རང་ཞིང་གིས་མ་དངུལ་སྒོར་དུང་ཕྱུར2.18བཏང་ནས་རྒན་གསོའི་ཞབས་ཞུའི་མ་ལག་སྲ་བརྟན་དུ་བཏང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས12ཉིན། ཞིང་ཆེན་དམངས་སྲིད་ཐིང་ནས་ཡོང་བའི་གནས་ཚུལ་ལྟར་ན། རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རིམ་བཞིན་ཇེ་ལེགས་སུ་གཏང་ཆེད། ཞིང་ཆེན་དམངས་སྲིད་ཐིང་གིས2021ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར་2.18གཤམ་སྤྲོད་བྱས་ནས་ཞིང་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལས་གཞིའི་ཐད་བཀོལ་སྤྱོད་བྱས།

མ་དངུལ་དེ་དག་གཞུང་བཙུགས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི3གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་དང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད19གསར་དུ་བསྐྲུན་པ། ནུས་པ་ཆེར་གཏོང་ལས་གཞི11གསར་དུ་སྐྲུན་པ། རྒན་གསོའི་ཉལ་ཁྲི1037གསར་དུ་སྐྲུན་པ། ཉལ་ཁྲི500སྒྱུར་བཀོད་བཅས་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་རེད། སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་བསྐྲུན་རྗེས་རྒན་གསོའི་སྒྲིག་གཞི་དང་སྡེ་ཁུལ་གྱི་ཁྱིམ་སྡོད་ཞབས་ཞུའི་དྲ་རྒྱའི་ཞན་ཆ་གསབ་རྒྱུ་རེད། ཞིང་ཆེན་དམངས་སྲིད་ཐིང་གིས་བྱ་བའི་སྤེལ་ཤུགས་ཆེ་རུ་གཏང་བ་དང་། ལས་གཞི་བཀོད་གཏོང་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ས་གནས་སོ་སོའི་ལས་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏང་རྒྱུར་སྐུལ་འདེད་གཏང་བ་མ་ཟད། ད་དུང་གང་མགྱོགས་སྤྱོད་རྒྱུར་ཡང་སྐུལ་འདེད་གཏང་བ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་གཏོང་འཇོག་ཕན་འབྲས་འདོན་སྤེལ་གང་ལེགས་བཅས་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཟེར།

ད་ལོ་ནས་བཟུང་། རང་ཞིང་གིས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཡོད། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ལ་བརྟེན་ནས་ཁྲོམ་གཞུང་དུ་ཁྱོན་ཡོངས་ནས་མངགས་བཅོལ་དང་། ཉིན་བཅོས། སྒོ་ཁར་ཞབས་ཞུ། མཛུབ་ཁྲིད་རོགས་རམ་སོགས་ཀྱི་ནུས་པ་ལྡན་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་བཙུགས་ཏེ། སྡེ་ཁུལ་དུ་བསྒར་འཇུག་རྣམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའམ་ཡང་ན་ཉིན་མོའི་ལྟ་རྟོག་ལྟེ་གནས་བཙུགས་ནས་ཆ་རྐྱེན་དང་མཐུན་པའི་རྒན་གསོའི་ཉལ་ཁྲིར་གཏན་འབེབས་ལྟར། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོད་པ་རེད། རིམ་པ་སོ་སོས་སྡེ་ཁུལ་ལ་མ་དངུལ་འཇོག་པའི་མ་དངུལ་གཅིག་གྱུར་གྱིས་བེད་སྤྱོད་དང་། ནོར་སྲིད་ཀྱིས་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏང་བར་རྒྱབ་སྐྱོར་བྱེད་པའི་གཏོང་སྒོའི་གྲུབ་ཚུལ་ལེགས་འགྱུར་བྱས་ཏེ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུར་རྒྱབ་སྐྱོར་བྱེད་པར་སྔར་ལས་མང་བ་སྤྱོད་དགོས།

གཡང་སྐྱིད་ཀྱིས་བསྒྱུར།