ཏུན་ཧོང་མའོ་ཀོའི་ཕུག་པ་གཙོ་གྲས་བརྒྱ་ཕྲག་ལ་ཞིག་གསོ་དང258འཕྲུལ་རྩིས་ཅན་དུ་བསྒྱུར།

ཟླ12ཚེས6ཉིན། ཏུན་ཧོང་ཞིབ་འཇུག་ཁང་གི་འགོ་གཙོ་སུའུ་པའོ་མིན་གྱིས་བསྒྲགས་པ་ལྟར་ན། ཏུན་ཧོང་མའོ་ཀོའི་ཕུག་པ་གཙོ་གྲས་བརྒྱ་ཕྲག་ལྷག་ལ་སྲུང་སྐྱོབ་ཞིག་གསོ་བྱས་ཚར་བ་མ་ཟད། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་མ་ལག་བཙུགས་ནས་གཟིགས་མོར་ཆོག་པའི་ཕུག་པ་ཡོངས་ཀྱི་ཁོར་ཡུག་འགྱུར་ལྡོག་ལ་དུས་ལྟར་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་ཡིན། དུས་རབས20བའི་ལོ་རབས90བ་ནས་བཟུང་། ཞིབ་འཇུག་ཁང་གིས་ལྡེབས་རིས་འཚོལ་སྡུད་བྱས་ནས་འཕྲུལ་རྩིས་ཅན་འགྱུར་དང་། གཞི་གྲངས་ཐག་གཅོད། ངོམ་སྟོན་བཅས་ཐུབ་པའི་ལག་རྩལ་རབ་དང་རིམ་པ་ཞིབ་འཇུག་གསར་གཏོད་བྱས་པ་ཡིན། ད་སྔ་ཕུག་པ258འཕྲུལ་རྩིས་ཅན་དུ་བསྒྱུར་ཚར་ནས་ལེགས་འགྲུབ་བྱུང་ཡོད་ཟེར།

ཉིན་དེར་ཏུན་ཧོང་ཞིབ་འཇུག་ཁང་དང་ལྗར་པན་ཏུང་ཅིན་སྒྱུ་རྩལ་སློབ་ཆེན་གྱིས་དྲ་ཐོག་བརྗེ་སྤེལ་གྱི་བྱེད་སྒོ་སྤེལ། སུའུ་པའོ་མིན་གྱིས་བཤད་རྒྱུར། 1944ལོར་ཏུན་ཧོང་ཞིབ་འཇུག་ཁང་བཙུགས་ནས་བཟུང་། ཕུག་པ་སྲུང་སྐྱོབ་དང་ཏུན་ཧོང་རིག་པའི་ཞིབ་འཇུག ། ཡུལ་སྐོར་སྣེ་ལེན་གྱི་བྱ་བ་རྒྱུན་ཆགས་སུ་སྤེལ་བ་དང་། སྔ་ཕྱིར་ཏུན་ཧོང་ལྡེབས་རིས་ཀྱི་བཤུ་བྲིས་དང་། གནས་སྤར་ཆོག་པའི་རིག་དངོས་ཁག ། ལྡེབས་རིས་ཀྱི་གྲངས་ཀའི་བཤམས་རྫས་བཅས་འཁྱེར་ནས་ཨ་རི་དང་། ལྗར་པན། དབྱིན་ཇི། ཧྥ་རིན་སི་སོགས་རྒྱལ་ཁབ(ས་ཁུལ)བཅོ་བརྒྱད་དང་རྒྱལ་ནང་གི་ཞིང་ཆེན20བཅས་སུ་ཏུན་ཧོང་སྒྱུ་རྩལ་གཙོ་བྱས་པའི་འགྲེམ་སྟོན་ཐེངས་བརྒྱ་ཕྲག་ལྷག་ལ་སྤེལ་ཡོད་ཟེར།

དུས་ད་ལྟའི་བར་ལོ་ངོ1650ལྷག་གི་ལོ་རྒྱུས་ལྡན་པའི་མའོ་ཀའོ་ཕུག་པ་འདི་ནི། འཛམ་གླིང་སྟེང་དུ་ཉར་ཚགས་གཞི་ཁྱོན་ཧ་ཅང་ཆེ་ལ། ནང་དོན་ཕུན་སུམ་ཚོགས་པའི་ནང་བསྟན་སྒྱུ་རྩལ་གྱི་གནས་ཁྱད་པར་ཅན་ཞིག་ཡིན་ལ། ཆིང་རྒྱལ་རབས་སྔོན་མ་རྒྱལ་བོ་ཞུན་ཀྲའོ་ཧྥུ་ཅིན་གྱི་དུས་སུ་བཞེངས་ཤིང་། ཕྱིས་རྒྱལ་རབས་བྱང་མ་དང་། རྒྱལ་རབས་སུའེ་དང་ཐང་། རྒྱལ་རབས་ལྔའི་རྒྱལ་ཕྲན་བཅུ། མི་ཉག ཡུན་རྒྱལ་རབས་སོགས་སུ་རྒྱས་བསྐྲུན་མཛད། ད་ཆ་ཁྱོན་སྡོམ་ཕུག་པ735ཡོད་ཅིང་། དེ་ལས་ཞིག་སྐྱོན་སོགས་བྱུང་མེད་པ་དང་། ལྡེབས་རིས། སྐུ་འདྲ་བཅས་ཉར་ཚགས་བྱས་པ་ཆ་ཚང་བའི་ཕུག་པ492ཡོད་པ་ལས། ལྡེབས་རིས་སྨི་ངོས་སྙོམས་གྲུ་བཞི་ཁྲི4.5དང་། སྐུ་འདྲ2000ལྷག་ཡོད་དོ། །

1979ལོར་མའོ་ཀའོ་ཕུག་པའི་སྒོ་དངོས་སུ་ཕྱེས། དེ་ནས2020ལོའི་བར་དུ་རྒྱལ་ཁབ་དང་ས་གནས100ལྷག་གི་ཡུལ་སྐོར་བ་ཁྲི2000ལྷག་སྣེ་ལེན་བྱས། 2015ལོར་གསར་དུ་བསྐྲུན་པའི་མའོ་ཀའོ་ཕུག་པའི་འཕྲུལ་རྩིས་་འགྲེམ་སྟོན་ལྟེ་གནས་ཀྱིས་སྐུ་མགྲོན་སྣེ་ལེན་བྱེད་འགོ་བརྩམས་ཤིང་། “ཡུལ་སྐོར་བའི་མི་གྲངས་ཚོད་འཛིན་དང་། དྲ་ཐོག་མངག་ཉོ། གྲངས་ཀ་འགྲེམ་སྟོན། ཕུག་པ་དངོས་ལ་ལྟ་བ”བཅས་ཀྱི་གཟུགས་འབུལ་བྱེད་ཐབས་བཏོན་ནས་ཡུལ་སྐོར་བ་སྣེ་ལེན་དང་ཕུག་པ་སྲུང་སྐྱོབ་བར་གྱི་འགལ་བ་ཞི་བར་བཏང་།

འཕྲུལ་རྩིས་གྱི་ལག་རྩལ་ལ་བརྟེན་ནས་ཡིག་ཚགས་བཟོས། ཕུག་པ་རུ་ཉར་བའི་རིག་དངོས་སྲུང་སྐྱོབ་ཀྱི་རྨང་གཞིའི་སྟེང་ཏུན་ཧོང་གི་རིག་གནས་འདི་ཚང་མའི་གཟིགས་མོར་བྱོན་ཆེད། ཉེ་བའི་ལོ་ཤས་རིང་། ཏུན་ཧོང་ཞིབ་འཇུག་ཁང་གིས་ཚན་རྩལ་ཁེ་ལས་བར་མཉམ་འབྲེལ་བྱས་ཏེ། གྲངས་ཀའི་ཐོན་ཁུངས་དང་ཏུན་ཧོང་རིག་པའི་ཞིབ་འཇུག་ཚན་རྩལ་གྱི་ལམ་ཁར་སྙེག་པ་དང་། “དྲ་ལམ་ཏུན་ཧོང”ཞེས་པའི་བྱ་རིམ་ཆུང་ངུ(小程序)ལ་སོགས་དྲ་ལམ་གྱི་སྟེགས་བུ་གསར་པ་བརྒྱུད། ཏུན་ཧོང་གི་རིག་གནས་དར་སྤེལ་དང་། ཀྲུང་ཧྭའི་རིག་གནས་ལ་ཡོད་པའི་ཆེས་པ་ངོམ་སྟོན་བྱས།

ཁོན་ཐར་འཚོས་བསྒྱུར།