“རྒྱལ་སྟོན་དུས་ཆེན”རིང་མཚོ་སྔོན་ནས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི283.8ལ་སྣེ་ལེན་བྱས་ཤིང་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར26.7ལ་བསླེབས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་། ཞིང་ཆེན་ཡོངས་ནས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི283.8ལ་སྣེ་ལེན་བྱས་ཤིང་། བསྡུར་དུ་རིགས་པའི་གཞི་ཁྱོན་ལྟར་ན་དུས་མཚུངས་ལས་རིམས་ནད་མ་བྱུང་སྔོན་གྱི93%ལ་སླར་གསོ་བྱུང་སྟེ། སྤྱིའི་ཡོང་འབབ་སྒོར་དུང་ཕྱུར26.7ལ་འཕར། དེའི་ཁྲོད་རིམས་ནད་མ་བྱུང་སྔོན་གྱི་དུས་མཉམ་གྱི83.7%སླར་སོས་ཏེ། རྒྱལ་ཁབ་ཀྱི་ཆ་སྙོམས་སླར་གསོའི་ཆུ་ཚད་ཀྱི་བརྒྱ་ཆའི23ལས་མཐོ། དེ་བཞིན་དུ་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་ཁུངས་ནས་ཡུལ་སྐོར་བདེ་འཇགས་དང་འབྲེལ་བའི་དོན་རྐྱེན་གཅིག་ཀྱང་བྱུང་མེད་དོ། །

ཕྱོགས་ཡོངས་ནས་བལྟས་ན། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་གོ་རིམ་དང་ཚད་གཞི་མ་འཆོལ་བར་གཏན་འཇགས་ངང་འཁོར་སྐྱོད་བྱས་ཡོད་ཅིང་། ཡུལ་སྐོར་གྱི་དུས་ཡུན་ཐུང་ཞིང་། ལམ་ཐག་ཉེ་བ། ཡོང་མཁན་མོད་པ་བཅས་ས་གནས་རང་དང་ཉེ་འཁོར་དང་ཉེ་འདབས་སུ་ཡུལ་སྐོར་བྱེད་པའི་ཁྱད་ཆོས་མངོན། དེ་བཞིན་དུ་དཔེ་མཛོད་ཁང་དང་། རིག་གནས་ཁང་། དངོས་མང་བཤམས་སྟོན་ཁང་བཅས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྡུར་གྲངས་ཇེ་མཐོར་བཏང་ནས་མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་ཡུལ་དུ་གྱུར། རིམས་ནད་འགོག་ཟོན་རྒྱུན་ཚུལ་ཅན་གྱི་དུས་རིམ་ནང“དུས་བཅད་ཡུལ་སྐོར”དེ་ལྗོངས་ཁུལ་གྱི་ཕན་ཆོད་དོ་དམ་བྱེད་ཐབས་སུ་གྱུར་ནས“འཛིན་བྱང་མངག་ཉོ་དང་དུས་བགོས་ཡུལ་སྐོར་ལམ་ལུགས་ཟུང་འབྲེལ”དང་། ཡུལ་སྐོར་བས“སྔ་མོར་དུས་བཅད་དང་འཛིན་བྱང་མངག་ཉོ། དུས་བཟང་གཡོལ་བའི་ཡུལ་སྐོར”བྱེད་སྟངས་དར་སྲོལ་ཞིག་ཏུ་ཆགས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《ལྕགས་རི་རིང་པོའི་ཐད་གཏོང》ཞེས་པའི་རྒྱལ་སྟོན་རིང་གི་དམིགས་བསལ་ལེ་ཚན་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་གྱི་མིང་(明)གི་ལྕགས་རི་རིང་པོ་ཀྲུང་དབྱང་བརྙན་འཕྲིན་ནས་ཐད་གཏོང་བྱས།

དམར་པོ་བརྗོད་གཞིར་བཟུང་བར་རྗེས་སུ་ཡི་རང་ཐོབ།

གསེར་དངུལ་ཐང་ནས་ཉིང་རྡུལ་གྲོང་གི་བར་གྱི་དམར་པོའི་ཡུལ་སྐོར་ལྗོངས་ཁུལ་དེ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པའི་ལྗོངས་ཁུལ་དུ་ཆགས། དེར་ཡུལ་སྐོར་པ་མི་ཐེངས7000སྣེ་ལེན་བྱས། ལྗོངས་ཁུལ་གྱི་བྱེད་སྒོ་སྣ་ཚོགས་ཁྲོད་ཡུལ་སྐོར་བས་དམར་པོའི་རིག་གནས་ལ་མྱོང་རྟོགས་ཆེན་པོ་སྐྱེས་ནས་རྒྱལ་གཅེས་བརྩེ་བ་ཇེ་ཟབ་ཏུ་ཕྱིན། ཞིང་ཆེན་དཔེ་མཛོད་ཁང་གིས“ཀྲུང་གོ་གསར་པ་དབུ་བརྙེས་པ་སྟེ1949ལོའི་བརྗེད་མི་རུང་བའི་གཏམ་རྒྱུད”ཅེས་པའི་དྲ་ལམ་འགྲེམ་སྟོན་དང་། “དཀའ་བ་ཁྱད་གསོད་ཀྱིས་མདུན་དུ་སྐྱོད་པའི་འོད་སྟོང་གི་ལམ་བུ། དམར་པོའི་ཞབས་རྗེས་ལ་གཏན་དུ་སྙེག་པའི་སྲོལ་བཟང་འཛིན་སྐྱོང་། ”ཅེས་པའི་ཀློག་འདོན་བྱེད་སྒོ་སྤེལ། ཟི་ལིང་གྲོང་ཁྱེར་གྱི་མཛེས་རྩལ་ཁང་དང་ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་གིས“ལོ་བརྒྱའི་འོད་སྟོང་གི་རྗེས་ཤུལ་ཡག་པོ་སྟེ་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་གཞིར་བཟུང་བའི་རི་མོ་བརྩམས་ཆོས་འགྲེམ་སྟོན”དང“དམར་པོའི་དྲན་ཤེས་ཏེ་དམར་པོའི་ཡིག་ཚགས་ལེའུ་བརྒྱ་འགྲེམ་སྟོན”“བརྩེ་བ་རྗེས་སུ་དྲན་པ་སྟེ་ཅ་ལག་རྙིང་པ་འགྲེམ་སྟོན”བྱས་པར་གཟིགས་སྐོར་ཕེབས་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་ལས་བརྒལ། མཚོ་སྔོན་ཟློས་གར་ཁང་ཆེན་མོ《དམར་པོའི་སྲོལ་བཟང་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་གཞས་དབྱངས་སྙན་མོ་ལེན——ཞེས་པའི་དམར་པོའི་གླུ་དབྱངས་སྤྲོ་ཚོགས》བསྡུས། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དུ“མེས་རྒྱལ་ལ་བསྟོད་གླུ་ལེན”ཞེས་པའི་རིག་རྩལ་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ9500ལྷག་བྱེད་སྒོའི་ཁྲོད་རང་མོས་རང་འཐད་ཀྱིས་ཞུགས།

ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མཛེས་པ་ངོམ།

ཞིང་ཆེན་ཡོངས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཚང་མས་སྒོ་ཕྱེས་ཤིང་། དཔེ་མཛོད་ཁང་དང་རིག་གནས་ཁང་། དངོས་མང་བཤམས་སྟོན་ཁང་སོགས་ཀྱིས་མང་ཚོགས་སྤྲོ་སྣང་ཆེ་བའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས230ལྷག་སྤེལ་བ་དང་། གཟིགས་མོར་ཕེབས་མཁན་ཁྱོན་སྡོམ་མི་ཁྲི37.29ལ་ཞབས་ཞུ་བྱས།

དྲ་ལམ་ནས་ཡུལ་སྐོར་བ་ཁྱོན་སྡོམ་མི་ཁྲི130ལ་ཞབས་ཞུ་བྱས་ནས་མང་ཚོགས་ཀྱི་གུང་གསེང་འཚོ་བ་ཕུན་སུམ་ཚོགས་པོར་བཏང་། ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཤོག་གིས་བརྗོད་དོན་ཅན་གྱི་རོལ་དབྱངས་སྤྲོ་ཚོགས་དང་། ཅིན་ཅུས་ཟློས་གར་སོགས་བྱེད་སྒོ་སྤེལ། ཟི་ལིང་གྲོང་ཁྱེར་གྱིས“ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ”ཞེས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་དང་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མང་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཆེད་དོན་འཁྲབ་སྟོན་དང་། མངོན་མིན་ཤུལ་བཞག་རིག་གནས་ཡིན་པའི་མཚོན་སྔོན་ས་གནས་ཀྱི་གཞས་མ་གཏམ་ཆེད་དོན་འཁྲབ་སྟོན། དམར་པོའི་རིག་རྩལ་ཚོགས་པའི་སྐྱ་དམག་གི་གཞི་རིམ་སྐོར་འཁྲབ། ཟློས་གར་ཞིང་གྲོང་དུ་སྐྱོད་པ། རྨ་ཙོང་དམངས་ཁྲོད་རིག་གནས་འགྲེམ་སྟོན། དམར་པོའི་མཚོན་བྱེད་གླུ་དབྱང་འགྲེན་གཏོང་སོགས་བྱེད་སྒོ་སྤེལ། མགོ་ལོག་ཁུལ་ནས“ང་དང་ངའི་མེས་རྒྱལ་གྱི་མཉམ་པར”ཞེས་པའི་པར་རིས་འཚོལ་སྡུད་བྱེད་སྒོ་སྤེལ། རྨ་ལྷོ་ཁུལ་གྱིས་འཁྱུག་དབྱང་དང་མགྱོགས་འཕྲིན་བརྒྱུད་ནས《བཙན་པོའི་ཕོ་ཉ》 《གསེར་མདོག་གི་སྐྱ་རེངས》《ཡིད་འཕྲོག་ལྟ་མོ》སོགས་ཐད་གཏོང་བྱས།


ལྗོངས་ཁུལ་གཟིགས་སྐྱོང་མང་པོས་དམངས་ལ་ཕན་བདེ་བསྐྲུན།

མཚོ་སྔོན་པོའི་ལྗོངས་ཁུལ་དང་། སྐུ་འབུམ་ཁུལ་གྱི་མུའུ་རོང་གནའ་གྲོང་། བསྟན་དགའ་གནའ་མཁར་ལྗོངས་ཁུལ། ཞིང་ཆུ་ཁ་གཡང་ལྗོངས་ཁུལ། ཧོར་གྲོང་རྫོང་ཡོའུ་ཙུའེ་ཝན་སྐྱེ་ཁམས་རིག་གནས་ལྗོངས་ཁུལ། གསེར་དངུལ་ཐང་ཉིང་རྡུལ་མཁར་ལྗོངས་ཁུལ། ཨ་མྱེས་སྟོང་སོ་ལྗོངས་ཁུལ། རེབ་གོང་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སོགས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་དམིགས་བསལ་ཅན་ལ་འཛིན་བྱང་ཉོ་མི་དགོས་པའམ་ཡང་ན་འཛིན་བྱང་རིན་གོང་ཕྱེད་ཙམ་བཅག་པའི་གཟིགས་སྐྱོང་བྱེད་ཐབས་བཏོན། ཟི་ལིང་གི་ཞིན་ཧྭ་ལིན་བྱིས་པའི་རྩེད་ར་དང་། སྐུ་འབུམ་རྫོང་ཆིན་ཙི་ཡུན། སྐུ་འབུམ་རྫོང་མུའུ་རོང་གནའ་གྲོང་། བསྟན་དགའ་གནའ་གྲོང་། རྟ་ཐང་རྫོང་སྤེན་མ་ལུང་པའི་མེ་ཏོག རྟ་ཐང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཡའོ་ཙི་ལུང་པ། ཞིང་ཆུ་ཁ་གཡང་སོགས་ལྗོངས་ཁུལ་སོ་སོས་ཡུལ་སྐོར་རྣམ་གྲངས་གྱ་ནོམ་པ་རབ་དང་རིམ་པ་སྤེལ་ནས་གུང་གསེང་གི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། རྟ་ཐང་སྤེན་མ་ལུང་པ་དང་། བདེ་སྐྱིད་ལྗོངས་ཁུལ། ཚལ་རྔ་འགག་ལྗོངས་ཁུལ་བཅས་ཀྱིས་གུང་གསེང་གི་དུས་བཟང་བེད་སྤྱད་དེ་ཁྱད་ཆོས་མངོན་གསལ་དོད་ཅིང་། ནང་ཞུགས་རང་བཞིན་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། ཡུལ་སྐོར་བས་མྱོང་རོལ་བྱས་རྗེས་ཕྱིར་འགྲོ་འདོད་མེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་དང་རོལ་རྩེད། འཛད་སྤྱོད་ཐད་སྐུལ་འདེད་ཕན་དང་ལྡན་པ་བྱས།

ཞིང་གྲོང་ཡུལ་སྐོར་ལ་ཀུན་གྱིས་ཡི་རིང་ཐོབ།

ས་གནས་སོ་སོའི་ཞིང་གྲོང་ཡུལ་སྐོར་སྣེ་ལེན་བྱེད་ས་གཙོ་བོ་དང་། ཞིང་ཁྱིམ་སྤྲོ་སྐྱིད་གླིང་གཙོ་བོ་རུ་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཅིང་། ཞིང་གྲོང་ཡུལ་སྐོར་མྱོང་རོལ་བྱེད་སྒོ་དང་ཡུལ་སྲོལ་གོམས་གཤིས་སྣ་ཚོགས། མཛེས་པའི་རི་ཆུ་དང་སྤྲོ་དགའི་གླུ་གར་གྱིས་ཡུལ་སྐོར་བ་མྱོས་བར་བྱས། གྲོ་ཚ་ཐང་ལྗོངས་ཁུལ་དང་། ཡོའུ་ཙུའེ་ཝན་མེ་ཏོག ཁ་གཡང་སྤྲོ་འཆམ་གུང་གསེང་ཁུལ། ཆི་ལི་དགོན་མེ་ཏོག་ཞིང་ཁམས་སོགས་ལྗོངས་ཁུལ་གྱིས་དམངས་སྲོལ་རིག་གནས་དང་སྐྱེ་ཁམས་སྤྲོ་གསེང་། མེ་ཏོག་ཞིང་ཁམས་མྱོང་རོལ་ལ་སོགས་ཁྱད་ཆོས་མི་འདྲ་བའི་སྤྲོ་གསེང་བྱེད་སྒོ་སྤེལ་ནས་ཡུལ་སྐོར་གྱི་ནང་དོན་སྣ་མང་དུ་བཏང་ལ། ཡུལ་སྐོར་བས་ཀྱང་ཡུལ་སྐོར་མྱོང་རོལ་བྱེད་སྟངས་མི་འདྲ་བ་ཉམས་སུ་མྱངས་ཐུབ་པར་གྱུར་ནས་ཁོམ་གསེང་གི་སྐབས་སུ་ཞིང་གྲོང་གི་སྟོན་ལྗོངས་དང་། རོ་བརྒྱའི་ཤིང་ཏོག་ལ་སོགས་འབྲས་བུ་སྣ་ཚོགས་ལ་རོལ་བ་དེ་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཞིག་ཏུ་ཆགས།

ཁོན་ཐར་འཚོས་བསྒྱུར།