རྒྱལ་ཁབ་ཀྱིས་གློག་རིན་ལ་བཅོས་སྒྱུར་བྱ་རྒྱུ་རེད།

ཉེ་སྔོན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《རྡོ་སོལ་གློག་འདོན་གྱི་དྲ་ཞུགས་གློག་རིན་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། རྡོ་སོལ་གློག་འདོན་གྱི་དྲ་ཞུགས་གློག་རིན་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་བཀོད་སྒྲིག་བྱས།    

《བརྡ་ཐོའི》ནང་བཅོས་སྒྱུར་གྱི་བྱ་ཐབས་གལ་ཆེན་བཞི་ཁ་གསལ་བཏོན་ཡོད།

གོ་རིམ་ལྡན་པའི་སྒོ་ནས་རྡོ་སོལ་གྱིས་གློག་འདོན་པའི་གློག་ཚད་དྲ་ཞུགས་གློག་རིན་ཡོངས་རྫོགས་གློད་དགོས། རྡོ་སོལ་གྱིས་གློག་འདོན་པའི་གློག་ཚད་རྩ་དོན་ཐོག་ཚང་མ་གློག་ཤུགས་ཁྲོམ་རར་བཏོན་པ་དང་། ཁྲོམ་རའི་ཉོ་ཚོང་བརྒྱུད“གཞི་འཛིན་རིན་གོང+གོང་འོག་འཕར་ཆག་བྱེད་པའི”ཁྱབ་ཁོངས་ནང་དྲ་ཞུགས་གློག་རིན་དུ་གྱུར་ཡོད།

ཚོང་རའི་ཉོ་ཚོང་གློག་རིན་འཕར་ཆག་ངེས་མེད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏང་དགོས། རྡོ་སོལ་གློག་འདོན་ཚོང་རའི་ཉོ་ཚོང་གི་རིན་གོང་འཕར་ཆག་ཁྱབ་ཁོངས་དེ་ད་ལྟ་སྤྱོད་བཞིན་པའི་ཡར་འཕར་ཚད10%ལས་མི་བརྒལ་བ་དང་། མར་ཆག་ཚད་རྩ་དོན་ཐོག15%ལས་མི་བརྒལ་བ། གོང་འོག་ཏུ་འཕར་ཆག་བྱེད་པར་རྩ་དོན་ཐོག20%ལས་མི་བརྒལ་བ། ཟད་གྲོན་ཆེ་བའི་ཁེ་ལས་ཀྱི་ཚོང་རའི་ཉོ་ཚོང་གི་གློག་རིན20%ལས་མི་བརྒལ་བ་བཅས་བྱེད་དགོས།

བཟོ་ཚོང་ལས་རིགས་ཀྱི་འཛད་སྤྱོད་པ་ཚང་མ་ཚོང་རར་ཞུགས་པར་སྐུལ་འདེད་གཏང་དགོས། ཚོང་རར་ཞུགས་མེད་པའི་བཟོ་ཚོང་ལས་རིགས་ཀྱི་མཛད་སྤྱོད་མཁན་ཚང་མ་གློག་ཤུགས་ཚོང་རར་ཞུགས་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་བ་དང་། བཟོ་ཚོང་ལས་རིགས་ཀྱི་དཀར་ཆག་གི་ཕྱིར་འཚོང་གློག་རིན་མེད་པར་བཟོ་དགོས། གནས་སྐབས་གློག་ཤུགས་ཚོང་ར་ནས་ཐད་ཀར་གློག་ཉོ་སྒྲུབ་མ་བྱས་པའི་བཟོ་ཚོང་ལས་རིགས་ཀྱི་འཛད་སྤྱོད་པར་གློག་དྲའི་ཁེ་ལས་ཀྱིས་ཚབ་ཏུ་གློག་ཉོ་སྒྲུབ་བྱ་རྒྱུ། ས་གནས་ཀྱིས་ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་འཛད་སྤྱོད་པས་གློག་སྤྱོད་པར་དུས་རིམ་རང་བཞིན་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པར་བསྔགས་སྐུལ་བྱ་དགོས།

ཡུལ་མི་དང་། ཞིང་ལས། སྤྱི་ཕན་རང་བཞིན་གྱི་བྱ་གཞག་བཅས་ཀྱི་གློག་སྤྱོད་རིན་གོང་བརྟན་པོ་ཡོང་བར་བྱ་དགོས། གྲོང་མི(གྲོང་མིའི་གློག་རིན་ལག་བསྟར་བྱེད་པའི་སློབ་གྲྭ་དང་། སྤྱི་ཚོགས་ཀྱི་ཕན་བདེའི་ལས་ཁུངས། སྡེ་ཁུལ་གྱི་ཞབས་ཞུའི་ལྟེ་གནས་སོགས་སྤྱི་ཕན་རང་བཞིན་གྱི་བྱ་གཞག་སྤྱོད་མཁན་ཚུད་ཡོད།)དང་། ཞིང་ལས་ཐད་ཀྱི་གློག་སྤྱོད་རྒྱུ་དེ་གློག་དྲའི་ཁེ་ལས་ཀྱིས་འགན་སྲུང་དང་མཁོ་སྤྲོད་བྱེད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཕྱིར་འཚོང་གློག་རིན་གྱི་ཆུ་ཚད་མི་འགྱུར་བར་རྒྱུན་འཁྱོངས་བྱ་དགོས།

《བརྡ་ཐོའི》ནང་འགན་ལེན་བྱ་ཐབས་ལ་ཤུགས་སྣོན་ནས། བཅོས་སྒྱུར་བརྟན་པོའི་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གློག་ཤུགས་ཚོང་རའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏང་དགོས།

དུས་བགོས་གློག་རིན་སྲིད་ཇུས་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་དགོས།

སྲིད་འཛིན་གྱི་ལུགས་དང་མི་མཐུན་པར་ཐེ་གཏོགས་ལ་གཡོལ་དགོས། རྡོ་སོལ་དང་གློག་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

ཐེངས་འདིར་རྡོ་སོལ་གློག་འདོན་དྲ་ཞུགས་གློག་རིན་ཚོང་ར་ཅན་དུ་བཅོས་སྒྱུར་སྔར་བས་གཏིང་ཟབ་བྱས་ཏེ། “ཆག་ཐུབ་པ་དང་འཕར་ཐུབ་པའི”ཁྲོམ་ར་ཅན་གྱི་གློག་རིན་ལམ་སྲོལ་དངོས་སུ་བཙུགས་པ་དེ། གློག་ཤུགས་ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཐད་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་པ་དང་། དེས་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གློག་ཤུགས་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་། གློག་ཤུགས་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་བྱ་རྒྱུར་འདེགས་སྐྱོར། ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་ཞབས་ཞུ་བཅས་བྱ་རྒྱུར་ཕན་ཐོགས་ཡོད་།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།