཟིན་པའི་དོན་ཞིག་རེད། ཁོའི་བསམ་བློར་དེ་ནི་ཅི་འདྲའི་ལས་སླ་མོ་ཞིག་སྟེ་ལས་དབང་གིས་ཀྱང་དེ་ལྟར་བཀོད་སྒྲིག་བྱས་ཡོད་བསམས། ལས་དབང་ནི་གདོད་མ་ནས་འཇིག་རྟེན་འདིར་འཚོ་བཞིན་པའི་ཉམ་ཆུང་གི་མི་ཀུན་ལ་ཀྱལ་ཀ་བྱ་རྒྱུར་མོས་པས། ཁོའི་གདམ་གའི་ལམ་བུ་བརྟན་པོར་བཀག་སྟེ་བསམས་པ་བཞིན་བསྒྲུབ་མ་བཅུག

ད་ལོ་ཁོ་སླར་ཡང་ལས་གནས་ཡིག་རྒྱུགས་ལ་ཞུགས། སེམས་སུ་གཡུ་ཆུང་དང་གཤིབས་མྱོང་བའི་གྲོང་ཁྱེར་དེ་ནི། ཕྱིར་དྲན་གྱི་ཀློང་དུ་བཀལ་བའི་འཇའ་ཚོན་སྙིང་རྗེ་མོ་ཞིག་ལྟར།མིག་གིས་བལྟ་ཆོག་རུང་ལག་པས་རེག་མི་ཆོག་པས།དོན་དངོས་ཐོག་གྲོང་ཁྱེར་དེར་འཚོ་བ་བསྐྱལ་བ་ནི། སྔོན་ཆད་ཀྱི་འདས་དོན་རི་མོ་སྙིང་རྗེ་མོ་རྣམས་གཏན་དུ་སྲུབ་བཞིན་པའི་སྣང་བ་ལས་མེད་ཅིང་།རང་ཉིད་ནི་ནམ་ཡང་རི་མོ་དེ་རྣམས་ལ་བལྟས་ཤིང་མྱོང་མཁན་ཞིག་བྱ་འདོད་པ་ལས།རི་མོ་སྙིང་རྗེ་མོ་དེ་རྣམས་རྨེག་མེད་དུ་གཏོང་མཁན་ཞིག་རྨི་ལམ་དུའང་གཏན་ནས་བྱ་འདོད་མེད།

ཁོའི་རེ་བར་རང་ཉིད་གྲོང་ཁྱེར་དེའི་འདུ་འཛི་དང་ཟང་ཟིང་ལས་རྒྱང་དུ་གྱེས་ཏེ། ཁུ་སིམ་པའི་རི་གྲོང་གི་སློབ་གྲྭ་ཞིག་ཏུ་གཡུ་ཆུང་ལྟ་བུའི་གདོང་ལ་འཛུམ་ཆུང་དྭངས་མ་འཁྱིལ་བའི་བྱིས་པ་ཆུང་ཆུང་མང་པོའི་དགེ་རྒན་དུ་གྱུར་ན་སྙམ།

སློབ་ཆེན་སྐབས་ཁོའི་སེམས་སུ་ཕུགས་བསམ་གཞན་ཞིག་ཀྱང་ཡོད་དེ། རང་ཉིད་འཚོ་བཞིན་པའི་ཁོར་ཡུག་ཟང་ཟིང་དེ་ནས་ཁ་བྲལ་ཏེ་ཁེར་རྐྱང་ངང་རྒྱང་རིང་གི་རྒྱང་རིང་ཞིག་ཏུ་བགྲོད་དེ།

རྒྱུས་མེད་ཀྱི་ཡུལ་ལུང་མང་པོ་བསྐོར་བའི་ཡུལ་གྱར་པ་ཞིག་བྱ་རྒྱུ་དེ་ཡིན།ད་དུང་སེམས་ཀྱི་དྲན་པ་དང་འཚོ་བའི་མཐོང་ཐོས་སྣ་ཚོགས་ཟིན་ཐོར་བཀོད་དེ་དེབ་ཆུང་ཁ་ཤས་འབྲི་ཐུབ་ན། ད་གཟོད་མི་ཚེའི་དོན་སྙིང་རྙེད་གྱུར་བསམས།

ཕུགས་བསམ་སྙིང་ལ་བཅངས་ནས་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་རྒྱུ་ནི་ཆེས་བདེ་སྐྱིད་ལྡན་པ་ཞིག་ཡིན་རུང་། ཁོ་འཚོ་བཞིན་པའི་སྤྱི་ཚོགས་འདིར་མཚོན་ན་དེ་ནི་ཅི་འདྲའི་སྒྲུབ་དཀའ་ཨང་།

ཡང་ན་ནིང་སློབ་གྲྭ་ཆེན་མོ་ནས་ཐོན་ཏེ་ཕ་ཡུལ་ལ་དུས་ཡུན་ཟླ་བ་ཁ་ཤས་སྡོད་རིང་། ཁོས་རང་གི་ཕ་ཡུལ་གནས་སའི་རྫོང་གྲོང་དེའི་སྲང་ལམ་ཞིག་ཏུ་གཞས་ལྷོད་པོར་ཉན་གྱིན་དུ་དཔེ་ཆ་བལྟ་ཆོག་ཅིང་། ཞོར་དུ་ཁོ་ཧྥེ་ཡང་འཐུང་ཆོག་པའི“སྒོ་རྟགས་སོ་བཞི”ཞེས་པའི་དཔེ་ཤག་ཆུང་ཆུང་ཞིག་གཉེར་རྒྱུའི་བསམ་འདུན་སྙིང་རྗེ་མོ་ཞིག་ཀྱང་རྙེད་མྱོང་།

གང་ལྟར་ཡང་། ཁོ་མིག་མདུན་གྱི་རྙོག་འཛིང་ཅན་གྱི་འཚོ་བའི་ན་བུན་དབྱིངས་ལས་བརྒལ་ཏེ། སུ་ཡང་ངོ་མི་ཤེས་པའི་རྒྱང་རིང་ཞིག་ཏུ་འགྲོ་འདོད་ཡོད། ཡང་ན་ཁོས་དེ་ལ་མི་ཚེའི་ཕུགས་བསམ་ཟེར།ཁོའི་བསམ་བློར་རང་ཉིད་ནི་ཕུགས་བསམ་གྱི་གུར་ཁང་དབུས་སུ་ནར་སོན་དགོས་ཤིང་།ཕུགས་བསམ་གྱི་གུར་ཁང་དབུས་སུ་རྒ་ཞིང་འཁོགས་ཏེ། མཐར་ཕུགས་བསམ་གྱི་གུར་ཁང་དབུས་སུ་འཆི་དགོས་པའི་ལང་ཚོའི་སྤོབས་པས་བརྒྱན་པའི་སྐྱེ་བོ་ཞིག་ཏུ་འགྱུར་འདོད་ཡོད།ད་དུང་།ཁོས་ཕུགས་བསམ་གྱི་གུར་ཁང་དེའི་དབུས་སུ་གཡུ་ཆུང་གི་གྲིབ་གཟུགས་ཡོད་ན་སྙམ་སྟེ། 《ཕོ་ལོ་ཉེར་ལྔའི་སྣང་བ》ཞེས་པའི་སྙན་ངག་གི་ཚན་པ་ཞིག་ཏུ་འདི་ལྟར་བྲིས་ཡོད།

ཕོ་ལོ་ཉེར་ལྔའི་སྣང་བའི་དབྱིངས་སུ།

སྒེའུ་ཁུང་ལྷོ་ལ་གཏད་པའི་ཁང་ཆུང་ཞིག་ཡོད།

ཁང་ཆུང་དེའི་དབུས་སུ།

བཀྲ་ཤིས་རྟགས་བརྒྱད་བརྐོས་པའི་དཔེ་སྒྲོམ་ཆུང་ཆུང་ཞིག་དང་།

དེའི་སྟེང་དུ་མི་ཡུལ་ན་གསོན་མྱོང་བའི་སྐྱེས་བུ་མང་པོས་བྲིས་པའི།

དཔེ་ཆའི་མཆོད་པ་བཤམས་ཡོད།

ད་དུང་། ཁ་བའི་འདབ་མ་ལྟར་དྭངས་ཤིང་གཙང་བའི།

བུ་མོ་མེ་ཏོག་མ་དེའི་འཛུམ་མདངས་ཀྱང་།

ཁང་ཆུང་གི་རྒྱན་དུ་ཁྲ་ཆིལ་ལེར་བཞད་ཡོད།

ཕོ་ལོ་ཉེར་ལྔའི་ཁེར་རྐྱང་གི་སྣང་བའི་ཁམས་ལས་ཐར་མི་ཐུབ་པའི་ཁོ་པར།ནམ་ཞིག་དཔེ་ཆའི་སྟེང་གི་ཐ་སྙད་ཤི་བོ་དེ་ཚོའི་སྐྱོ་ཡ་ཙམ་མིན་པའི།ཚེ་གང་བཀླག་ཆོག་པའི་དཔེ་ཆ་མཐུག་པོ་ཞིག་ལྟར། གཏན་གྱི་འདུན་མ་བཅོལ་སའི་བུ་མོ་གཡུ་ཆུང་ཚེ་འདིའི་བསོད་ནམས་ཀྱི་བགོ་སྐལ་དུ་ལས་ཀྱིས་བསྟབས་ན།ཁོ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པའི་མི་ཞིག་རེད་ཨང་།

/

7

/

ལོ་ཟླའི་ཁུད་དུ་བསྟིམས་པའི།

ཁྱོད་ཀྱི་འཛུམ་མདངས་དེ་ཨང་།

ངའི་དྲན་པར་བརྗེད་ངས་ཀྱི་ཆག་འཇིག་ཅི་བྱུང་ཡང་།

ཡིད་ཀྱི་ཨ་སྔོན་ལས་ཡལ་ཐབས་ཤིག་གཏན་ནས་མི་འདུག

དེའང་ཉེ་དུས་ངས་བྲིས་པའི་ཁ་བྱང་མེད་པའི་སྙན་ངག་ཚན་པ་གཅིག་ཡིན། སྙན་ངག་འདི་འབྲི་དུས།ང་དང་གཡུ་ཆུང་གཉིས་ཕན་ཚུན་ཁ་གྱེས་ཏེ་མི་ལོ་ལྔ་དང་ཉིན་གྲངས་སུམ་ཅུ་སོ་བཞི་ཏག་ཏག་འདས།

ལོ་ལྔའི་གོང་གི་དབྱར་གཞུང་དེར།ཆེས་རྒྱུས་ཡོད་ཀྱི་གྲོང་ཁྱེར་དེར་ང་དང་གཡུ་ཆུང་གིས་ཕན་ཚུན་ལྷད་མེད་པའི་བརྩེ་བ་བཅངས་ཤིང་།མ་འོངས་པའི་མི་ཚེར་བདེ་སྐྱིད་ལྡན་པའི་འཆར་གཞི་མང་པོ་བཀོད་མྱོང་།

“སློབ་གྲྭར་འགྲོ་བའི་དུས་སྐབས་ནས་ཕན་ཚུན་དགའ་ཞིང་མཐར་གཉེན་སྒྲིག་བྱ་ཐུབ་ན།དེ་ནི་མི་ཚེ་འདིའི་ཆེས་གཟི་བརྗིད་ཆེ་ཤོས་ཤིག་རེད།”

“ང་རང་ཆེས་དད་ཤོས་ནི་མགོ་སྐྲ་དུང་ལྟར་དཀར་བའི་རྒན་རྒོན་ཕོ་མོ་གཉིས་མཉམ་དུ་ལག་རྡང་སྦྲེལ་ནས་བསྐྱོད་པ་དེ་རེད།”

“ང་རང་ཕ་མ་གཉིས་ཀྱི་བརྩེ་བར་ལྷག་ཏུ་སྨོན་པས། མ་འོངས་པར་འུ་གཉིས་ཀྱང་བཟའ་ཚང་འདི་འདྲ་ཞིག་བྱ་དགོས།”

……

གཡུ་ཆུང་གིས་ང་ལ་བཤད་པའི་སྐད་ཆ་དེ་དག ད་ལྟ་བསམས་ན་མི་ཞིག་གིས་རེ་སྙེག་བྱ་ཡུལ་ཏེ། བརྩེ་དུང་གི་ཆེས་དྭངས་གཙང་གི་ངོས་རྣམས་རེད་འདུག དེ་ནི་སྡུག་བསྔལ་གྱིས་བཀང་བའི་འཇིག་རྟེན་འདིའི་ཡིད་དབང་འགུག་ཡུལ་ཞིག་ཀྱང་ཡིན་སྲིད།

སྐབས་དེ་དུས། ངས་ཕོ་ཁྱོ་ག་ཞིག་གི་ཚུལ་དུ་གཡུ་ཆུང་གི་སྐད་ཆ་དེ་དག་ལ་ལན་ཅི་ཞིག་སློག་པ་དང་།གཡུ་ཆུང་ལ་ཡང་སྙིང་ཁས་ལེན་གང་ཞིག་བྱས་པ་སོགས་ཡོད་ཚད་སེམས་ནས་གསལ་པོར་དྲན་གྱིན་འདུག་མོད། འོན་ཀྱང་།ཡོད་ཚད་ཁ་ནས་ཐོན་དཀའ་ཞིང་ལས་ཀྱིས་མ་ཟིན་པའི་ལན་ཆགས་དེ་དག་སུས་ཀྱང་ཚེ་འདིའི་སྡིག་སྒྲིབ་ཏུ་བརྩི་ཕོད།

/

8

/

ལོ་ཁ་ཤས་སྔོན་གྱི་དགོང་མོ་དེར། ཁོ་ཉལ་ཁང་དུ་ལོག་རྗེས་ཆ་རྒྱུས་ཆེ་བའི་ཨང་གྲངས་དེའི་གཤམ་དུ་གསལ་བའི་འཕྲིན་ཐུང་གི་ནང་དོན་དེར་ཡུན་རིང་བལྟས་ཤིང་གནས་ཚུལ་མང་པོ་བློས་བསླངས་བྱས།

དེའི་རྗེས་ཀྱི་ཉིན་ཁ་ཤས་རིང་།འཕྲིན་ཐུང་དེའི་ནང་དོན་དྲན་ཐེངས་རེ་རེར་ཁོའི་བློ་ལ་དངངས་འཚབ་དྲག་པོ་རེ་ལངས་ཤིང་ནམ་རྒྱུན་སློབ་ཚན་འཚོག་སྐབས་སེམས་པ་ཡེ་ནས་སློབ་སྦྱོང་ཐོག་མ་གནས། ཡང་མཚམས་རེར། སེམས་ལ་དགའ་སྤྲོའི་སྣང་བ་ཞིག་གིས་བརྟས་མྱོང་བའང་ཁོའི་འཛུམ་མདངས་ལས་ཧ་གོ །

དེ་ནས་དུས་ཡུན་ཉིན་ཁ་ཤས་སོང་རྗེས་ཟླ་རྒྱུགས་ཀྱི་སྦྱངས་འབྲས་ཐོན། གཡུ་ཆུང་གིས་ཐོག་མ་ནས་ཁོ་ལ་ཡིད་ཆེས་བྱས་པ་ལྟར།མཐར་ཁོ་གཉིས་ཕན་ཚུན་འདང་ཆེ་ཞིང་སློབ་གྲྭའི་ནང་ཉིན་ལྟར་ལུས་དང་གྲིབ་མ་བཞིན་འགྲོགས་པའི་བརྩེ་གྲོགས་ཆ་གཅིག་ལ་གྱུར།

དོན་དུ་དེ་དག་ནི། གཡུ་ཆུང་གིས་ཁོ་ལ་ཡིད་ཆེས་ཡོད་པ་ཙམ་གྱིས་ལས་སླ་པོར་བསྒྲུབས་ཐུབ་པ་ག་ལ་ཡིན། གཡུ་ཆུང་གིས་དགོང་མོ་དེར་འཕྲིན་ཐུང་མ་བསྐུར་བའི་སྔོན་ནས་ཁོའི་ཟླ་རྒྱུགས་ཀྱི་སྦྱངས་འབྲས་ཤེས་ཤིང་། འཕྲིན་ཐུང་དེ་ནི་ཁོ་པར་ཚོད་བགམ་བྱ་ཆེད་དུ་བསྐུར་བ་ཙམ་རེད།

དེ་དག་ཡོད་ཚད་ནི་གཡུ་ཆུང་སྔོན་མ་ནས་ཁོ་ལ་དགའ་བས་ཡིན།དེ་བས་གཡུ་ཆུང་ནི་ཁོས་བུ་མོ་གཞན་གྱི་ལག་ཏུ་བརྩེ་དུང་གི་ཡིག་ཆུང་བསྐྱལ་བར་བཏང་བའི་སྡུག་བསྔལ་དེས་བཟོད་ཐབས་མེད་པས་ཡིན།

ད་དུང་གཡུ་ཆུང་གིས་སྔོན་མ་ནས་རང་གི་གནས་ཚུལ་མང་པོ་ཁོ་དང་འབྲེལ་བ་ཡོད་པར་བྱས་འདུག དཔེར་ན། རང་གི་ལག་འཁྱེར་ཁ་པར་གྱི་གསང་བའི་ཨང་གྲངས་ཁོའི་མིང་ནས་བཟོས་ཤིང་། ཁོའི་མིང་གི་ཚབ་ཏུ“ཨང་གྲངས་སུམ་ཅུ་སོ་བཞི”ཞེས་བོས་ཏེ་རང་གི་སྙིང་གཏམ་མཚོན་པའི་འཕྲིན་ཡིག་ཐུང་ཐུང་མང་པོ་བྲིས་ནས་སུས་ཀྱང་མ་མཐོང་བར་ཉར་ཚགས་བྱས་ཡོད། མ་ཟད་ཐེངས་ཤིག་ཁོའི་སྐྱེས་སྐར་གྱི་ཉིན་མོར་སློབ་གྲོགས་ཀྱི་འབྲེལ་བའི་ཚུལ་དུ་ཁོ་ལ་ལག་རྟགས་སྤྲད་ཅིང་། ཁོ་ལ་མཚོན་ན་དེ་ནི་མི་ཚེ་འདིའི་སྐྱེས་སྐར་གྱི་ལག་རྟགས་ཐོག་མ་དེར་གྱུར།

གཡུ་ཆུང་ལ་དེ་འདྲ་བྱས་ན་རང་ཉིད་དགའ་བའི་མི་དང་ཐག་ཉེ་རུ་ཕྱིན་པའི་ཚོར་སྣང་འབྱུང་ངེས་ལ། བརྩེ་དུང་རྣམ་དག་ནི་སྔོན་ལ་རང་གིས་མི་གཞན་གྱི་ཆེད་དུ་བློས་གཏོང་བྱ་དགོས་པའི་ལྷག་བསམ་དྭངས་མ་དེའང་གཡུ་ཆུང་ཁོ་ནས་རྟོགས།

/

9

/

ལོ་དུ་མའི་རྗེས་ཀྱི་དབྱར་གཞུང་གི་ཕྱི་དྲོ་དེར།

ངས་རྒྱང་རིང་གི་ཉི་འོད་གཡར་ཏེ་རྒྱང་རིང་ལ་བལྟས་ནའང་།

ཁ་བའི་མེ་ཏོག་ལྟར་འཛུམ་གྱི་འདབ་མ་གྲོལ་བའི།

ཁྱེད་ཀྱི་ཞལ་རས་དྭངས་མ་དེ་ལས། གཞན་ཅི་ཡང་མ་མཐོང་།

གཞན། ཅི་ཡང་མ་མཐོང་།

དེ་རིང་ཞོགས་པ། ང་སྔ་མོར་མལ་ལས་ལངས་ཤིང་ལྷ་སའི་ཤར་ཕྱོགས་རླངས་འཁོར་འབབ་ཚིགས་ནས་རླངས་འཁོར་ལ་བསྡད་དེ། རང་ཉིད་གཅིག་པུ་རི་གྲོང་གི་སློབ་གྲྭ་ཆུང་ཆུང་དེར་ལོག

རྐང་འོག་གི་ལམ་བུ་ནི་ཅི་འདྲའི་ཁོད་ཡངས་ཤིང་། མཐའ་མི་མངོན་པའི་སྣེ་མོ་ཐག་རིང་ཞིག་ཏུ་བརྐྱངས་འདུག ངས་རླངས་འཁོར་གྱི་སྒེའུ་ཁུང་ནས་དུས་ཚོད་ལྟར་བཞུར་འགྲོ་བའི་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ལྟ་ཞོར།རླུང་བུ་བསིལ་བསིལ་དེས་གདོང་ལ་བྱིལ་བྱིལ་བྱས་པ་ཚོར་དུས། ཁ་སང་ཕྱི་དྲོ་པོ་ཏ་ལའི་གཤམ་གྱི་སྦྲག་ཁང་ཞིག་ནས་རྒྱང་རིང་གི་གཡུ་ཆུང་ལ་རང་གི་སྙན་དེབ་དེ་བསྐུར་བ་བསམ་བློར་འཁོར་ཞིང་། རེ་ཞིག་རང་གིས་དེ་འདྲ་བྱེད་ཕོད་པར་ཡིད་མ་ཆེས་པར་རྨི་ལམ་ཡིན་ནམ་བསམས། ཡིན་ནའང་། དོན་དངོས་སླར་ཡང་ཡིད་ལ་ཤར་དུས། ངའི་སེམས་པ་ལྷོད་ལ་བབས་བྱུང་། ངས་ནམ་རྒྱུན་ལྟར་ཟིན་དེབ་ལི་ཝང་མདོག་དེ་དལ་མོར་ཁ་ཕྱེས་ཏེ།ཤོག་གྲངས་སུམ་ཅུ་སོ་བཞི་ཡི་ཐོག་ཏུ་གོང་གི་སྙན་ངག་ཚན་པ་དེ་བྲིས།།

འཆི་མེད་རབ་བརྟན། པིར་མིང་དུ་རྦབ་ཆུར་འབོད། ༡༩༩༤ལོར་བོད་ལྗོངས་ལྷོ་ཁ་ལྷོ་བྲག་རྫོང་དུ་ སྐྱེས། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་ནས་དངོས་གཞི་ཐོན། 《མི་རིགས་རྩོམ་རིག》《གངས་རྒྱན་མེ་ཏོག》《བོད་ཀྱི་རྩོམ་སྒྱུ་རྩལ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་པའི་དུས་དེབ་ཏུ་སྙན་ངག་དང་ལྷུག་རྩོམ་འགའ་སྤེལ་མྱོང་། ད་ལྟ་བོད་ལྗོངས་ཉིང་ཁྲི་སྤོ་བོ་རྫོང་གི་ཤང་གྲོང་སློབ་ཆུང་ཞིག་ཏུ་སྐད་ཡིག་དགེ་རྒན་བྱེད་མུས་ཡིན།