【མ་ཡུམ་ཆུ་བོའི་འགྲམ་གྱི་ཀྲུང་གོ】 “ཤར་ཕྱོགས་ཕང་ཕེ”--ལོ་ངོ་བཞི་སྟོང་ལ་བརྒྱུས་པའི་བརྩེ་ཞེན་དང་དཔལ་ཡོན།


ཟླ10ཚེས18ཉིན་མི་དམངས་དྲ་བས་མཚོ་ཤར་ནས་སྤེལ་བའི་འཕྲིན། ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད། མཚོ་ཆེན་སྐམ་སར་གྱུར་རུང་། བསྐལ་བའི་ས་རྡུལ་གྱིས་ལོ་རྒྱུས་ཟིན་འགོད་མ་དར་སྔོན་རྨ་ཆུའི་སྟོད་རྒྱུད་དུ་བྱུང་བའི་བླ་ཚང་གནའ་གྲོང་དེ་བསྣུབ་པར་མ་ནུས། ཟླ10ཚེས17ཉིན། “མ་ཡུམ་ཆུ་བོའི་འགྲམ་གྱི་ཀྲུང་གོ”ཞེས་པའི་དྲ་རྒྱ་བརྗོད་གཞི་ཅན་གྱི་བཅར་འདྲི་ཚོགས་པ་རྨ་ཆུ་སྟོད་རྒྱུད་ཀྱི་མཚོ་སྔོན་དམར་གཙང་རྫོང་དགོན་ཐང་གྲོང་རྡལ་བླ་ཚང་གྲོང་ཚོར་ཡོད་པའི་བླ་ཚང་གི་གནའ་ཤུལ་ཡོད་སར་བཅར་ནས། མི་རྣམས་ལ་ལོ་ངོ4000ཡར་སྔོན་ཞིག་ལ་གློ་བུར་ཏུ་བྱུང་བའི་རང་བྱུང་གི་གནོད་འཚེའི་ཁྲོད། སྐྱེས་པ་རྣམས་ཀྱིས་ལུས་པོར་བརྟེན་ནས་ཁང་པ་སྐྱོར་ཞིང་། ཆུ་ལོག་གི་མདུན་བཀག ། སྐྱེས་མ་རྣམས་ཀྱིས་ཕྲུ་གུ་པང་བར་འཁྱུད་དེ་འགེབས་སྲུང་བྱེད་པ། རྒན་པ་རྣམས་ཀྱིས་ཆུང་བ་རྣམས་སྲུང་བ་སོགས་ཉམས་འགྱུར་མི་འདྲ་བའི་བེམ་རོ23ལ་གཟིགས་རྟོག་གནང་།


བླ་ཚང་གི་གནའ་ཤུལ་ནི་ད་ལྟ་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ལས་རང་བྱུང་གནོད་འཚེ་ཁྲོད་མཇུག་པའི་གནའ་ཤུལ་གཅིག་པུ་ཡིན་ཞིང་།“ཤར་ཕྱོགས་ཀྱི་ཕང་ཕེ”ཞེས་འབོད། གནའ་ཤུལ་ནས་རྡོ་ཆས་དང་། རྫ་ཆས། གཡང་ཊི། རུས་ཆས་སོགས་གནའ་བོའི་རིག་དངོས་སྟོང་ཕྲག་ལྷག་དང་། ཁང་ཤུལ་མི་འདྲ་བ60ལྷག ཐལ་དོང་དང་། ལུང་ཤུར། དུར་ས། ཀ་ཕུག་སོགས་རིག་དངོས་དང་རིག་གནས་གནའ་ཤུལ་འབོར་ཆེན་རྙེད། གཙོ་ཆེ་ཆི་ཚང་གི་རིག་གནས་དར་རྒྱས་དུས་མཇུག་གི་ཤུལ་རྫས་ཡིན་ཞིང་། རྡོ་ཆས་གསར་པའི་དུས་སྐབས་ཀྱི་ཚོ་བ་ཆེན་པོ་ཞིག་གམ་ཡང་ན་གནའ་བོའི་རྒྱལ་ཕྲན་ཞིག་ཡིན་སྙམ།


འདི་ནི་འཛམ་གླིང་དུ་གྲགས་པའི་ཀྲུང་ཧྭའི་ཐུག་པ་དཀར་ཡོལ་ཐོག་མ་ཡིན། འགྲེམ་སྟོན་ཁང་གི་ལས་བྱེད་པས་འདི་སྐད། 2002ལོའི་དགུན་དུས་ཤིག་ལ། མཚོ་སྔོན་གནའ་རྫས་རྟོག་ཞིབ་ཚོགས་པ་བླ་ཚང་གི་གནའ་ཤུལ་ཡོད་སར་བཅར་ནས་ཁང་ཤུལ20བའི་ནང་ཁ་སྦུབ་ཏུ་བཞག་པའི་དཀར་ཡོལ་ཞིག་ལས་ཐུག་པ་དེ་རྙེད་ཅིང་། དབྱེ་ཞིབ་གསལ་འབྱེད་བྱས་རྗེས་ཐུག་པའི་གྲུབ་ཆའི་ནང་ཁྲེ་མང་པོ་དང་འབྲས་སེར་འདུས་པས་ཐུག་པ་དེ་འབྲུ་ཕྱེ་དེ་གཉིས་བསྣོས་ནས་བཟོས་ཡོད་པར་མ་ཟད། དཀར་ཡོལ་ནང་ངོས་སུ་ཆགས་པའི་ས་རྡུལ་ལས་ཤ་དང་དྲོ་རྫས་ཀྱི་གྲུབ་ཆ་ཡང་རྙེད་བྱུང་བས། སྐབས་དེ་དུས་ནས་བཟུང་མི་རྣམས་ཟས་སྦྱོར་ཞིམ་པོར་རོལ་ཤེས་པ་ངང་གིས་རྟོགས་ཐུབ།

བླ་ཚང་གི་གནའ་ཤུལ་དེ2001ལོར་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཁྲོད་བདམས་ཤིང་། ལོ་དེར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་སྐོར་ཁག་ལྔ་བ་ཁྱབ་སྒྲོག་བྱས། 2005ལོར་རྒྱལ་ཡོངས་ཀྱི་གནའ་ཤུལ་སྲུང་སྐྱོབ་གལ་ཆེན100ཡི་ཁྲོད་ཚུད། 2006ལོ་དང2010ལོ་སྟེ་སོ་སོ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་བཞི་བཅུ་གཅིག་པ”དང“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་འགོད་ལས་རྒྱལ་ཁབ་ཀྱི་གནའ་ཤུལ་སྲུང་སྐྱོབ་ཆེན་པོའི་མིང་ཐོར་ཚུད། 2013ལོའི་ཟླ12ཚེས29ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གནའ་རྫས་རྟོག་ཞིབ་ཀྱི་གནའ་ཤུལ་སྤྱི་གླིང་གཟུག་པའི་ལས་གཞིར་མཆན་བཀོད་བཀའ་ལན་གནང་།

ཁོན་ཐར་འཚོོས་བསྒྱུར།