འཕེལ་ཁ་ལེགས་པའི་རྒྱལ་ཡོངས་བོད་ལུག་ཐོན་ལས་ཀྱི་སུམ་ཆའི་གཅིག་ཡན་ཆོད་མཚོ་སྔོན་ལ་གཏོགས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོའི་ལུག་ནག་གསོ་སྤེལ་རྟེན་གཞི།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ལས་ཞིང་གྲོང་ཐིང་ནས་ཤེས་གསལ་ལྟར་ན། བོད་ལུག་ནི་རང་ཞིང་གི་ཕྱུགས་ལས་དཔལ་འབྱོར་གྱི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་ཡིན། ད་སྔ་ཞིང་ཆེན་ཡོངས་ནས་བོད་ལུག་ཁྲི630ཕྱིར་བཙོངས་པ་དང་། ལུག་ཤ་ཏུན་ཁྲི13.3ཐོན་སྐྱེད་བྱས་ལ། དེས་རྒྱལ་ཡོངས་སྤྱིའི་གྲངས་འབོར་གྱི་སུམ་ཆའི་གཅིག་ཡན་ཟིན་ཡོད།

རང་ཞིང་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་ཏེ་སའི་ཁྱོན་གྱི96%འབྲོག་སའི་རྩྭ་ས་ཡིན་ལ། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན། དེ་གའི་ཕྱུགས་ལས་ཐོན་སྐྱེད་ཀྱི་རིན་ཐང་ཐོན་ལས་དང་པོའི་ཐོན་སྐྱེད་རིན་ཐང་གི58%ཟིན་ཞིང་། “འཛམ་གླིང་ནོར་ནག་གྲོང་དང་ཀྲུང་གོའི་བོད་ལུག་གི་ཕ་ས”ཞེས་ཀྱང་འབོད། བོད་ལུག་ཐོན་ལས་ནི་ཞིང་འབྲོག་ཁུལ་གྱི་ཀ་སྐྱོར་ཐོན་ལས་དང་དམངས་ཚིས་ཐོན་ལས་ཡིན་པའི་ཆ་ནས་ཁྱད་ཆོས་མངོན་གསལ་ལྡན། དེ་གོང་དུ་སྤེལ་ཆེད་སྐྱེ་ཁམས་ཕྱུགས་ལས་དར་སྤེལ་གྱི་འགོག་རྐྱེན་ཅི་ཐུབ་གང་ཐུབ་ཀྱིས་སེལ་ཏེ། ལེགས་སྒྱུར་རིམ་སྤར་གང་མགྱོགས་ཅི་མགྱོགས་ཀྱིས་ལག་བསྟར་བྱས་པས། འབྲོག་ལས་ཀྱི་སྤུས་ཇེ་ལེགས་དང་ཕན་འབྲས་ཇེ་ཆེར་ཕྱིན་ནས་ཞིང་འབྲོག་པ་དབུལ་བོ་ལས་སྒྲོལ་བ་དང་། འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་ཐོན།

ཉེ་བའི་ལོ་འདི་འགའི་རིང་། རང་ཞིང་གི་བོད་ལུག་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་ཡིན། 2020ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ནས་བོད་ལུག་ཁྲི1100གསོ་ཚགས་བྱས་ཤིང་། མ་མོའི་སྡུར་ཚད57.5%ལ་ཟིན་ཞིང་། ལོ་ཧྲིལ་པོར་ལུག་ཁྲི630ཕྱིར་བཙོངས། དེ་ལས་ཞིང་ཆེན་ཕྱིར་ལུག་ཁྲི100བཙོངས་པ་དང་། ལུག་ཤ་ཏུན་ཁྲི13.3དང་ལུག་བལ་ཏུན་ཁྲི1.9ཐོན་སྐྱེད་བྱས། སྐམས་ལུག་གི་གོང་ཚད་མཐོ་བའི་ཤུགས་རྐྱེན་འོག བོད་ལུག་ཐོན་ལས་དེ་ཞིང་འབྲོག་པའི་ཁྱིམ་ཚང་གི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར།

རང་ཞིང་གི་གཟན་ཆས་མཁོ་འདོན་མ་ལག་ཉིན་རེར་འཐུས་ཚང་དུ་ཕྱིན་ཡོད། དེ་ལས་མཚོ་སྔོན་པོའི་མཐའ་བསྐོར་གྱི་ཞིང་འབྲོག་ཟུང་འབྲེལ་ཁུལ་གཙོ་བྱས་ཏེ་གཟན་ཆས“རྨོ་འདེབས་དང་། བསྡུ་ལེན། གསོག་ཉར། བཟོ་སྣོན། སྐྱེལ་འདྲེན”བཅས་གཞི་གཅིག་ཅན་གྱི་ཐོན་སྐྱེད་བྱེད་སྟངས་གསར་པ་སྐྱེད་སྲིང་ཆེན་པོ་བྱས་ཤིང་། གསོ་སྤེལ་གྱི་ཆེད་དུ་རྨོ་འདེབས་དང་། ཞིང་འབྲོག་ཟུང་འབྲེལ། རྩྭ་ཕྱུགས་ཟུང་འབྲེལ། རྒྱུན་འཁོར་འཕེལ་རྒྱས། འབྲུ་ཆག་གཟན་ཆས་སུ་བསྒྱུར་བའི་བྱེད་ཐབས་ཞིང་ལས་ཁུལ་དུ་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ནས་བེད་མེད་ཞིང་ས་གཟན་ཆས་འདེབས་སར་བསྒྱུར་བ་ས་མུའུ་སྤྱི་ཆིང་ཁྲི4.27ལ་སླེབས་ཤིང་། དེ་ལས་མིའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི16.07ལ་སླེབས་པ་དང་། གཟན་ཆས་ཐོན་སྐྱེད་བཟོ་སྣོན་བྱེད་མཁན་ཁེ་ལས18སྐྱེད་སྲིང་ཡོད་པས། 2020ལོར་གཟན་ཆས་མི་འདྲ་བ་ཏུན་ཁྲི14.7ཐོན་སྐྱེད་བྱས་པ་དང་།ཁུལ་དང་རྫོང་། ཡུལ་ཚོ་རིམ་པའི་གཟན་ཆས་གནོད་འགོག་གནོད་སེལ་ཐད་ཀྱི་དངོས་ཟོང་གསོག་མཛོད61བཙུགས་པ་དང་། དགུན་ཆས་ཏུན་ཁྲི8.2 གཏོང་འདྲེན་བྱས་ནས་འབྲོག་པའི་སྐམས་ལུག་གསོ་ཚགས་ཀྱི་སེམས་ཁྲལ་གཞི་ནས་སེལ།

དེ་དང་ཆབས་ཅིག ། རང་ཞིང་གི་བོད་ལུག་ཚོང་རྟགས་ཀྱི་ཕན་འབྲས་མངོན་གསལ་ཡིན། ལྷག་པར་ཉེ་བའི་ལོ་རིང་མཚོ་སྔོན་གྱི་ལྷོ་ཕྱོགས་དང་། མཚོ་སྔོན་པོའི་མཐའ་བསྐོར། མཚོ་སྔོན་ཤར་ཕྱོགས་བཅས་ཀྱི་བོད་ལུག་གི་དགེ་མཚན་མི་འདྲ་བ་དང་། རིམ་པ་མི་འདྲ་བ་སྔོག་འདོན་བྱས་ནས་ཁྲོམ་རར་འབྲེལ་ལམ་བཙུགས་ཏེ། “ཀྲུང་གོའི་བོད་ལུག་གི་ཕ་ས”ཞེས་པའི་མཚོ་སྔོན་རྟགས་ཅན་གྱི་གཞུང་སྤྱོད་ཚོང་རྟགས་དར་སྤེལ་ཤུགས་ཆེན་བྱས་པ་དང་། ནང་སྒོས“ཚྭ་ཁའི་ལུག”“མདོ་ལའི་ལུ་གུའི་ཤ”“དངུལ་ར་ལུག”བཅས་ས་ཁོངས་ཀྱི་ཚོང་རྟགས་གོང་སྤེལ་ལ་རྒྱབ་སྐྱོར་བྱས་ནས།“མཚོ་སྔོན་རྟགས་ཅན”གྱི་བོད་ལུག་གི་མཚན་སྙན་དང་ཤུགས་རྐྱེན་ཇེ་ཆེར་ཕྱིན། དེ་བཞིན་དུ་བོད་ལུག་ཐོན་སྐྱེད་ཀྱི་ཁུངས་འདེད་མ་ལག་མགྱོགས་པོར་བཟོས་ནས། བོད་ལུག་ཁྲི238ཀྱི་ཁུངས་འདེད་གཞི་གྲངས་ཞིང་ཆེན་རིམ་པའི་འཕྲིན་སྟེགས་སུ་སྤེལ་བ་དང་ཆབས་ཅིག །མཚོ་སྔོན་བོད་ལུག་དག་མའི་རིན་གོང་གི་ཚད་གཞི་ཞིག་རིམ་གྱིས་ཆགས་བཞིན་ཡོད།

ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས་བཤད་རྒྱུར། བོད་ལུག་ཐོན་ལས་གོང་སྤེལ་ལ་དམིགས་ནས་རང་ཞིང་གིས་ལུག་རྒྱུད་བཟང་པོ་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གཟན་ཆས་ཐོན་སྐྱེད་མ་ལག་འཛུགས་སྐྲུན་ཇེ་མགྱོགས། ཚན་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད། ཐོན་ལས་བཟོ་སྣོན་འཕེལ་རྒྱས་མ་ལག་གསར་འཛུགས། སྲིད་ཇུས་ཀྱི་འགན་སྲུང་མ་ལག་ཞིབ་འཇུག་ཐོག་འཐུས་ཚང་བཟོ་བ་བཅས་ཕྱོགས་ལྔ་ནས། འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་བསྐྲུན་རྒྱུ་དམིགས་སུ་བཟུང་སྟེ། ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིང་གི《བོད་ལུག་ཐོན་ལས་ལེགས་སྒྱུར་གོང་སྤེལ་ཇེ་མགྱོགས་སུ་གཏང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ལག་བསྟར་ནན་ཏན་བྱས་པ་དང་། བོད་ལུག་ཐོན་ལས་དེ་སྐྱེ་ཁམས་སྲུང་སྐྱོང་གི་མ་དཔེ་ཐོན་ལས་དང་། ཚན་རྩལ་ཞིང་དར་གྱི་དཔེ་མཚོན་ཐོན་ལས། ལེགས་སྒྱུར་རིམ་སྤར་གྱི་སྣེ་འཁྲིད་ཐོན་ལས། ཞིང་གྲོང་དར་སྤེལ་གྱི་ཀ་སྐྱོར་ཐོན་ལས་སུ་བསྒྱུར་བར་བྱེད་ཐབས་སྣ་མང་སྤྱད་དེ། རྒྱལ་ཡོངས་བོད་ལུག་ཐོན་ལས་ཁྲོད་མཚོ་སྔོན་གྱིས་ལྟེ་བའི་གོ་གནས་འཛིན་ཐུབ་པར་བརྩོན་ལེན་བྱ་རྒྱུ་བྱས་ཡོད་ཟེར།

ཁོན་ཐར་འཚོས་བསྒྱུར།