【ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ། ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་བླ་མེད་ཀུན་སྤྱོད་མིག་དཔེར་འཛིན།】རྨ་སྟོད་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བསོད་ལྷའི་གནས་ཚུལ་ཆེད་བཀོད།

 ལོ27གྱི་སྔོན་ལ་བསོད་ལྷ་ལོ་ན12ཡིན། “ཚེ་གང་བོར་གཞུང་ལས་ལ་བྲེལ་བའི”ཨ་ཕ་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་བར་རླངས་འཁོར་གྱི་དོན་རྐྱེན་བྱུང་ནས་གཞུང་དོན་དུ་རང་སྲོག་ཤོར། སྐར་མའི་ཉིན་དེར་ཡར་མར་གྱི་སྡེ་དམངས་ལེ་དབར་བཅུ་ཕྲག་གི་ལམ་ཐག་གོམ་གྱིས་བཅད་ནས་དཔའ་བོ་ཞིག་སྐྱེལ་མ་ཞུ་བ་བཞིན་མཐའ་མཇུག་གི་གྱེས་ཕྱག་ཕུལ།

2021ལོའི་ཟླ10ཚེས11ཉིན། བསོད་ལྷ་ནམ་རྒྱུན་བཞིན་གཞུང་སྒྲུབ་ཁང་དུ་ལས་ཀ་སྒྲུབ་ནས་ནམ་གུང་གི་ཆུ་ཚོད11ཡས་མས་ཀྱི་དུས་ལ་མགོ་བོར་ན་ཟུག་གཟོད་བརླག་མེད་པ་ཞིག་སྐྱེས་ཏེ་ཁྱིམ་དུ་སྨན་ལེན་དུ་ཕྱིན་ཡང་། ཁྱིམ་སྒོར་སླེབས་མ་ཐག་ཐང་ལ་འགྱེལ། ཟླ10ཚེས14ཉིན་བསོད་ལྷར་སྨན་ཁང་ནས་སྨན་བཅོས་མྱུར་སྐྱོབ་བྱས་ཀྱང་ཕྱིར་ཡོང་མ་བྱུང་ལ། ལོ་ན39སྟེང་ཁྱིམ་མི་དང་གཏན་དུ་གྱེས།

བསོད་ལྷ་དང་མོའི་ཕ་སྟེ་མི་རབས་གཉིས་ཀྱི་གུང་ཁྲན་ཏང་ཡོན་འདི་གཉིས་ཀྱིས“དཀའ་སྤྱད་སྡུག་རུས་ལ་དགའ་ཞིང་། དཔའ་ངར་ལ་ཞུམ་པ་མེད་པ། གཟོད་བསྲན་ཆེ་ཞིང་རྣལ་ཕུག་པ། ཀུན་ལ་བྱམས་ཤིང་མཐུན་སེམས་ཀྱིས་ཕྱུག་པ། གཞན་དོན་གྱི་ཆེད་དུ་རང་དོན་བློས་གཏོང་ཕོད་པའི”མཚོ་བོད་མཐོ་སྒང་གི་སྙིང་སྟོབས་རང་གི་ཚེ་སྲོག་ལ་བརྒྱུས་ཏེ་འགྲེལ་བརྗོད་གནང་ལ། “རང་གི་ལང་ཚོ་ཆུད་ལ་མི་ཟ་ཞིང་། མི་དམངས་ཀྱི་རེ་བ་སྟོང་ཟད་ལ་མི་གཏོང་བའི”ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ཡོད།

ནམ་གུང་གི་ཆུ་ཚོད11སྟེང་ཡུལ་དངོས་ལྟ་སྐུལ་གྱི་གྲོས་གཞི་གལ་ཆེན་ལེགས་སྒྲིག་བྱས་པ་ནི་མོའི་ཚེ་མཇུག་ཏུ་བསྒྲུབས་པའི་དོན་དག་རེད།

སང་ཉིན་གྱི་བྱ་བ་ཚགས་སུ་ཚུད་ཆེད་ཁ་པར་བཏང་ནས་དོན་དག་གལ་ཆེན་འགའ་འབྲེལ་སྦྱོར་བྱས་པ་ནི་མོའི་ཚེ་མཇུག་ལ་བཏང་པའི་ཁ་པར་ཡིན།

“སྐྱོན་མེད། ཅུང་ཙམ་འགོར་རྗེས་ན་ཟུག་ཡལ་འགྲོ་ཟེར།”ཞེས་པ་མོའི་ཚེ་མཇུག་གི་གཟོད་བསྲན་ནོ། །

ཡུན་རིང་ལས་ཀའི་ངལ་དུབ་ཐལ་དྲགས་པོའི་རྐྱེན་གྱིས་གློ་བུར་དུ་ཀླད་ཁྲག་གད་ནས་ཐང་ལ་འགྱེལ་རྗེས་ཕྱིར་ཡོང་མེད་པར་གྱུར་བ་ནི་སུས་ཀྱང་དཔག་དཀའ་པ་ཞིག་རེད།

2021ལོའི་ཟླ10ཚེས11ཉིན། རྨ་སྟོད་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བསོད་ལྷ་མོས་ལོ་ངོ16རིང་ལ་བརྟན་སྲུང་བྱས་པའི་ལས་གནས་སྟེང་ཚེ་ལས་འདས། གྲོངས་ལོ39ཡིན།

ལས་ཁུངས་ནང་གི“སྟག་ཤ་རའི་བློ་ཁོག་ཅན་གྱི་བུད་མེད”བསོད་ལྷ། ཁྱིམ་མཚེས་མིག་ནང་གི“མནའ་མ་བཟང་པོ”། དབུལ་ཚང་བྱིས་པས“ཨ་ཅེ”ཞེས་འབོད་པའི་བོད་རིགས་མང་ཚོགས་ཀྱི་བུ་མོ་བཟང་བོ་དེ་ཁོའི་ཕ་དང་འདྲ་བར་ཚེ་ཐུང་ཐུང་གིས་གུང་ཁྲན་ཏང་མི་ལ་ཉམས་པ་མེད་པའི་བསྟོད་གླུ་ཕུལ།

བསོད་ལྷ་འཚོ་བཞུགས་སྐབས་རྨ་སྟོད་རྫོང་འབྲོང་ལུང་བུ་བཅོལ་ཁང་གི་བྱིས་པ་ཚོར་བརྩེ་སེམས་འབུལ་བའི་ཚུལ་ཡིན། ( གོང་གི་པར་རིས་སྲིད་གྲོས་རྨ་སྟོད་རྫོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པ་ཡིན། )

“ཨ་ཕ་དང་འདྲ་བའི་མི་ཞིག་བྱ་འདོད།”

1982ལོའི་ཟླ1པོར། བསོད་ལྷ་རྨ་སྟོད་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་ནས་གཉོམ་ལག་རྒྱས། མོའི་ཨ་མ་ནི་ཞིང་གྲོང་གི་དགེ་རྒན་ཡིན་པ་དང་། ཨ་ཕ་ནི་དམངས་སྲིད་ལས་བྱེད་པ་ཡིན། མོས་དོན་ངོ་ཟིན་ནས་བཟུང་ཨ་ཕ་ནམ་ཞར་བྲེལ་ཟིང་གི་ངང་ན་ཡོད་དེ། དུས་རྒྱུན་ལས་ཐོག་ན་ཡོད་པ་མིན་ཚེ་གཞི་རིམ་དུ་བསྐྱོད་པའི་ལམ་ན་ཡོད་པ་རེད། མོ་ལོ12ཀྱི་སྟེང་། ཨ་ཕ་རྫོང་མཁར་ནས་ཁྱིམ་ལ་ལོག་པའི་ལམ་བར་དུ་རླངས་འཁོར་ལ་དོན་རྐྱེན་བྱུང་ནས་གཞུང་དོན་དུ་རང་སྲོག་ཤོར། དུས་དེ་ནས་བཟུང་མོ་རང་མྱ་ངན་གྱི་གདུང་བ་ཚད་མེད་ཁྲོད་འཚར་ལོངས་བྱུང་ལ། ཨ་ཕ་ལྟ་བུའི་ལས་བྱེད་པ་རྣམས་ཀྱིས་རང་གི་ཁ་བཤད་ཚིག་ལ་གནས་ཤིང་། ལག་ལེན་ལམ་དུ་བསྟར་བའི་ཀུན་སྤྱོད་བཟང་བོ་མ་བོར་བར་འབྲོག་པ་རྣམས་དཀའ་ངལ་འཕྲད་དུས་ཁ་ཆར་བུ་ཡུག་ག་འདྲ་འཚུབ་ཀྱང་འགན་འཁྲི་ཁུར་དུ་བླངས་ནས་ཁོ་ཚོའི་གནམ་འདེགས་ཀྱི་ཀ་རྟེན་དུ་བྱེད་ཕོད་པའི་སྙིང་སྟོབས་དང་ལྷག་བསམ་ངང་གིས་རྟོགས་པས། ཆུང་དུས་ནས་ཨ་ཕ་ལྟ་བུའི་མི་འགན་འཁྲི་ཅན་དང་མི་ཡིད་རྟོན་ཅན་ཞིག་བྱེད་པའི་ས་བོན་སེམས་ཀྱི་གཤིན་སར་གཏོར། མོ་རང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་མཐར་ཕྱིན་རྗེས། 2005ལོར་ལས་ཀར་ཞུགས་པ་དང་། 2007ལོར་གཟི་བརྗིད་ངང་ཀྲུང་གོའི་གུང་ཁྲན་ཏང་ལ་ཞུགས། སྔ་རྗེས་སུ་རྨ་སྟོད་རྫོང་ཨུའི་གཞུང་སྒྲུབ་ཁང་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་ཁྲིད་ཚན་ཅུས་བཅས་སུ་བྱ་བ་བསྒྲུབས།

རང་གི་འབད་འབུངས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་གཞུང་ཞབས་པར་རྒྱུགས་འཕྲོད་ཅིང་། དྲུང་ཡིག་དཀྱུས་མ་ཞིག་ནས་རིམ་བཞིན་ལས་སྒོའི་རྐང་འཛིན་པར་གྱུར། ཕྱིས་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་དུ་ཡར་འདྲེན་བྱས། ལས་གྲོགས་ཀྱིས་བཤད་པ་ལྟར་ན། བསོད་ལྷའི་ལུས་སྟེང་ན་ཡིད་ཆད་རྒྱུ་དང་བློ་ཕམ་པ་མེད་པའི་སྟོབས་ཤུགས་ཞིག་ཡོད། ལས་རྐང་གང་ཞིག་ཡིན་རུང་མོས་གཅེས་སྤྲས་ཡག་པོ་དང་དང་ལེན་ཏན་ཏིག་བྱེད་པས་བྱ་བ་གང་ཞིག་མོར་བསྒྲུབ་ཏུ་བཅུག་ན་བློ་བདེ་ཞེས་བཤད།

2021ལོའི་ཟླ7པར་རྫོང་སྲིད་གྲོས་ཀྱི་སྐབས་བརྗེ་འདེམ་བསྐོ་སྔོན་གྱི་ནམ་གུང་ལ། བསོད་ལྷས་གཞུང་སྒྲུབ་ཁང་དུ་གྲོས་ཚོགས་ཀྱི་རྒྱུ་ཆ་རྣམས་གྲ་སྒྲིག་བྱེད་སྐབས། སྲང་མོས་ཁ་པར་ཡོང་ནས་ཨ་མ་གློ་བུར་དུ་ན་ནས་སྨན་ཁང་དུ་བསྐྱལ་ཡོད་ཅེས་བཤད་མ་ཐག ལམ་སང་སྨན་ཁང་དུ་རྒྱུག་ནས་ཨ་མ་དང་སྲང་མོ་གཉིས་བཀོད་སྒྲིག་བརྒྱབ་རྗེས། ནམ་གུང་གི་ཆུ་ཚོད2སྟེང་ཕྱིར་གཞུང་སྒྲུབ་ཁང་དུ་ལོག་ནས་ནམ་ལངས་རག་བར་ལས་ཀ་བསྒྲུབས། གྲོས་ཚོགས་གྲོལ་རྗེས་ད་གཟོད་སྨན་ཁང་དུ་ཡོད་པའི་ཨ་མའི་གམ་དུ་ཕྱིན།

ལས་འགན་གཙང་སྒྲུབ་ནི་བསོད་ལྷའི་ལས་སྒྲུབ་ལ་བཟུང་བའི་ཁྱད་ཆོས་ཤིག་ཡིན། མོས་ནམ་རྒྱུན“ཁྱིམ་གྱི་དོན་དག་དོན་ཆུང་ཡིན་པས་དཀའ་ངལ་ཆེ་ཡང་ཁྱད་དུ་གསོད་ཐུབ། བྱ་བའི་སྟེང་གི་དོན་དག་ནི་དོན་ཆེན་ཡིན་པས་ཆུང་ངུ་ཡིན་ཡང་ནན་ཏན་གྱིས་བསྒྲུབ་དགོས་ཞེས་ཟེར། 

ད་ལོའི་ཟླ5ཚེས22ཉིན། རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་ཡོམ་བྱུང་དུས་མོས་ཁྱིམ་མིར་མཚམས་བདེ་འདྲི་ལོང་ཡང་མེད་པར་བྲེལ་འཚུང་ངང་ཡོམ་འགོག་རྒུད་སྐྱོབ་ཁྲོད་ཞུགས། རྫོང་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ། རྫོང་སྲིད་གྲོས་ཏང་ཨུ་ཡི་བཀོད་སྒྲིག་ལྟར། ལམ་སང་སྲིད་གྲོས་ལས་བྱེད་པ་རྩ་འཛུགས་བྱས་ནས་རྫོང་མི་རིགས་སློབ་འབྲིང་དུ་བསྐྱོད་དེ་སློབ་མ་རྣམས་བདེ་སར་བཀོད་སྒྲིག་བརྒྱབ་པ་མ་ཟད། ཉིན་རེར་ཞོགས་པའི་ཆུ་ཚོད་གསུམ་བར་དུ་ལས་གྲོགས་དང་མཉམ་དུ་དངོས་ཟོག་ཕོག་ལེན་དང་བཀོད་སྒྲིག བགོ་སྤྲོད་ལ་སོགས་ཉིན་བསྟུད་མུར་བྱས་པས། ལུས་ཟུངས་ཟད་པའི་ཁར་མགོ་ན་མཚམས་མ་བཞག་པ་ན་ལས་གྲོགས་ཀྱིས་མཐོང་ནས་མོ་ལ་ངལ་གསོ་བྱ་དགོས་ཞུས་ཀྱང་། མོས་ལག་པ་ཐད་དུ་གཡུག་བྱེད་ཞོར་ཁུག་མ་ལས་སྨན་རིལ་འགའ་བླངས་ནས་འཐུང་རྗེས། “སྐྱོན་མེད། བསྲན་དང་ཅུང་ཙམ་འགོར་རྗེས་ན་ཟུག་ཡལ་འགྲོ་ཟེར། ”

“དཀའ་ངལ་ཅི་ཞིག་ཡོད་ན་ཨ་ཅེར་ཤོད། ”

བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བའི་དམིགས་བྱ་ཡིན་ལ། བསོད་ལྷས་གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་ལག་ལེན་དུ་བསྟར་བའི་དོན་དངོས་ཡང་ཡིན།

ལས་རྐང་དུ་ཞུགས་པའི་ཉིན་དེ་ནས་བཟུང་། མོས་ཕ་ལགས་ཀྱི“ཁྱོད་ལག་ཆགས་དུས་འབྲོག་པ་དཀའ་ངལ་ཅན་ཚོའི་འཚོ་བ་སྐྱིད་པོ་རོལ་ཐུབ་ལ་རོགས་རམ་བྱ་དགོས”ཞེས་གནང་བའི་བསླབ་བྱ་ཡིད་ལ་འཆང་མ་ཟད། དེ་ནི་ཏང་ཡོན་ལས་བྱེད་པ་ཞིག་གི་འགན་འཁྲི་ཡང་ཡིན་པ་གསལ་བོར་མཁྱེན། 

རྨ་སྟོད་རྫོང་ཡོངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྡུས་ནས་དབུལ་སྒྲོལ་འགག་གཏོར་བྱེད་སྒང་དུ། སྲིད་གཞུང་གཞུང་སྒྲུབ་ཁང་ཕྱོགས་བསྡུས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བ་བསོད་ལྷ་དུས་རྒྱུན་ལས་ཁུངས་ཀྱི་འབྲེལ་གནས་ཞིང་གྲོང་དུ་བསྐྱོད་དེ། སུ་ཚང་ལ་འཚོ་བར་དཀའ་ངལ་འཕྲད་པའམ། ཡང་ན་རང་མགོ་མི་ཐོན་པའི་ལོ་རྒན་ཁེར་ཧྲེང་ཅན་ཡོད་པ་དང་། སུ་ཚང་གིས་དགུན་གཡོལ་དངོས་ཟོག་གྲ་སྒྲིག་ཐུབ་མེད་པ། སུ་ཚང་གི་བྱིས་པ་སློབ་ཞུགས་ཀྱི་དུས་ལ་བསླེབས་ཡོད་པ་སོགས་རེ་རེ་ཡིད་ལ་གསལ་བོར་བཅིངས་ཡོད། མོས་ནམ་རྒྱུན་ལས་གྲོགས་ལ་འདི་ལྟར་བཤད་པ་ཡིན། “འབྲེལ་གནས་ཁྱིམ་ཚང་བཀོད་སྒྲིག་བྱས་པ་ནི། མ་གཞི་མང་ཚོགས་ང་ཚོ་ལ་བཅོལ་བ་ཡིན་པས། དཀའ་ངལ་ཡོད་པ་དག་ཐབས་རྒྱ་ཇུས་སྟོང་གིས་ཐག་གཅོད་དགོས། མི་སུ་ཡིན་ཡང་སེམས་དེ་ལྡན་ན་ཐབས་ཤེས་ནི་དཀའ་ངལ་ལས་མང་བ་ཡིན་ཟེར། ”

མོས་རོགས་སྐྱོར་བྱ་ཡུལ་ཕྱུག་མོ་ཚང་གི་བྱིས་པ་མཐོ་འབྲིང་ལ་རྒྱུགས་འཕྲོད་པའི་གཏམ་བཟང་ཐོས་མ་ཐག སྡེ་བའི་ཨུ་ལྷན་གཉིས་ལ་འབྲེལ་བ་བྱས་ནས་སློབ་གྲྭར་འཇུག་ཐུབ་ལ་རོགས་རམ་ཅི་ལྟར་བྱེད་དགོས་པའི་སྐོར་གླེང་བ་མ་ཟད། རང་ངོས་ནས་སྒོར་སྟོང་གཉིས་སྦྱིན།

དབུལ་ཚང་བཀྲ་ཤིས་ཀྱིས་ཞོར་ལས་ལ་བརྟེན་ནས་བྱིས་པ་གསུམ་སློབ་གྲྭ་སྐྱེལ་བཞིན་ཡོད། སྒོ་ཟོག་དང་ལག་ཤེས་ཅི་ཡང་མེད་པས། བསོད་ལྷས་ཁང་རྒྱན་གཏོང་བའི་སྦྱིན་བདག་ཞིག་ལ་འབྲེལ་བ་བྱས་ནས་ཁོ་ལ་ཁང་རྒྱན་ལག་རྩལ་སྦྱོང་དུ་བཅུག་པ་དང་། གཞི་རིམ་དུ་བསྐྱོད་ཐེངས་རེར་བྱིས་པ་རྣམས་ལ་སློབ་སྦྱོང་གི་ཡོ་ཆས་ཉོས་ནས་བཀྲ་ཤིས་ཚང་དུ་བསྐྱལ།

ལོ་དུ་མའི་རིང་བཀྲ་ཤིས་ཀྱིས་ཤིང་བཟོའི་ལག་རྩལ་ཡིད་ངེས་པས་སེམས་འགུལ་དང་བཅས་བཤད་རྒྱུར། བསོད་ལྷ་ནི་རང་གི་ཨ་ཅེ་དང་འདྲ་བར་ངེད་ཚང་གི་དོན་དག་སེམས་ལ་བཟུང་ཡོད་ཟེར། བསོད་ལྷས“ཧྲང་ཧའེ་དང་མཚོ་སྔོན་གྱི་དགེ་ཕན་མཉམ་སྦྲེལ་མགོ་ལོག་ཏུ་སྤེལ”བའི་ལས་ཀ་ཞིབ་ཕྲར་འགན་འཁུར་དུས་ལས་གཞི་དེ་སྲིད་གྲོས་སྡེ་ཚན་གྱིས་མང་ཚོགས་ལ་འབྲེལ་བ་བྱེད་པའི་སྒེའུ་ཁུང་གལ་ཆེན་དུ་བསྒྱུར།

རོགས་དངུལ་དང་དངོས་ཟོག་རེ་རེ་རོགས་སྐྱོར་བྱ་ཡུལ་གྱི་ལག་ཏུ་འབྱོར་ཆེད། མོས་སུན་སྣང་མེད་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་དང་སྲིད་གཞུང་གི་སྡེ་ཚན་དག་ལ་འབྲེལ་བ་བྱས་ནས། དཀའ་ངལ་ཅན་གྱི་མང་ཚོགས་བདམས་ནས་སྔ་རྗེས་སུ་རོགས་དངུལ་སྒོར་ཁྲི190.7ཁྱིམ་ཚང་དཀའ་ངལ་ཅན857དང་། དཀའ་ངལ་ཡོད་པའི་སློབ་ཆེན་པ180། “སྐྲན་ནད་རིགས་གཉིས”ཕོག་པའི་བུད་མེད་ནད་པ33། ཐུམ་འབུའི་ནད་པ་ལྕི་མོ་ཅན10བཅས་ཀྱི་ལག་ཏུ་སྤྲད་ནས་རོགས་བྱས།

རྨ་ཆུ་ཡུལ་ཚོའི་ཐང་སྐར་མའི་རྒད་པོ་དབང་གྲགས་འགྲོ་སྐྱོད་མི་བདེ་བས་རོགས་སྐྱོབ་མ་དངུལ་ལེན་མ་ཐུབ་པར་ལུས་ཡོད་པ་ཤེས་རྗེས། མོས་ལམ་སང་རྨ་ཆུ་ཡུལ་ཚོའི་སྲིད་གཞུང་ལ་རྒད་པོ་སྡོད་ས་གསལ་བོར་དྲིས་ནས་རོགས་དངུལ་རྒད་པོའི་གམ་དུ་བསྐྱལ། མི་ལ་ལས་མོ་ལ། རོགས་སྐྱོབ་མ་དངུལ་ཞིག་གི་ཆེད་དུ་ལེ་དབར་སུམ་རྒྱ་བསྐྱོད་དོན་མེད་ཅེས་བཤད་སྐབས། མོས་ལན་དུ་མ་དངུལ་དང་དངོས་ཟོག་ནི་ཕྱོགས་གཅིག་ཡིན་མོད། རྒད་པོའི་བཞིན་གྱི་འཛུམ་མདངས་མཐོང་དུས་ཡོད་ཚད་ལ་བདེན་ལན་ཞིག་སྤྲད་ཡོང་ཟེར།

བསོད་ལྷའི་ནམ་རྒྱུན་དཀའ་ངལ་ཅི་ཞིག་ཡོད་ན་ཨ་ཅེ་ལ་ཤོད་ཟེར། རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་ལས་གྲོགས་ཆི་ཏུང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། དང་ཐོག་རྨ་སྟོད་དུ་འབྱོར་དུས་ས་ངོ་ཆུ་ངོ་མི་ཤེས་པས། ཟས་སྡོད་གང་གི་ཆ་ནས་སྐྱོ་སྐྱོ་བྱུང་ལ་ནམ་རྒྱུན་ཕ་ས་ཡིད་ལ་དྲན་ཡོང་། བསོད་ལྷས་དུས་རྒྱུན་ལས་གྲོགས་གསར་པ་དག་ཁྱིམ་དུ་བོས་ནས་ང་ཚོ་ལ་ཟས་གཡོ་བ་སོགས་འཚོ་བའི་སྟེང་རོགས་རམ་དང་ལས་ཀའི་སྟེང་སེམས་གསོ་བྱས་ཡོང་། གང་ལྟར་བྱ་བ་དང་འཚོ་བ་གང་གི་ཐད་ནས་མོའི་ཀུ་རེ་རྩེད་དགོད་དང་ལས་འགན་འཁུར་ལེན་གྱི་གཤིས་ཀས་ང་ཚོ་སེམས་འགུལ་ཐེབས་ཡོད།

( གོང་གི་པར་རིས་སྲིད་གྲོས་རྨ་སྟོད་རྫོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པ་ཡིན། )

“རང་ཁྱིམ་གྱི་ཁྱིམ་སྲོལ་ནི་རང་ཁོ་ན་བསམ་མི་རུང་བ་དེའོ། །”

བསོད་ལྷ་ནི་ཁྱིམ་གྱི་གདོང་མར་གྱུར་ཡོད། ལོ་དུ་མའི་རིང་ལ་ཟས་སྤྱོད་གྲོན་ཆུང་བྱེད་ཞོར་ཕྱོགས་གཅིག་ནས་ནུ་བོ་དང་ནུ་མོ་གཉིས་སློབ་གྲྭར་བཅུག་པ་དང་། ཁྱིམ་ཐབ་བཅོས་ནས་བྱ་བར་བཅུག ཕྱོགས་གཅིག་ནས་ལོ་ན་བགྲེས་པའི་མ་རྒན་ལ་གཉོར་སྐྱོང་བྱས། མོས་འདི་སྐད། ངས་ཨ་ཕའི་ཚབ་ཏུ་ཁྱིམ་ཚང་ལ་ཆད་པའི་བརྩེ་བ་དག་གསབ་འདོད་ཅེས་བཤད་མྱོང་མོད། ཨ་མ་ཞིག་གི་ཚུལ་ནས་རང་གི་བུ་ཕྲུག་ལ་བདག་སྐྱོང་ཆེན་པོ་བྱེད་ཐུབ་མེད།

མོའི་བུ་ཆུང་བུ་བཅོལ་ཁང་ནས་སློབ་ཆུང་གི་ལོ་རིམ་བཞི་བའི་བར་གྱི་སློབ་གྲྭའི་ཁྱིམ་བདག་གི་ཚོགས་འདུ་འཚོགས་དུས་མོ་ཐེངས་གཅིག་ལ་ཡང་ཞུགས་མ་མྱོང་ལ། ཁ་པར་ནང་དུའང་བྱ་བའི་སྟེང་གི་འདྲ་པར་མ་གཏོགས་མ་བུ་གཉིས་ཀྱི་མཉམ་པར་ཞིག་མཐོང་རྒྱུ་མི་འདུག། 2016ལོར། རྫོང་ཡོངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྡུས་ནས་དབུལ་སྒྲོལ་འགག་གཏོར་བྱེད་པའི་སྒང་ལ། བསོད་ལྷ་ཟི་ལིང་གི་ལས་བྱེད་ཟབ་སྦྱོང་གྲོལ་ནས་ཕྱིར་ཁྱིམ་ལ་ལོག་པ་ན། ལོ་བདུན་ལ་སོན་མ་ཐག་པའི་བུ་ཆུང་གི་ཞུ་བ་ཡང་ཡང་བྱས་འོག་སྐྱེས་སྐར་ཐེངས་ཤིག་རོལ་ལ། དེ་ནི་བུ་ཆུང་བུ་བཅོལ་ཁང་ནས་སློབ་ཆུང་གི་བར་དུ་རོལ་བའི་སྐྱེས་སྐར་ཐེངས་དང་པོ་རེད།

སྐྱེས་སྐར་རོལ་འགོ་རྩོམ་དུས་ལས་ཁུངས་ཀྱིས་མོ་ལ་ཅིར་མེ་སྡེ་བའི་འབྲོག་པ་བཀྲ་རྒྱལ་མྱུར་གཤིས་རྒྱུ་ལྷག་བྱུང་ནས་ཟི་ལིང་དུ་སྐྱེལ་བཞིན་ཡོད་ཅེས་ཁ་པར་བཏང་ཡོང་བས། མོས་བུ་ཆུང་ལ་སེམས་གསོ་བྱས་རྗེས་ལམ་སང་སྨན་ཁང་དུ་རྒྱུག ཕྱིར་ནང་དུ་ལོག་དུས་ནམ་གུང་དཀྱིལ་ཡིན། གཉིད་དུ་ཡུར་བའི་བུ་ཆུང་ལ་ལྟ་ཞོར་མོས་རང་ཉིད་ལ་ལས་བདའ་གང་མང་བྱས། ཐེངས་ཤིག་ལ་བུ་ཆུང་གིས་ཨ་མ་ལ། ནམ་རྒྱུན་བྱ་བ་དག་དག་བསྒྲུབ་ནས་ང་དང་མཉམ་དུ་མི་འདུག་པ་ཅི་ཡིན་ཞེས་དྲིས་པ་ན།  མོས་བུ་ཆུང་ལ། “འུ་ཚང་གི་ཁྱིམ་སྲོལ་ནི་མི་མང་པོ་ཞིག་ཆེད་དུ་རང་ཁོ་ན་བསམ་མི་རུང་བ་ཡིན། ཁྱོད་ལག་ཆགས་དུས་ད་གཟོད་གནས་ལུགས་འདི་གསལ་བོར་རྟོགས་ངེས་ཡིན་ཞེས་ལན་བཏབས།

མོས་དེ་ལྟར་བཤད་ལ་དེ་ལ་བསྒྲུབས། ནམ་རྒྱུན་ལུས་པོ་མི་བདེ་བ་བྱུང་དུས་འགོ་ཁྲིད་དང་ལས་གྲོགས་རྣམས་ཀྱིས་ཞིང་ཆེན་སྨན་དུ་སོང་ལ་བརྟག་དཔྱད་ཡག་པོ་ཞིག་བྱོས་ཞེས་སྐུལ་མ་བཏང་ཡང་། མོས་འཛུམ་དང་བཅས། “ང་ནི་རྨ་སྟོད་པ་ཞིག་ཡིན། ལུས་སྟོབས་པོ་ཡོད་རེད་ཟེར།”ཡང་ན“ཉིན་འགའི་རྗེས་སུ་བརྟག་དཔྱད་དུ་འགྲོ་ངེས་ཡིན་ཟེར།” དེ་ལྟར་ནད་གཞི་ནར་འགྱངས་བྱས་པའི་རྐྱེན་གྱིས་ཟླ10ཚེས11ཉིན་གྱི་མཚན་གུང་གི་ཆུ་ཚོད11ཡས་མས་སྟེང་ལས་ཁུངས་སུ་མགོ་གཟེར་ཞིང་ཐང་ཆད་ན་ཡང་ལས་ཀ་བསྒྲུབ་ཚར་རྗེས་ད་གཟོད་ཁྱིམ་དུ་ལོག་དགོས་སྙམ་ནས་མུ་མཐུད་རྒྱུན་འཁྱོངས་བྱས་མོད། ཧ་ཅང་ན་དྲག་པས་ཁྱིམ་དུ་སྨན་ལེན་དུ་ཕྱིན་པ་དང་། སྒོ་ཁར་སླེབས་མ་ཐག་ཐང་ལ་འགྱེལ། ཟླ10ཚེས14ཉིན་སྨན་ཁང་དུ་མྱུར་སྐྱོབ་བྱས་ཀྱང་ལོ39སྟེང་གི་བསོད་ལྷ་ཕྱིར་ཡོང་མེད་པར་གྱུར་ལ། ཨ་མའི་བདག་སྐྱོང་ཆེས་མཁོ་བའི་ལོ 12སྟེང་གི་བུ་ཆུང་ཡང་ཨ་མ་དང་གཏན་དུ་གྱེས། 

མོ་ཚེ་ལས་འདས་ཀྱང་ང་ཚོ་དང་འབྲལ་མེད་ཡིན། བསོད་ལྷའི་་མི་ཚེ་ཐུང་ངུའི་ཁྲོད་བྱ་བ་དང་མང་ཚོགས་ཀྱི་ཆེད་ཁུ་སིམ་མེར་ལག་རྗེས་མི་དམན་པ་བཞག །ཕ་བུ་འདི་གཉིས་ཀས་གུང་ཁྲན་ཏང་མིའི“དཀའ་སྤྱད་གདུང་གིས་བསུ་ཕོད་ཅིང་། དབྱང་རླུང་དཀོན་ཡང་སྙིང་སྟོབས་མི་ཟད་པའི”རྨ་སྟོད་ཀྱི་སྙིང་སྟོབས་དང་། “དཀའ་སྤྱད་སྡུག་རུས་ལ་དགའ་ཞིང་། དཔའ་ངར་ལ་ཞུམ་པ་མེད་པ། བཟོད་བསྲན་ཆེ་ཞིང་རྣལ་ཕུག་པ། ཀུན་ལ་བྱམས་ཤིང་མཐུན་སེམས་ཀྱིས་ཕྱུག་པ། གཞན་དོན་གྱི་ཆེད་དུ་རང་དོན་བློས་གཏོང་ཕོད་པའི”མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ཚེ་སྲོག་ལ་བརྒྱུས་ནས་གསལ་འགྲེལ་བྱས་ཡོད་ལ། ལྷག་པར་དུ“རང་གི་ལང་ཚོ་ཆུད་ལ་མི་ཟ་ཞིང་། མི་དམངས་ཀྱི་རེ་བ་སྟོང་ཟད་ལ་མི་གཏོང་བའི”ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།