【སྤྱི་ཡི་བླང་བྱ་བསྟར། སྤོབས་པར་བརྡར་ཤ་བཅད། ཏང་གི་ལོ་རྒྱུས་སྦྱངས། ཀུན་གྱི་མིག་དཔེར་གྱུར།།】 ཚེ་རིང་བཟང་པོས་གངས་རིའི་ལྗོངས་ལ་ཕུལ་བའི་དུངས་ཞེན་ལྷད་མེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚེ་རིང་བཟང་པོ་ནི་ཡུལ་ཤུལ་མང་ཚོགས་ཀྱིས་བརྗེད་ཐབས་མེད་པའི་དྲན་གསོ་ཞིག་དང་། ཡུལ་ཤུལ་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་ཉམས་མེད་དུས་གཏན་དུ་བཞེངས་པའི་རྡོ་རིང་ཞིག་སྟེ། ཁོས་སྨན་པའི་ཀུན་སྤྱོད་ཚེ་སྲོག་ལས་ཀྱང་གཙིགས་སུ་བཀུར་ནས་རང་གཅུན་སྤྱི་གཅེས་དང་དམངས་ཆེད་བརྩོན་ལེན་ཐོག་གུང་ཁྲན་ཏང་མི་ཞིག་གི་ཁྱད་གཤིས་རྩལ་དུ་ངོམ།


འཚོ་བཞུགས་སྐབས་ཀྱི་ཚེ་རིང་བཟང་པོ། 

1963ལོར། ཚེ་རིང་བཟང་པོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་སྐྱེས། 1984ལོར། ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ནས་མཐར་ཕྱིན་རྗེས་རྫ་སྟོད་རྫོང་ཨག་སྟོད་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་སྨན་པའི་ལས་ཀ་ཁུར།

1991ལོར། ཡུལ་ཤུལ་རྫོང་རག་སྨད་ཡུལ་ཚོའི་ལྟེ་གནས་འཕྲོད་བསྟེན་ཁང་གི་འགོ་གཙོའི་འགན་ཁུར། ཁོའི་སྣེ་ཁྲིད་འོག །རག་སྨད་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་ཀྱི་མི་འདང་བའི་དཀའ་ངལ་མང་པོ་སེལ། སྨན་བཅོས་རུ་དཔུང་བཙུགས་ཏེ་ལོ་བཞིའི་རིང་། གཞི་རིམ་དུ་སྨན་རྫས་ལ་སོགས་བསྐྱལ་ནས་འབྲོག་པ་མང་ཚོགས་ཁྲི་ལྷག་ལ་ཕན་བདེ་བསྐྲུན།

1995ལོར། ཁོ་ཡུལ་ཤུལ་རྫོང་མ་བུའི་འཕྲོད་བསྟེན་ཕྱོགས་བསྡུས་སྨན་ཁང་གི་འགོ་གཙོ་གཞོན་པའི་འགན་ཁུར། ཕྱིས་སུ་འགོ་གཙོ་དང་པོ་དང་རྫོང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར། ཁོ་དང་ལས་གྲོགས་རྣམས་ཀྱི་འབད་འབུངས་འོག །ལོ་བཅུའི་རིང་ལ་ཡུལ་ཤུལ་རྫོང་གི་མ་བུ་འཕྲོད་བསྟེན་ཕྱོགས་བསྡུས་སྨན་ཁང་དེ་སྨན་ཁང་ཆུང་ཆུང་ཞིག་ནས་རིམ་བཞིན་ལས་བཟོ་བ106ཡོད་པའི་སྨན་ཁང་ཆེ་ཤོས་སུ་གྱུར། གཏན་འཇགས་རྒྱུ་ནོར་སྒོ་ཁྲི1500ལ་བསླེབས་ནས། ཡུལ་ཤུལ་ཁུལ་གྱི་རྫོང་རིམ་པའི་ཁ་བ་རིམ་པའི་སྨན་ཁང་དང་པོར་བདམས།

རྫོང་སྨན་ཁང་གི་འགོ་གཙོའི་འགན་ཁུར་རྗེས། སྨན་ཁང་ལ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབང་སྐྱོན་རིམ་པ་གསལ་འབྱེད་བྱ་བའི་ཐོབ་ཐང་ཐོབ། མི་ལ་ལས་ཁ་ཡག་ལ་བསྒྱུར་ནས་ཚེ་རིང་མགོན་པོར་གསལ་འབྱེད་ཀྱི་ཚད་གཞི་ཅུད་ཟད་ལྷོད་ཡང་དུ་གཏང་བར་འཚལ་ཞུས་ཀྱང་། ཁོས་དབང་པོ་སྐྱོན་ཅན་ཚར་སྨན་ཁང་དུ་ཡོང་བར་སྟབས་བདེ་མིན་ན། ང་ཚོ་ཁྱིམ་དུ་ཕྱིན་ནས་གསལ་འབྱེད་བྱས་ཆོག །ཡིན་ནའང་གསལ་འབྱེད་བྱ་བ་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ནང་ལྟར་གཟབ་ནན་ཏན་ཏིག་བསྒྲུབ་ནས། འཁྲུལ་མེད་ཡང་དག་གི་གསལ་འབྱེད་མཇུག་འབྲས་ལེན་དགོས་ཞེས་ངོ་ཅན་ངོ་དགའ་བྱེད་མཁན་དག་ལ་དང་ལེན་མི་ཐུབ་པའི་ལན་རྦད་ཆོད་དུ་སྨྲས།

ཁོས་ནམ་ཡིན་རུང་སྨན་བཅོས་མི་སྣ་རྣམས་ལ་འདི་ལྟར་བསླབ་བྱ་སློབ་གསོ་བཏང་བ་ཡིན། “རྒྱལ་ཁབ་ཕྱུག་པོ་མིན་ཡང་སྨན་ཁང་ལ་མ་དངུལ་འབོར་ཆེན་བཏང་སྟེ། སྒྲིག་ཆས་གང་ལེགས་བསྒྲིགས་ཡོད། འབྲོག་པ་མང་ཚོགས་ཁ་ཤས་ཀྱི་འཁོས་ཀ་ཞན་པས། ཁོ་ཚོས་གྲོན་ཆུང་བསྲི་ཚགས་ངང་ནད་བརྟག་སྨན་བཅོས་ཀྱི་རིན་པ་འདི་བསགས་པ་ཡིན། དེ་བས་སྨན་པ་ཞིག་ཡིན་པའི་ངོས་ནས། ང་ཚོའི་བསྒྲུབ་བྱ་ནི་ས་གནས་འདིའི་མང་ཚོགས་ལ་ངེས་པར་དུ་འགན་འཁུར་དགོས་པ་དེ་ཡིན་ནོ་ཟེར།

ཡུལ་ཤུལ་ས་ཡོམ་བྱུང་བའི་ཉིན་དེར་ཚེ་རིང་བཟང་པོ་ལས་རེས་ན་ཡོད། སྔུན་དགོང་མོར་ཁོས་ནད་ཁང་ལ་ཞིབ་བཤེར་བྱས་རྗེས་བྲང་ཁོག་ཟུག་གཟེར་སྐྱེས་ནས་མི་བདེ་བ་བྱུང་། ལས་གྲོགས་ཀྱིས་ཁོའི་གདོང་མདོག་ཁམ་ནག་ཏུ་ཆགསཡོད་པ་མཐོང་འཕྲལ་ལམ་སང་སྨན་བླུད་པ་དང་། ན་གཟེར་ཞི་དུས་ཞོགས་པའི་ཆུ་ཚོད3ལ་སླེབས། གཉིད་ཅུང་ཟད་ཡུར་ཙམ་ལ་གློ་བུར་དུ་ས་ཡོམ་བྱུང་།

ཡོམ་འགོག་རྒུད་སྐྱོབ་ཀྱི་ཉིན་དེ་དག་རིང་། ཚེ་རིང་བཟང་པོས་ས་རྡུལ་གྱིས་གཡོགས་པའི་ལྭ་དཀར་གྱོན་ནས་ཁང་པའི་བརྡིབས་འོག་ཏུ་མནན་པའི་ནུ་བོ་དང་ལོ་བགྲེས་ཨ་མ་གཉིས་ལ་བདག་བྱེད་ཁོམ་མ་བྱུང་ལ། རྒུད་སྐྱོབ་བྱེད་སར་དབུགས་ཐེངས་དུ་མར་ཐང་ཆད་ཀྱང་རང་གི་བདེ་སྡུག་ལ་བསམ་ཁོམ་མ་བྱུང་བར་རྨས་མའི་རྨ་ཁ་དཀྲི་ཞིང་རྨས་མ་ཚབས་ཆེན་གྱི་སྲོག་སྐྱོབ་ལ་བྲལ།

ས་ཡོམ་ཆུང་ངུ་རྒྱུན་མི་ཆད་ཀྱང་། ཁོས་སྨན་ཁང་གི་སྨན་པ་རྣམས་རྩ་འཛུགས་སྒོས། ཉེན་ཁ་ཆེ་བའི་ཐོག་ཁང་ལས་སྒོར་ཁྲི700རིན་པའི་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་མྱུར་སྐྱོབ་བྱས་པ་མ་ཟད། རྫོང་ཏང་ཨུ་དང་སྲིད་གཞུང་གི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་འཕྲལ་བསྟུན་བཀོད་སྒྲིག་ལྟར། ཉེན་སྐྱོབ་འཕྲལ་བསྟུན་གྱི་སྨན་བཅོས་མྱུར་སྐྱོབ་དཔུང་སྡེ་བཙུགས་ཏེ། སྐྱེ་རྒུ་གྲོང་རྡལ་གྱི་གནོད་ཁུལ་དུ་བསྐྱོད་དེ་སྨན་བཅོས་རོགས་སྐྱོབ་བྱས་པ་དང་། དུས་དང་པོར་ཡུལ་ཤུལ་རྫོང་གི་ཆ་ཚང་སློབ་ཆུང་གཉིས་པའི་ལུས་རྩལ་ར་བར་སྦྲ་གུར་སྨན་ཁང་བཙུགས་ནས་རྨས་མ4300ལྷག་ལ་མྱུར་སྐྱོབ་སྨན་བཅོས་བྱས།

ཡོམ་འགོག་རྒུད་སྐྱོབ་ཀྱི་སྐབས། ཁོ་ངལ་དུབ་དྲགས་ཏེ་སྙིང་སྐྱི་ནང་མའི་སྙིང་རྩ་འོག་མ་འགག་ཅིང་། ཁྲག་མངར་ཧ་ཅང་མི་སྙོམས་པ་བྱུང་། གལ་ཏེ་འདི་ལྟར་བསྐྱར་ན་སྙིང་རྩ་གཞི་ནས་འགག་པའི་ཉེན་ཁ་ཧ་ཅང་ཆེ་བས་ཁྱིམ་མི་དང་ལས་གྲོགས་ཀྱིས་མྱུར་དུ་ཞིང་ཆེན་རིམ་པའི་སྨན་ཁང་དུ་བསྐྱོད་དགོས་ཞེས་ཞུ་བ་ཡང་ཡང་བྱས་ཀྱང་། ཁོས་སྔར་བཞིན“ང་ནི་སྨན་པ་ཞིག་ཡིན། ངས་རང་གི་ནད་ཅི་ཡིན་ཧ་གོ”ཞེས་བཤད་དེ། མུ་མཐུད་དུ་གསོ་རླུང་རྔུབ་ཞོར་དང་གནམ་ཁབ་རྒྱག་ཞོར་ལས་རེས་ལ་བྲལ།

ཟླ་གཉིས་ཀྱི་རྗེས་སུ་ཚེ་རིང་བཟང་པོའི་ལུས་ཕྱེད་ཀྱི་དབང་བོ་སྦྲུད་དེ་ཡུད་ཙམ་ལ་ཚོར་ཤེས་མེད་པར་གྱུར་ལ། མཐའ་མཇུག་ལས་རྐང་དུ་འགྱེལ་ནས་ཚེ་ལས་འདས། ཕྱོགས་སོ་སོས་བརྟག་དཔྱད་ཀྱི་མཐའ་མ་ཀླད་རྩ་འགག་པའི་ནད་ལ་ངོས་བཟུང་། ཉིན་ཉི་ཤུའི་རིང་ལ་བཅོས་སྐྱོབ་བྱས་ནས་ནད་སྙུང་ཇེ་ལེགས་སུ་ཕྱིན་ཡོད་ན་ཡང་། རྐང་པ་གཡོན་པར་བཅོས་མེད་ནད་རོ་ལུས། ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་ཁོ་ལ་ལམ་སང་ངལ་གསོས་ན་ལེགས་པའི་ཁ་ཏ་བྱས་ཀྱང་། ཁོས་ས་ཡོམ་གྱི་དུས་འདིར་མིའི་ཚེ་སྲོག་ལས་ལྷག་པ་མེད། ནང་སྒོས་སུ་སྨན་ཁང་གི་འགོ་གཙོ་ཡིན་པའི་ངོས་ནས་ཛ་དྲག་གི་སྐབས་འདི་ལ་ངལ་གསོ་རྒྱག་པའི་དཔེ་ག་ལ་ཡོད་ཅེས་རྒྱུ་མཚན་དྲངས་ནས་དང་ལེན་མི་བྱེད་པར་སྔར་བཞིན་ལས་རྐང་དུ་ཞུགས།

ཡོམ་རྗེས་བསྐྱར་བསྐྲུན་གྱི་མ་དཔེ་ལས་གཞི་ཡིན་པའི་ཆ་ནས། ཡུལ་ཤུལ་རྫོང་བརྒྱད་གཅིག་སྨན་ཁང་གི་སྣ་འཛོམས་ཐོག་ཁང་ལ་ཐོག་སོ་དགུ་ཡོད་པ་དང་། དེ་ནི་ཡུལ་ཤུལ་གྱི་ཁང་བརྩེགས་ཆེས་མཐོ་ཤོས་དེ་རེད། གསར་དུ་སྐྲུན་པའི་སྨན་ཁང་དེར་མ་དངུལ་འབོར་ཆེན་བཏང་བ་དང་། སྒྲིག་ཆས་རྩེ་གྲ་བསྒྲིགས། སྨན་ཁང་གི་དོ་དམ་བྱ་བ་རྒྱུན་ལྡན་གྱི་ལམ་ཁར་ཞུགས་པར་ཁག་ཐེག་བྱ་ཆེད། སྨན་ཁང་གི་འགོ་གཙོར་གྱུར་བའི་ཚེ་རིང་བཟང་པོ་དུས་རྒྱུན་ཉིན་མཚན་དབྱེར་མེད་པར་ལས་ལ་གཞོལ་ཏེ་འཁོར་སྐྱོད་སྒྲིག་སྲོལ་བཟོ་བ་དང་། བྱ་བ་ཆེ་ཕྲ་ཀུན་ལ་ཇུས་འགོད་བྱས།

བྲེལ་ཟིང་གི་བྱ་བའི་དབང་གིས་རང་ཁྱིམ་དུ་དུས་ག་ཚད་ཅིག་ལ་ལོག་མེད་པ་ཡང་ཧ་ལམ་དྲན་རྒྱུ་མི་འདུག ཆུང་མས་ཁོ་ལ་ཁ་པར་ཡོང་དུས་ཕར་ཕྱོགས་ནས་བུ་ཆུང་གི་ངུ་སྐད་ཤོར་ཞོར། ཨ་ཕ། ཁྱེད་ནམ་དུས་ནང་ལ་ལོག་གི་ཡིན། ངས་ཁྱེད་དྲན་བྱུང་ཟེར། ཚེ་རིང་བཟང་པོས་བུ་ཆུང་གི་ངུ་སྐད་དེ་ཐོས་འཕྲལ་གཞུང་སྒྲུབ་ཁང་དུ་སྐད་ཆེན་པོས་ངུས་བྱུང་།

སྨན་ཁང་དངོས་སུ་འཁོར་སྐྱོད་བྱས་རྗེས། དོ་དམ་བྱ་བ་ཚེ་རིང་བཟང་པོའི་འཆར་འགོད་ལྟར་ལག་བསྟར་བྱས་པ་དང་། མཐའ་ཁུལ་ནས་ཡོང་བའི་འབྲོག་པ་རྣམས་གྲལ་དག་པའི་ནད་ཁང་གསར་པར་སྡོད་ཐུབ་པ་བྱུང་བར་མ་ཟད། སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་གསར་པ་བཀོལ་ཐུབ་ཀྱི་ཡོད་པས། སྨན་བཅོས་ཞབས་ཞུའི་རིམ་པ་ཡང་རྒྱུན་ལྡན་གྱི་ལས་རིམ་དུ་ཞུགས།

དེ་ལྟར་མཚོ་འཕགས་མཐོ་བའི་ཁར་ཚད་ལས་འདས་པའི་ལས་ཀ་མང་པོ་བསྒྲུབས་པའི་རྐྱེན་དབང་གིས་ཚེ་རིང་བཟང་པོའི་སྙུང་གཞི་ཇེ་ལྕིར་གྱུར་བ་དང་། གཅིན་སྙི་སྲ་ཁུ་ནད་དང་། ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བ། གཉིད་དུས་དབུགས་དབྱིན་རྔུབ་དཀའ་བ་སོགས་ཕྱོགས་བསྡུས་ནད་དང་། ཁྲག་ཤེད་མཐོ་བ། ཀླད་རྩ་འགག་པ། སྙིང་རྩ་འགག་པ། གློ་དབུགས་སྐྲངས་པ་ལ་སོགས་ཀྱི་ནད་བྱུང་ནས་ཁོའི་རྟེན་འབྱུང་གི་ཕུང་བོ་ལ་བར་མེད་གཙེས་པས། མཐར་མ་ལྕོགས་པར་ཐང་ལ་འགྱེལ། 2012ལོའི་ཟླ10ཚེས25ཉིན། ཁོས་ཡུལ་ཤུལ་གསར་པའི་དུངས་ཞེན་ལྷད་མེད་དང་རེ་འདུན་ཆེན་པོ་བསྣམས་ནས་པེ་ཅིང་དུ་ཚེ་ལས་འདས།

ཁོན་ཐར་འཚོས་བསྒྱུར།