ཧི་མ་ལ་ཡའི་གཅེས་ཕྲུག

《ཧི་མ་ལ་ཡའི་གཅེས་ཕྲུག》ཅེས་པའི་གཞས་གསར་འདི་མི་ཡུལ་དུ་འཁྲུངས་བར་མི་ལོ་གཉིས་ཀྱི་སྔོན་ནས་བཟུང་གྲ་སྒྲིག་བྱས་པ་ཞིག་ཡིན་ལ། གཞས་གསར་འདིའི་ཚིག་དབྱངས་ཚང་མ་རྒན་ལི་ཅིན་ལགས་ཀྱིས་དངོས་སུ་གསར་བརྩམས་བྱས་ཤིང་། སྒྲ་ལེན་དང་ཞུ་དག་ཐེངས་མང་བྱས་ཏེ་ཉམས་མྱོང་ཅན་གྱི་རྒན་མང་པོ་ཞིག་ལ་བློ་འདྲི་བྱས་མཐར་གཞས་མིང་སོགས་དངོས་སུ་གཏན་ལ་ཕབ་པ་ཞིག་ཡིན།

གཞས་གསར་འདི་ནི་ང་ལ་མཚོན་ན་དཀའ་སྡུག་གི་རྔུལ་ཆུའི་ཁྲོད་དུ་མི་ཡུལ་ལ་སླེབས་པའི་གཅེས་ཕྲུག་ཅིག་ཡིན་ལ།

ངའི་མི་ཚེ་ཡི་མྱོང་བ་བརྗོད་པའི་འདས་དོན་གྱི་གཟུགས་རིས་ཤིག་ཀྱང་ཡིན།

ཁྱེད་ཀྱི་རྣ་བ་ཟུང་གིས་ཉན་འདོད་པའི་གཏམ་རྒྱུད་ཅིག་འདིའི་ནང་དུ་ཡོད་ལ།

ཁྱེད་ཀྱི་ཁྲ་ཆུང་མིག་གིས་བལྟ་བསམ་པའི་བརྙན་རིས་ཤིག་འདིའི་ནང་དུ་གསལ།

ཁྱེད་ཀྱིས་གཞས་གསར་འདི་ལ་ཡིག་འབྲུ་གཅིག་གཉིས་ཤིག་གིས་སྤྱི་སྡོམ་བྱས་ཆོག་ལ།

ཡང་ན་འདི་ནི་ངའི་མི་ཚེ་ཡི་མྱོང་བ་མཐའ་དག་གཅིག་ཏུ་བསྡུས་པའི་ཕྱིར་དྲན་གྱི་མེ་ལོང་ལྟ་བུ་ཞིག་ཏུ་སྒོམ་ཡང་ཆོག་གོ །