སྐབས་བཅུ་བདུན་པའི་རྒྱལ་ཡོངས་འཕྲུལ་ཆས་ལོ་ཙཱའི་ཚོགས་ཆེན་ཟི་ལིང་ནས་བསྡུས།

སྐབས་བཅུ་བདུན་པའི་རྒྱལ་ཡོངས་འཕྲུལ་ཆས་ལོ་ཙཱའི་ཚོགས་ཆེན་ཟླ10བའི་ཚེས8ཉིན་ནས་ཚེས10ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས། ཚོགས་འདུར་ཀྲུང་གོའི་རྒྱའི་སྐད་ཡིག་ཆ་འཕྲིན་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་དང་བེད་སྤྱོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པ་ཞིག་ཡིན་ལ། ཚོགས་ཞུགས་མི་སྣ300ལྷག་ཐེངས་འདིའི་ཚོགས་འདུའི་སྟེང་ཞུགས་ཡོད།

རྒྱལ་ཡོངས་འཕྲུལ་ཆས་ལོ་ཙཱའི་ཚོགས་ཆེན་དེ2005ལོར་ཐོག་དང་པོར་ཞ་མིན་སློབ་ཆེན་དུ་བསྡུས་པའི་རིང་ལ། བསྟུད་མར་སྐབས16ལ་སྤེལ་ཞིང་། ཁྱོན་བསྡོམས་འཕྲུལ་ཆས་ལོ་ཙཱའི་དཔྱད་འཇོག་ཐེངས་10ལྷག་རྩ་འཛུགས་བྱས་པ་དང་། ཁུངས་འབྱེད་མ་ལག་གསར་སྤེལ་དང་། འཐབ་ཇུས་བགྲོ་གླེང་ཐེངས་གཉིས་ལ་སྤེལ་ལ།བྱ་འགུལ་འདི་དག་གིས་རང་རྒྱལ་འཕྲུལ་ཆས་ལོ་ཙཱའི་ལག་རྩལ་འཕེལ་རྒྱས་ཐད་ཤན་ཤུགས་ཆེན་པོ་ཐེབས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ལ་ཁྲིད་སྦྱོང་འཛིན་གྲྭ་དང་ཚོགས་ཆེན་གཉིས་ཀྱི་དུས་སྐབས་སུ་བགོས་ཡོད་པ་དང་། རང་རྒྱལ་གྱི་འཕྲུལ་ཆའི་ལོ་ཙཱའི་ཁྱབ་ཁོངས་ཀྱི་ན་གཞོན་ཤེས་ཡོན་པས་ཁྱབ་ཁོངས་འདིའི་ཞིབ་འཇུག་གི་སྔོན་འགྲོ་དང་ལས་རིགས་ལ་རྒྱུས་ལོན་བྱས་ཏེ། རིག་གཞུང་བརྗེ་རེས་ལ་ཤུགས་བསྣོན་དང་། རིག་གཞུང་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། “འཕྲུལ་ཆས་ལོ་ཙཱའི་སྔོན་འགྲོ་ཁྲིད་སྦྱོང་འཛིན་གྲྭ”བསྒྲུབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཕྲུལ་ཆས་ལོ་ཙཱའི་ཆེད་མཁས་པ་གདན་དྲངས་ནས་སྙན་ཞུ་ཕུལ་བ་མ་ཟད། ཐོན་ལས་ལས་རིགས་ཀྱི་ཁེ་ལས་གྲགས་ཅན་གདན་དྲངས་ནས་ཐོན་སྐྱེད་དང་རིག་གཞུང་ཞིབ་འཇུག་གི་ཉམས་མྱོང་བརྗེ་རེས་བྱས་པ་རེད།།