ཡང་དར་བསྟན་པའི་སྲོལ་འབྱེད་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྒོ་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཐད་ལ་མཛད་རྗེས་ཇི་ལྟར་བཞག་པའི་སྐོར་ཅུང་ཟད་གླེང་བ།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྗེས་དྲན་དུ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས། ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོ་བཅས་ཀྱིས་སྤྱི་ལོ༢༠༡༩ལོའི་ཟླ༡ཚེས༢༨ཉིན་བསྒྲུབ་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུའི་སྟེང་དུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཀྲུང་གོའི་གཏན་ཚིགས་རིགས་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོ་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ཡོད་པས། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་རྣམ་གཉིས་ལྟ་བུའི་འཐུས་ཚབ་མི་སྣ་བྱུང་ཡོད་ཅེས་པའི་གསུང་བཤད་དགོངས་དོན་བརྗོད་བྱར་བཟུང་བའི་ཡང་དར་བསྟན་པའི་སྲོལ་འབྱེད་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྒོ་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཐད་ལ་དགོངས་གཞི་ཇི་ལྟར་མཛད་པའི་སྐོར་ཅུང་ཟད་གླེང་བ་ཞེས་པའི་དཔྱད་རྩོམ་འདི་ཐོག་མར་སྤེལ་བ་ཡིན་པས། བོད་ཀྱི་དགེ་སློབ་ཁག་ཅིག་གིས་རེ་བ་ལྟར། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བཀྲ་ཤིས་དབང་ཕྱུག་ངས་འདི་ནས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱི་རྣ་ལམ་དུ་སྒྲོག་འདོན་བྱེད་རྒྱུ་ཡིན།

ཡང་དར་བསྟན་པའི་སྲོལ་འབྱེད་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཐད་ལ་དགོངས་གཞི་ཇི་ལྟར་མཛད་པའི་སྐོར་ཅུང་ཟད་གླེང་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ། མཇུག་བསྡུ་བ་བཅས་གསུམ་ཡོད་དེ།

དང་པོ། མདོར་བསྟན་པ་ནི།

ཇི་སྐད་དུ།

རྒྱལ་བསྟན་སྣུམ་ཟད་མར་མེ་ལྟར་གྱུར་ཚེ། །

སྙིང་སྟོབས་ཆེན་པོས་གོ་ཆ་ལེགས་བགོས་ནས། །

ཐབས་བརྒྱའི་སྒོ་ནས་རྒྱལ་བསྟན་ཡང་དར་སྤེལ། །

རྒྱལ་སྲས་དཔའ་བོ་ཆེན་པོར་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར།

ཡང་དར་བསྟན་པའི་སྲོལ་འབྱེད་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་ཚེའི་གང་པོའི་མཛད་པ་མདོར་བསྡུས་ན་དུས་རབས་ཀྱི་རིམ་པ་བཅུ་ཕྲག་ལྔའི་སྒོ་ནས་དབྱེ་དགོས་ཏེ།

དང་པོ་ནི་༡༩༣༨ལོ་ནས་༡༩༤༨ལོའི་བར་མདོ་སྨད་དུ་སྐུ་འཁྲུངས་ཤིང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། རྗེ་བླ་ཁོ་རིན་པོ་ཆེ་སོགས་ཡོངས་འཛིན་རྣམ་པ་བཞི་ཚུལ་བཞིན་དུ་བསྟེན་ནས་དབང་ལུང་མན་ངག་དང་བཅས་པ་གསན་ཞིང་སློབ་གཉེར་གནང་བའི་མཛད་པ།

གཉིས་པ་ནི་༡༩༤༨ལོ་ནས་༡༩༥༨ལོའི་བར་རྗེ་སྐུ་འབུམ་དང་གདན་ས་བཀྲ་ཤིས་ལྷུན་པོར་སྔ་གཞུག་ཏུ་གདན་སར་འཁོད་དེ། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་ལེགས་པར་གནང་ནས་དཀའ་ཆེན་གྱི་མཚན་གནས་བཞེས་ཤིང་། རྒྱལ་སྲིད་ཀྱི་ལས་དོན་ལ་ཞུགས་པའི་མཛད་པ།

གསུམ་པ་ནི་༡༩༥༨ལོ་ནས་༡༩༦༨ལོའི་བར་བོད་མི་རིགས་དང་ཆོས་ལུགས་འཇིགས་ཉེན་ལས་སྐྱོབ་པའི་ཆེད་དུ་ཐུགས་སྟོབས་ཆེན་པོས་ཡིག་འབྲུ་ཁྲི་བདུན་མ་ཕུལ་ནས། བྱ་དཀའ་བ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པའི་མཛད་པ།

བཞི་བ་ནི་༡༩༦༨ལོ་ནས་༡༩༧༨ལོའི་བར་ནང་བསྟན་ཆོས་ལུགས་དང་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་ལོ་བཅུའི་རིང་བཙོན་ཁང་དུ་བཞུགས་ནས་དཀའ་བ་སྤྱད་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ།

ལྔ་བ་ནི་༡༩༧༨ལོ་ནས་༡༩༨༩ལོའི་བར་སླར་ཡང་རྒྱལ་སྲིད་ཀྱི་མཛད་ཆེན་ཁུར་དུ་བཞེས་ཏེ་ཡང་དར་བསྟན་པའི་སྲོལ་ལེགས་པར་ཕྱེས་ཤིང་། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་དང་ས་གནས་སོ་སོའི་ལས་རིགས་ཁག་ལ་རྟོག་ཞིབ་མཛད་དེ། དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཆེད་དུ་མཛད་འཕྲིན་བླ་ན་མེད་པ་བསྐྱངས་པའི་མཛད་པ་བཅས་སོ།

གཉིས་པ། རྒྱས་པར་བཤད་པ་ལ།

ཇི་སྐད་དུ།

ཚུལ་འདི་མཐོང་ནས་བདག་གིས་ནི། །

འབད་པ་དུ་མས་མཁས་པ་ཡི། །

རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །

དགོངས་པ་ཡང་དང་ཡང་དུ་བཙལ། ། ཞེས་གསུངས་པ་ལྟར།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཡང་དང་ཡང་དུ་བཙལ་ན། ནང་བསྟན་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཚུལ་དང་འཇིག་རྟེན་སྲིད་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཚུལ། དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཚུལ་བཅས་གསུམ་ཡོད་དེ།

དང་པོ། ནང་བསྟན་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཚུལ་བཤད་པ་ནི། ཡང་དར་བསྟན་པའི་སྲོལ་འབྱེད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་པ་མཆོག་གིས་ནང་བསྟན་ཆོས་ལུགས་སྤྱི་དང་སྒོས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡང་དར་བསྟན་པའི་སྲོལ་ལེགས་པར་ཕྱེས་ཤིང་། གདན་ས་ཆེན་པོ་དྲུག་གཙོས་པའི་བོད་མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཆེ་ཆུང་ཁག་ལ་སྐུ་དངོས་སུ་ཕེབས་ནས། དབང་ལུང་ཁྲིད་གསུམ་དང་། ཆོས་དང་འཇིག་རྟེན་སྲིད་ཕྱོགས་བཅས་ལུགས་གཉིས་ཀྱི་ལམ་སྟོན་མང་པོ་གནང་ཞིང་། དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་ན་མེད་པ་མཛད། ཁྱད་པར་དུ་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་མཛད་དེ་བོད་བརྒྱུད་ནང་བསྟན་སྲོལ་རྒྱུན་ལྟར་གཞུང་ཆེན་བཀའ་པོད་ལྔ་ལ་འཆད་རྩོད་རྩོམ་གསུམ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་སྒོམ་གསུམ་ལེགས་པར་གནང་ནས། མ་འོངས་པར་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་དམ་པ་རབས་དང་རིམ་པར་བྱོན་ནས་བོད་བརྒྱུད་ནང་བསྟན་སྲོལ་རྒྱུན་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་མཛད་འཕྲིན་བླ་ན་མེད་པ་བསྐྱངས་པ་དང་།

རྒྱལ་ས་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཞིང་ལྗོངས་ལྔ་སོགས་ལ་ནང་བསྟན་སློབ་གྲྭ་གསར་དུ་བཙུགས་ནས། དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཆོས་སྲིད་ལུགས་གཉིས་ལ་མཁས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་ཆེན་དམ་པ་མང་པོ་གསོ་སྐྱོང་མཛད་དེ། མ་འོངས་པར་བོད་བརྒྱུད་ནང་བསྟན་འདི་ཉིད་བོད་ཀྱི་སྤྱི་ཚོགས་བརྒྱུད་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ལ་དར་སྤེལ་བྱས་ཏེ་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་ཞི་འཇགས་འབྱུང་བར་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་ཡིན།

གཉིས་པ། འཇིག་རྟེན་སྲིད་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཚུལ་བཤད་པ་ནི། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གཙོས་པའི་ཞིང་ལྗོངས་ལྔའི་མི་རིགས་སློབ་ཆེན་ཁག་གི་བོད་རིག་པའི་སློབ་གླིང་དང་། དེ་མིན་རང་སྐྱོང་ཁུལ་དང་རྫོང་། གཞི་རིམ་གྱི་ས་གནས་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཁག་ལ་ཕེབས་ཏེ། འཇིག་རྟེན་ཤེས་རིག་ཕྱོགས་ཀྱི་མི་སྣ་གསོ་སྐྱོང་བྱས་ནས་བོད་ཀྱི་འཇིག་རྟེན་སྲིད་ཕྱོགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་། ཁྱད་པར་དུ་བོད་ཀྱི་ཞིང་ལྗོངས་སོ་སོའི་ས་གནས་གལ་ཆེན་ཁག་ལ་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་དང་གསོ་རིག་སློབ་གླིང་བཙུགས་ནས། འཇིག་རྟེན་སྲིད་ཕྱོགས་ཀྱི་ཤེས་རིག་ལ་མཁས་པའི་དགེ་རྒན་དང་ལས་བྱེད་པ། ཤེས་ཡོན་པ་དང་འགོ་ཁྲིད་སོགས་གཞུང་ཞབས་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་མཛད་དེ། བོད་ཀྱི་འཇིག་རྟེན་སྲིད་ཕྱོགས་ཀྱི་བྱ་གཞག་དར་ཞིང་རྒྱས་པར་མཛད་པའི་ཐད་ལ་བླ་མེད་ཀྱི་མཛད་འཕྲིན་བསྐྱངས་ཡོད།

གསུམ་པ། དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཚུལ་བཤད་པ་ནི། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་སྐུ་དངོས་ཀྱིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པ་དང་བོད་གངས་རྒྱན་དར་སྤེལ་སྤྱི་བསྡོམས་མཐུན་གཉེར་ཁང་གཙོས་པའི་བོད་ཀྱི་ཞིང་ལྗོངས་ལྔའི་ས་གནས་སོ་སོར་ཚོང་གཉེར་ཁང་དང་བོད་སྨན་ཁང་། བོད་སྨན་བཟོ་གྲྭ་དེ་མིན་ལག་རྩལ་སློབ་གྲྭ་དང་འཕྲུལ་འཁོར་སློབ་གྲྭ སྒྱུ་རྩལ་སློབ་གྲྭ་དང་འཁེལ་འཐག་བཟོ་གྲྭ ཚོང་ལས་མགྲོན་ཁང་། རྟ་རྩལ་འཁྲབ་སྦྱོང་ལྟེ་གནས་དང་ནོར་གནག་རྒྱུད་སྤེལ་ལྟེ་གནས། ཤིང་བཟོ་ལག་རྩལ་ལས་སྣོན་ཁང་སོགས་བཙུགས་པ་དང་། ཐ་ན་བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཐོན་ཁུངས་གཙོ་བོ་སྟེ་དབྱར་རྩྭ་དགུན་འབུ་དང་ཀོ་ལྤགས། བལ་ཁུད་སོགས་ཀྱང་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཚོང་ར་ལ་ངོ་སྤྲོད་དང་འགྲེམ་སྤེལ་བྱས་ནས། བོད་ཀྱི་ས་གནས་ཐོན་རྫས་ཀྱི་རིན་གོང་མཐོར་འདེགས་སུ་བཏང་ཞིང་། བོད་ཀྱི་དཔལ་འབྱོར་ཚོང་ལས་ཕྱོགས་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་མཛད་དེ། བོད་ཀྱི་དཔལ་འབྱོར་གོང་འཕེལ་བཏང་ནས་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་རོལ་ཐུབ་པའི་ཕྱོགས་ལ་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས་ཡོད།

གསུམ་པ། མཇུག་བསྡུ་བ་ནི།

ཇི་སྐད་དུ།

འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས།

མཛད་པ་ཀུན་ལས་གསུང་གི་ནི། །

མཛད་པ་མཆོག་ཡིན་དེ་ཡང་ནི། །

དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །

འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་གསུང་གི་མཛད་པ་སྟེ་ཞལ་ཆེམས་ཀྱི་སྙིང་བོ་ནི། བོད་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དང་བོད་བརྒྱུད་ནང་བསྟན་གྱི་བསྟན་པའི་བདག་པོ། རྒྱལ་ཁབ་ཀྱི་མགོ་ཁྲིད། བོད་མི་རིགས་ཀྱི་དེད་དཔོན་ཞིག་ཡིན་པའི་ཆ་ནས། འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་དང་། འཛམ་གླིང་ཞི་བདེ། རྒྱལ་ཁབ་ཞི་འཇགས། མི་རིགས་མཐུན་སྒྲིལ་ཡོང་བ་བཅས་ནི་མགོན་པོ་གང་གི་ཐུགས་དགོངས་ཀྱི་རྩ་བ་ཡིན་ཞིང་། འདི་དག་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཅན་ཐམས་ཅད་ལ་གཞན་ཕན་གྱི་བསམ་པའི་སློབ་གསོ་དང་བདག་མེད་པའི་ལྟ་བའི་རིག་གཞུང་འདི་གཉིས་ལ་ཐུག་ཡོད་ཅིང་། འདི་གཉིས་ནང་བསྟན་རིག་གཞུང་གི་སློབ་གསོའི་རྩ་བ་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ནང་བསྟན་རིག་གཞུང་གི་གཞན་ཕན་གྱི་བསམ་པ་དང་བདག་མེད་པའི་ལྟ་བ་གཉིས་ལ་སློབ་སྦྱོང་བྱེད་དགོས་ཞེས་གསུངས་པ་ལྟར། 

ནང་བསྟན་རིག་གཞུང་གི་སློབ་གསོ་ནི་ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་དང་རྒྱུད་སྡེ་བཞིའི་ཉམས་ལེན་ཆ་ཚང་ཞིང་། བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་སྐད་དང་རིག་གཞུང་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ལ། བོད་ཀྱི་སྐད་དང་རིག་གཞུང་ནི་བོད་མི་རིགས་ཀྱིས་རྒྱུན་འཛིན་བྱེད་དགོས་པ་དང་། བོད་མི་རིགས་འདི་ཉིད་ཡུན་རིང་དུ་གནས་དགོས་པ་ལ་བོད་མི་རིགས་འདི་ཉིད་ངེས་པར་དུ་འཕེལ་རྒྱས་གོང་སྤེལ་ཏུ་གཏོང་དགོས་པས། བོད་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩ་ནི་བོད་ཀྱི་ནང་བསྟན་ཆོས་ཕྱོགས་དང་འཇིག་རྟེན་སྲིད་ཕྱོགས། དཔལ་འབྱོར་འཕེལ་རྒྱས་བཅས་ཕྱོགས་གསུམ་ཀ་ཡར་རྒྱས་གོང་སྤེལ་ཏུ་གཏོང་དགོས་པར་རག་ལས་ཤིང་། མདོར་ན་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཏུ་གཏོང་རྒྱུ་ནི་སེམས་ཅན་གྱི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ། རྒྱལ་ཁབ་ཞི་འཇགས། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྩ་བ་ལ་ཐུག་ཡོད་པས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ཚེའི་སྟོད་ལ་བོད་ཀྱི་མི་རིགས་དང་ཆོས་ལུགས་འཇིགས་ཉེན་ལས་སྐྱོབ་པའི་ཆེད་དུ་ཡིག་འབྲུ་ཁྲི་བདུན་མ་ཕུལ་བ་ལ་སོགས་པའི་སྐུ་ངལ་མང་པོ་མཛད་དེ་མཐར་ལོ་བཅུའི་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་བ་དང་། སྐུ་ཚེའི་སྨད་ལ་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཏུ་བཏང་ནས་བོད་མི་རིགས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ནས་འཕེལ་རྒྱས་གོང་སྤེལ་ཏུ་གཏོང་བའི་ཆེད་དུ་རྒྱལ་སྲིད་ཀྱི་མཛད་པ་ལམ་དུ་འཁྱེར་བའི་སྒོ་ནས་བོད་མདོ་དབུས་ཁམས་གསུམ་སོགས་རིས་སུ་མ་ཆད་པའི་ས་གནས་ཁག་ལ་ཕེབས་ནས་ཉིན་མཚན་དུས་དྲུག་ཏུ་ཕྱག་ལས་བླ་ན་མེད་པ་མཛད་དེ་སྐུ་ངལ་ཆེར་དྲགས་པའི་རྐྱེན་གྱིས་མཐར་མྱ་ངན་ལས་འདས་པ་ཡིན་པས། པཎ་ཆེན་རིན་པོ་ཆེས་ཉིད་ཀྱི་སྐུ་སྲོག་ཀྱང་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཆེད་དུ་བཏང་བ་ཡིན་ཞིང་།

པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདའ་ཁར་ཡང་གདན་ས་བཀྲ་ཤིས་ལྷུན་པོར་བོད་ཡུལ་ཆོལ་ཁ་གསུམ་གྱི་ཆེ་རྒུ་རྣམས་ལ་ཞལ་ཆེམས་སུ། བོད་མི་རིགས་རྗེས་ལུས་ཀྱི་རྣམ་པ་མ་བསྒྱུར་ན་ང་ཤི་ཡང་མིག་མི་བཙུམ་ཞེས་གསུངས་ཤིང་། ང་ཚོའི་བོད་མི་རིགས་ཚང་མས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་གསུང་གི་ཞལ་ཆེམས་འདི་ལ་རྗེས་དྲན་བྱས་ནས། བོད་ཀྱི་རབ་བྱུང་བ་རྣམས་ཀྱིས་ནང་བསྟན་བསམ་བློའི་རིག་གཞུང་སོགས་སྲོལ་རྒྱུན་གྱི་རིག་གནས་མཐའ་དག་རྒྱུད་འཛིན་དར་སྤེལ་དང་བོད་ཀྱི་མི་སྐྱ་ཕོ་མོ་རྣམས་ཀྱིས་དཔལ་འབྱོར་རིག་པ་སོགས་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིག་གཞུང་ཁག་ལ་སློབ་སྦྱོང་དང་ནང་འདྲེན་ལེགས་པར་བྱས་ཏེ།

སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གཞུང་གཉིས་ཟུང་འབྲེལ་བྱས་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཏུ་བཏང་སྟེ། བོད་མི་རིགས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་རྒྱུ་ནི། དེ་རིང་ང་ཚོས་པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཚོགས་འདུ་འཚོགས་པའི་དགོས་པ་ཡིན་ནོ་ཞེས་རྗེས་དྲན་གྱི་དཔྱད་རྩོམ་འདི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱི་རྣ་ལམ་དུ་སྒྲོག་པ་ལ་བརྟེན་ནས། བོད་སྤྱི་ཚོགས་ཀྱི་ལས་ལ་བརྩོན་པའི་སེར་སྐྱ་ཕོ་མོ་རྣམས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགའ་ཞེན་བཞིའི་དགོངས་པ་དང་། བོད་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཐད་ཀྱི་དགོངས་གཞི་དང་གསུང་གི་ལམ་སྟོན་གནང་བ་འདི་ལ་སློབ་སྦྱོང་དང་བསམ་བློ་ཡག་པོ་བཏང་ནས། རང་རང་གི་སྐབས་སུ་བབས་པའི་སྲིད་འབྱོར་རིག་གསུམ་གྱི་བྱ་བ་དང་ལས་གནས་སྟེང་དུ་ལག་ལེན་ཅི་ཐུབ་གང་ཐུབ་བྱེད་དགོས་པའི་དྲན་སྐུལ་བྱས་པ་ཡིན་ཞིང་། མདོར་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བོད་རིགས་ཀྱིས་བོད་མི་དམངས་ཡོངས་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ཅིང་།

རྗེ་ཙོང་ཁ་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་བ་བཅས་ཚང་མ་མཚོ་སྔོན་གྱི་མི་ཡིན་པས། འདི་ནི་མཚོ་སྔོན་གྱི་གཟི་བརྗིད་རེད་ཅེས་གསུངས་བའི་པཎ་ཆེན་སྐུ་ཕྲེང་བཅུ་བས་བོད་མི་རིགས་ཡོངས་ལ་བཞག་པའི་མཛད་རྗེས་བླ་ན་མེད་པ་དང་གཟི་བརྗིད་ངོ་མ་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཡང་དར་བསྟན་པའི་སྲོལ་ལེགས་པར་ཕྱེས་ཏེ། བོད་མདོ་དབུས་ཁམས་གསུམ་ལ་ལས་རིགས་སོ་སོའི་ཕྱོགས་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་མཛད་དེ། བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གོང་སྤེལ་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་འདི་དག་ཡིན་ནོ། །