རིམས་འགོག་ལྟེ་གནས་ཀྱིས་ང་ལ་ཁ་པར་གཏོང་དོན་ཅི་ཡིན་ནམ།

ཉེ་ཆར།རང་ཞིང་མཐའ་འཁོར་གྱི་ཞིང་ཆེན་མང་པོར་ས་གནས་ནད་དཔེ་གསར་དུ་ཐོན་པ་རེད།ཟླ10ཚེས21ཉིན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དུ་གསར་དུ་ཏོག་དབྱིབས་ནད་དུག་གི་ཉིང་སྐྱུར་ཚད་ལེན་གདགས་གཤིས་ཡིན་པའི་ནད་པ་གཅིག་ཤེས་རྟོགས་བྱུང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་དང་།རིམས་ནད་ཚོད་འཛིན་ལྟེ་གནས་དང་སྡེ་ཁག་གཞན་དག་གིས་རང་འགན་ནན་སྒྲུབ་བྱེད་པ་དང་།ཕྱི་ནས་ནང་ལ་ཐོན་པ་སྔོན་འགོག་དང་ནང་ནས་བསྐྱར་དུ་ཐོན་པར་སྔོན་འགོག་བྱེད་པའི་འགོག་སྲུང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས་ལ།རིམས་ནད་ཐོན་པ་ནས་བཟུང་སྤྱི་དམངས་མི་ཉུང་བ་ཞིག་ལ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣའི་ཁ་པར་འབྱོར་ནས་གཞི་རྩའི་ཆ་འཕྲིན་དང་བདེ་ཐང་གི་གནས་ཚུལ་སོགས་ཀྱི་ནང་དོན་འདྲི་རྩད་བྱས་པ་དང་།སྤྱི་དམངས་མང་ཆེ་བས་ཧུར་ཐག་གིས་གཞོགས་འདེགས་བྱས་ནས་མྱུར་དུ་ཆ་འཕྲིན་མཁོ་འདོན་བྱས་པ་རེད།འོན་ཀྱང་སྤྱི་དམངས་ཉུང་ཤས་ཅིག་གིས་ཐེ་ཚོམ་གྱི་རྣམ་འགྱུར་བཟུང་ནས་ཆ་འཕྲིན་མྱུར་དུ་མཁོ་འདོན་མི་བྱེད་པར་མ་ཟད།སྤྱི་དམངས་ཁག་ཅིག་གིས་བྱ་སྤྱོད་ཀྱིས་རིམས་ནད་བརྟག་དཔྱད་ལས་དོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

རིམས་འགོག་ལྟེ་གནས་ཀྱིས་ང་ལ་ཁ་པར་གཏོང་དོན་ཅི་ཡིན་ནམ།

ཁོ་ཚོའི་ངའི་ཆ་འཕྲིན་ཅི་ལྟར་ཤེས་བ་ཡིན་ནམ།

ང་ལ་ཁ་པར་འབྱོར་བ་ནི་ང་རང་ལོགས་སུ་བཀར་དགོས་པ་མཚོན་ནམ།

ངའི་རིམས་འགོག་མི་སྣར་ཅི་ལྟར་གཞོགས་འདེགས་བྱས་ནས་རིམས་འགོག་ཚོད་འཛིན་བྱ་བ་དོན་འཁྱོལ་བྱེད་དགོས་སམ།

དེ་རིང་གཙོ་སྒྲིག་པས་ཁྱེད་ལ་ལན་གསལ་བོར་འདེབས།

01

རིམས་འགོག་ལྟེ་གནས་ཀྱིས་ཆ་འཕྲིན་ཅི་ལྟར་ཤེས་པ་ཡིན་ནམ།

མིག་སྔར་ཆ་འཕྲིན་མང་ཆེ་བ་གཤམ་གྱི་ཕྱོགས་གསུམ་ནས་ཡོང་བ་སྟེ།

གཅིག གོང་རིམ་ནད་རིགས་ཚོད་འཛིན་སྡེ་ཚན་ནམ་སྲིད་འཛིན་སྡེ་ཚན་གྱིས་བསྐུར་བའི་ཞིབ་བཤེར་རམ་འདེགས་ཡི་གེ་ཡིན་ཞིང་།དེའི་ནང་འབྲེལ་གཏུག་དམ་ཟབ་བྱེད་མཁན(བསྡུས་མིང་ལ་གསང་འབྲེལ་ཞེས་བརྗོད་རྒྱུ)དང་།སྤྱིར་བཏང་གི་འབྲེལ་གཏུག་བྱེད་མཁན་དང་གཙོ་གནད་ཉེན་ཁའི་མི་སྣ་སོགས་ཚུད།

གཉིས། གཞི་གྲངས་ཆེན་པོའི་ཐོག་ནས་སྤྲད་པའི་གཙོ་གནད་ས་ཁུལ་གྱི་རིམས་ནད་དང་འབྲེལ་བ་ཡོད་པའི་མི་སྣའི་མིང་ཐོ།

གསུམ། ནད་དཔེ་དང་གསང་འབྲེལ་ལ་བརྟག་དཔྱད་བྱེད་པ།

གཞོགས་འདེགས་ཆ་འཕྲིན་བསྐུར་བའི་དུས་ཚོད་གཏན་འཁེལ་མེད་པ་དང་ཉིན་མོ་ཡིན་སྲིད་ལ།ནངས་མོ་ཡིན་ཡང་སྲིད།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསང་འབྲེལ་ཆེད་ལས་མི་སྣས་ཞིབ་བཤེར་ཡི་གེ་འབྱོར་རྗེས་མྱུར་དུ་རིམས་ནད་བརྟག་དཔྱད་དམ་ཡང་ན་ཆ་འཕྲིན་ཞིབ་བསྡུར་གྱི་ལས་དོན་ལེགས་སྒྲུབ་བྱེད་དགོས་ལ།གལ་ཏེ་རམ་འདེགས་ཞིབ་བཤེར་ཡི་གེ་སྟེང་དུ་བརྡ་འཕྲིན་ཆ་ཚང་མིན་པ་དང་འབྲེལ་གཏུག་བྱེད་ཐབས་མེད་ན་སྤྱི་བདེ་མ་ལག་གིས་བརྟག་དཔྱད་སྐོང་ལེན་བྱེད་དགོས།

02

ཁ་པར་གྱི་ལམ་ནས་དྲི་བ་ཅི་ཞིག་འདྲི་སམ།

ཤ་ཚའི་གསལ་བརྡ།གལ་ཏེ་ཁྱེད་ལ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ཁ་པར་འབྱོར་ན།ཁྱེད་ཀྱིས་ཉེ་ལམ་ནད་རྟགས་གཏན་འཁེལ་བྱས་པའི་ནད་པའམ་ནད་རྟགས་མེད་པའི་ནད་པ་དང་འབྲེལ་འདྲིས་དམ་པོ་བྱེད་མྱོང་བའམ་ཡང་ན་ནད་པའི་བར་ལ་འབྲེལ་བ་དམ་པོ་བྱེད་མྱོང་སྲིད་ལ།ཁྱེད་དང་ཁྱིམ་མིའི་བདེ་ཐང་དང་བདེ་འཇགས་ཀྱི་ཆེད་དང་།འགོས་ནད་ཕོག་སྲིད་པའི་མིར་གང་མགྱོགས་གྱིས་གྲལ་བཤེར་དང་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱ་ཆེད་ཁྱེད་ཀྱིས་ཆ་འཕྲིན་ཇི་མ་ཇི་བཞིན་དུ་མཁོ་འདོན་བྱེད་རོགས།

རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གསང་བའི་བསྡུ་ལེན་ཆེད་ལས་འཛིན་གྲྭའི་མི་སྣས་སྔོན་ལ་གཞོགས་འདེགས་ཞིབ་བཤེར་ཡི་གེའི་ཐོག་གི་ནང་དོན་གནད་ལ་འཁེལ་ཡོད་མེད་དང་།སྐུ་ཉིད་ཁོངས་གཏོགས་ས་ཁུལ་དུ་བསྡད་ཡོད་མེད།ཞིབ་ཕྲའི་གནས་བབ་ཐོག་བཞག་ཡོད་མེད་བཅས་ལ་ཞིབ་དཔྱད་བྱ་རྒྱུ་ཡིན་པ་དང་།གལ་ཏེ་མངའ་ཁོངས་ནས་བསྡད་ཡོད་ན་མུ་མཐུད་དུ་ཁྱེད་ཀྱི་གཞི་རྩའི་ཆ་འཕྲིན་(རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།ད་ལྟའི་སྡོད་གནས།བྱ་བའི་ལས་ཁུངས་)སོགས་འདྲི་རྩད་བྱེད་དགོས།

དེའི་རྗེས་སུ།སྐུ་ཉིད་ཀྱིས་ཉིན་འགའི་རིང་གི་འགུལ་སྐྱོད་ལམ་ཐིག་དང་བྱེ་བྲག་གི་དུས་ཚོད།མི་གང་འདྲ་ཞིག་དང་འབྲེལ་གཏུག་བྱས་པ།གང་དུ་ཕྱིན་པ།ལས་རིགས་གཅིག་པའི་མི་དང་མཉམ་དུ་སྡོད་པ་སོགས་འབྲེལ་གཏུག་བྱེད་སྲིད་པའི་མི་རྣམས་གསལ་པོར་འདྲི་དགོས་ལ།གལ་ཏེ་བརྟག་དཔྱད་མི་སྣ་རང་གི་མངའ་ཁོངས་ས་ཁུལ་དུ་བསྡད་མེད་ན།ཁོའི་ད་ལྟའི་གནས་ཡུལ་གང་ཡིན་པ་འདྲི་རྩད་བྱས་ཏེ་གོང་རིམ་ནད་རིགས་ཚོད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་དང་།གོང་རིམ་ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་ས་གནས་དེ་གའི་ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ནས་ཞིབ་བཤེར་བྱེད་རོགས་བྱ་དགོས།

03

ཁ་པར་འབྱོར་བ་ཡིས་ལོགས་སུ་བཀར་དགོས་པ་མཚོན་ནམ།

གལ་ཏེ་ཁྱེད་ནི་གསང་འབྲེལ་བྱེད་མཁན་ཡིན་ན།མགྱོགས་མྱུར་ངང་གཅིག་བསྡུས་སྒོས་ལོགས་སུ་བཀར་དགོས་པ་དང་།དེ་ལ་བརྟེན་ནས་རིམས་ནད་ཁྱབ་སྤེལ་གྱི་ལམ་བུ་གཅོད་དགོས།

གལ་ཏེ་ཁྱེད་ནི་སྤྱིར་བཏང་གི་འབྲེལ་གཏུག་མཁན་ཡིན་ན།རིམས་ནད་ཚོད་འཛིན་དང་གསང་འབྲེལ་ཆེད་ལས་མི་སྣའི་གནས་ཚུལ་ལ་གཞིགས་ནས་ཕྱོགས་བསྡུས་ཀྱིས་ཕྱིར་མངོན་པའི་ཉེན་ཁ་ལ་གདེང་འཇོག་བྱས་ཏེ།ལོགས་སུ་འཇོག་དགོས་མིན་དང་ཡང་ན་ཉིང་སྐྱུར་ཞིབ་དཔྱད་བྱེད་དགོས་མིན་བརྡར་ཤ་གཅོད་དགོས།

ཁ་པར་འབྱོར་བའི་སྤྱི་དམངས་གིས་ངེས་པར་དུ་རིམས་ནད་ཚོད་འཛིན་ལས་དོན་མི་སྣའི་བསམ་འཆར་ལ་ཉན་ནས་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་རྗེས་མའི་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་བྱེད་པའམ་ཡང་ན་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་ལ་སྒུག་དགོས།

04

སྤྱི་དམངས་ཀྱིས་ཅི་ལྟར་རོགས་འདེགས་བྱེད་དགོས་སམ།

བརྟག་དཔྱད་ལ་གཞོགས་འདེགས་བྱ་རྒྱུ་ནི་སྤྱི་དམངས་ཚང་མའི་འོས་འགན་ཡིན་ལ།ནད་དཔེ་ཡིན་ཚེ་བླང་བྱ་ལྟར་རང་འགུལ་ངང་མི་སྒེར་གྱི་བདེ་ཐང་གི་གནས་ཚུལ་དང་འབྲེལ་གཏུག་ལོ་རྒྱུས་ཇི་མ་ཇི་བཞིན་དུ་སྙན་སེང་ཞུ་དགོས་ཤིང་།དེའི་ཁྲོད་དུ་ས་གནས་དང་འབྲེལ་གཏུག་བྱེད་མྱོང་བའི་མི་སྣ་ཚུད་ཡོད་པས་སྦ་གསང་དང་རྫུན་ཞུ་བྱེད་མི་རུང་བ་དང་།དུས་མཚུངས་སུ་མི་སྒེར་གྱི་ཆ་འཕྲིན་གནས་ཚུལ་ཇི་མ་ཇི་བཞིན་དུ་བཤད་དགོས་པར་མ་ཟད།ད་དུང་ནད་དཔེ་ཁག་ཅིག་ལ་གནད་ལ་འཁེལ་བའི་དྲན་གསོ་བྱེད་ཐུབ་མེད་པ་ཁ་གསབ་བྱེད་དགོས་པ་དཔེར་ན།འབྲེལ་གཏུག་གི་དུས་ཚོད་དང་བྱ་ཐབས།ཁ་བཏུམ་བརྒྱབ་མིན།དུས་ཡུན་ཅུང་རིང་བའམ་ཡང་ན་བར་ཐག་ཅུང་ཉེ་བའི་འབྲེལ་གཏུག་བྱས་ཡོད་མིན་དང་།དུས་མཚུངས་སུ་ང་ཚོས་གསང་འབྲེལ་དང་བརྟག་དཔྱད་བྱས་ཏེ་གྲལ་བཤེར་བྱེད་བདེ་བ་དང་གསང་འབྲེལ་ཕལ་པར་ཡང་དོ་དམ་དང་ཚོད་འཛིན་བྱ་དགོས།

གལ་ཏེ་ཆ་འཕྲིན་ཡིད་ལ་མི་དྲན་ན།ཉིན་རེའི་ལས་རིམ་རེའུ་མིག་དང་ཁ་པར་གཏོང་ལེན་གྱི་ཟིན་ཐོ།གློག་རྡུལ་འཛད་སྤྱོད་ཀྱི་ཟིན་ཐོ།འཛིན་ཤོག་སྣ་ཚོགས་སོགས་ལ་བརྟེན་ནས་འགུལ་སྐྱོད་ལམ་ཐིག་སླར་གསོ་དང་འབྲེལ་གཏུག་བྱེད་མྱོང་བའི་མི་འདོན་སྤྲོད་བྱེད་དགོས་ལ་དྲི་བར་ལན་འདེབས་རྒྱུ་ནི་ཇི་ལྟར་ཞིབ་ཕྲ་ཡིན་ན་དེ་ལྟར་བཟང་།

05

མི་སྒེར་གྱི་གསང་བ་ཕྱིར་ཁྱབ་བསྒྲགས་བྱེད་དམ།

སྤྱི་དམངས་ཀྱིས་སྒེར་གྱི་ཆ་འཕྲིན་དང་གསང་དོན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཀྱིན་ཡོད་ཅིང་།སྒེར་གྱི་གསང་དོན་སྲུང་སྐྱོང་བྱ་རྒྱུ་ནི་རིམས་ནད་ཚོད་འཛིན་གྱི་ལས་དོན་པའི་བརྩི་སྲུང་ཞུ་བའི་ལས་རིགས་ཀྱི་ཀུན་སྤྱོད་ཡིན་པ་དང་།ནད་རིགས་ཚོད་འཛིན་སྡེ་ཚན་གྱིས་བརྟག་དཔྱད་བྱ་ཡུལ་མི་སྒེར་གྱི་གསང་དོན་ལ་སྲུང་སྐྱོང་བྱས་ནས་གསང་སྲུང་ནན་མོ་བྱེད་ཀྱིན་ཡོད་པས་སྤྱི་དམངས་ཚོས་བློ་བདེའི་ངང་གཞོགས་འདེགས་བྱེད་རོགས།

རིམས་ནད་ཟིན་ཐོ་སྦ་གསང་བྱས་ནས་རིམས་ནད་མཆེད་པར་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློ་བུར་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགན་འཁྲི་བདའ་འདེད་བྱས་ནས་ཉེས་གསོག་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

གལ་ཏེ་ཁྱེད་ལ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣའི་ཁ་པར་འབྱོར་བ་ཡིན་ན་ཐོག་མར་འཚབ་མི་དགོས་པར་ཁྱེད་ཀྱིས་ཞིབ་ཚགས་ཀྱི་སྒོ་ནས་རང་ཉིད་ཀྱི་གནས་ཚུལ་བཤད་རོགས།ང་ཚོའི་ཐུན་མོང་གི་དམིགས་འབེན་ནི་གདགས་གཤིས་ཅན་གྱི་ནད་པ་དང་ཉེན་ཁའི་གནས་མགྱོགས་མྱུར་ངང་གྲལ་བཤེར་དང་ཚོད་འཛིན་བྱ་རྒྱུ་དེ་ཡིན།འདི་ནི་རིམས་ནད་གང་སར་མཆེད་པར་སྔོན་འགོག་བྱེད་པའི་གནད་འགག་ཡིན་ཞིང་།འདི་ནི་རང་ཉིད་ལ་འགན་འཁུར་བ་མ་ཟད།མི་གཞན་ལའང་འགན་འཁུར་བ་ཡིན།རིམས་ནད་སྡོན་འགོག་གི་འཐབ་འཛིང་ལས་རྒྱལ་དགོས་ན་ཁྱེད་ཀྱི་རྒྱབ་སྐྱོར་དང་རོགས་འདེགས་ཤིན་ཏུ་མཁོ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།