མཚོ་སྔོན་ནས་རྫོང་རིའི་རིག་གནས་ཀྱི་གནའ་ཤུལ་ཐོག་མར་རྙེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྫོང་རི་རིག་གནས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་གདོད་མའི་རིག་གནས་ཀྱི་ཤུལ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་ས་གནས་རང་གི་གནའ་དཔྱོད་རིག་པའི་རིག་གནས་ཀྱི་མཚོན་བྱེད་ཀྱང་ཡིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་གནའ་དཔྱོད་རིག་པའི་རིག་དངོས་ཞིབ་འཇུག་ཁང་ནས་ཤེས་གསལ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་རྙེད་པའི་རྫོང་རིའི་གནའ་ཤུལ་ནི། རང་ཞིང་གིས་ཐོག་མར་གསར་རྙེད་བྱུང་བའི་གནའ་ཤུལ་རེད།

ཤེས་གསལ་ལྟར་ན། གནའ་ཤུལ་དེའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་ལྔ་ཡན་ཡོད་ཅིང་། ད་ལྟའི་བར་རྨ་ཆུའི་སྟོད་རྒྱུད་དུ་རྙེད་སོན་བྱུང་བའི་དུས་མཚམས་སྔ་ལ། གཞི་རྒྱ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་པའི་དུས་སྐབས་ནས་ཟངས་ཆས་དུས་སྐབས་བར་གྱི་གནའ་ཤུལ་ཞིག་རེད། ན་ནིང་ནས་བཟུང་། ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གིས་རྫོང་རིའི་རིག་གནས་ཀྱི་ནང་དོན་དང་། བྱུང་འཕེལ། ཉེ་འཁོར་གྱི་རིག་གནས་བརྗེ་སྤེལ་ལ་ཞིབ་འཇུག་དང་། རྫོང་རི་རིག་གནས་ཀྱི་རིག་གཞུང་རིན་ཐང་སྔོག་འདོན། ལྷག་པར་དུས་རབས་ཀྱི་རིན་ཐང་ཅི་དགར་མངོན་ཆེད། ཧི་པའེ་དགེ་འོས་སློབ་ཆེན་དང་། ནན་ཅིང་སློབ་ཆེན་སོགས་ཚན་ཞིབ་ལས་ཁུངས་དུ་མའི་བར་མཉམ་འབྲེལ་བྱས་ཏེ། རྫོང་རིའི་གནའ་ཤུལ་ལ་རིག་ཚན་སྣ་མང་ཕྱོགས་འདུས་ཀྱི་སྒོ་ནས་གནའ་རྫས་སྔོག་འདོན་དང་ཞིབ་འཇུག་བྱེད་མགོ་བརྩམས།

གནའ་རྫས་སྔོག་འདོན་དང་ཐོག་མར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། རྫོང་རིའི་གནའ་ཤུལ་ནི་རྡོ་ཆས་གསར་པའི་དུས་མཇུག་དང་ཟངས་ཆས་དུས་སྐབས། དར་རྒྱས་ཆེ་བའི་ཐང་དང་སུང་གི་རྒྱལ་རབས་བརྒྱུད་མྱོང་བའི་གནའ་ཤུལ་ཞིག་རེད་ལ། དེ་ལས་རྙེད་པའི“རྫོང་རིའི་ཐབ་ཚང་དང་པོས”རྫོང་རིའི་གནའ་ཤུལ་གྱི་ཆགས་ཚུལ་དང་གྲུབ་སྟངས་སོགས་ལ་ཞིབ་འཇུག་བྱེད་པར་ཁུངས་སྣེ་གལ་ཆེན་ཞིག་སྤྲད་པ་དང་།དེ་ལྟ་བུའི་“གསར་རྙེད་དང་གསར་རྟོགས”ལ་གནའ་དཔྱད་རིག་པའི་སྡེ་དང་མང་ཚོགས་ཀྱིས་གདེང་འཇོག་ཚད་མེད་ཐོབ།

རྫོང་རི་གནའ་རྫས་རྟོག་ཞིབ་དཔུང་ཁག་གི་འབྲེལ་ཡོད་ལས་བྱེད་པས་གསར་འགོད་པར། “ད་ལོའི་ཟླ7པར2021ལོའི་རྫོང་རི་གནའ་ཤུལ་གྱི་གནའ་རྫས་སྔོག་འདོན་མགོ་བརྩམས་པ་ནས་བཟུང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་དཔུང་གིས་རྫོང་རིའི་ཤར་ངོས་ནས་སྨི་ངོས་སྙོམས་གྲུ་བཞི་མ་དྲུག་རྒྱ་ཙམ་བསྔོགས་པར་དུར་ས་བཅུ་ཕྲག་དང་དེར་སྦས་པའི་རྫ་ཆས་དང་། རྡོ་ཆས། རུས་ཆས་རིགས་ཕྱིར་ཐོན། རྫ་ཆས་དག་ནི་མཱ་ཚང་གི་རྫ་ཆས་རིག་གནས་ཁོངས་ཀྱི་ཚོན་རྫ་དང‘རྫོང་རིའི་ཁྱད་ཆོས་ལྡན་པའི’ཚོན་རྫ་ཡིས་གྲུབ། རྡོ་ཆས་དང་རུས་ཆས་ནི་གཙོ་བོ་རྒྱན་ཆས་དང་འདོགས་ཆའི་རིགས་སུ་གཏོགས”ཟེར།

གསར་འགོད་པས་ཤེས་གསལ་ལྟར་ན། གནའ་ཤུལ་དེར་རྫོང་རི་རིག་གནས་སྐབས་ཀྱི་ལུང་ཤུར་ཞིག་གསར་རྙེད་བྱུང་། དེ་ལས་རྫ་ཆས་ཆག་རོ་དང་སྲོག་ཆགས་ཀྱི་རུས་པ་འབོར་ཆེན་རྙེད་པར་མ་ཟད། ཡོ་ཆས་དང་རྒྱན་ཆས་རིགས་མང་པོ་རྙེད། ཡོ་ཆས་ཀྱི་རིགས་ལ་རྡོ་གྲི་དང་། རྡོ་གྲུག །རྡོ་སྟེའུ། རུས་གྲི། རུས་ཁབ། རུས་འབིགས་སོགས་ཡོད་ཅིང་། ཤོམ་ཆས་རིགས་ལ་རུས་ཕྲེང་དང་། རྡོ་ཕྲེང་། གཡུ་སོགས་ཡོད། ད་ལྟ་གནའ་ཤུལ་འདི་གཉིས་ཀྱི་གྲུབ་སྟངས་ལ་གཞི་རྩའི་ཐོག་ཤེས་རྟོགས་བྱུང་བས། ཕྱིན་ཆད་རྫོང་རིའི་གནའ་ཤུལ་ལ་དུས་ཡུན་རིང་བོར་ཞིབ་འཇུག་དང་། རྫོང་རིའི་གནའ་ཤུལ་སྤྱི་གླིང་འཛུགས་སྐྲུན་བཅས་ལ་ཚན་རིག་གི་རྨང་གཞི་བརྟན་པོ་བཏིངས།

ཁོན་ཐར་འཚོས་བསྒྱུར།