མཚོ་སྔོན་ནས་གནའ་བོའི་མཆོད་སྟེགས་ཤིག་གསར་རྙེད་བྱུང་།

རང་རེའི་དྲ་བའི་འཕྲིན། རྒྱལ་ཡོངས་སོར་འཇོག་རིག་དངོས་རྩད་ཞིབ་ཐེངས་གསུམ་པའི་ཁྲོད། མཚོ་སྔོན་ནས་ཡང་བསྐྱར་གནའ་ཤུལ་ཞིག་གསར་རྙེད་བྱུང་། ཉེ་སྔོན། གསར་འགོད་པས་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཆེད་མཁས་པས་གནའ་རྫས་སྔོག་འདོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་ནས་གནའ་བོའི་མཆོད་སྟེགས་ཤིག་རྙེད། ད་སྔར། གནའ་རྫས་རྟོག་ཞིབ་བྱ་བ་མུ་མཐུད་སྤེལ་སྒང་རེད།

རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་གསར་རྙེད་བྱུང་བའི་ཐང་གཞིས་སྐེ་གནའ་བོའི་མཆོད་སྟེགས་དེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་ཁ་སྒང་སྡེ་བའི་ལྷོ་ནུབ་ན་ཡོད་ཅིང་། བྱང་ངོས་ཀྱི་ཁ་རན་གཞུང་ལམ་དང་བར་ཐག་སྤྱི་ལེ་གཅིག་གིས་ཕྱེ། ཤར་དང་ནུབ། ལྷོ་ངོས་ཡོངས་སུ་གྲོག་མོ་ཡིན། ནུབ་ངོས་ནས་ཐང་གཞིས་སྐེ་རྡོ་ཆས་འཛུགས་སྐྲུན་གནའ་ཤུལ་མཐོང་ཐུབ། ཐེངས་འདིའི་གནའ་ཤུལ་རྒྱལ་ཡོངས་སོར་འཇོག་རིག་དངོས་རྩད་ཞིབ་ཐེངས་གསུམ་པའི་ཁྲོད་གསར་རྙེད་བྱུང་བ་ཡིན་ཞིང་། ཐེངས་དང་པོར་གནའ་བོའི་བང་སོ་རུ་ཐོ་འགོད་བྱས། 2020ལོའི་ཟླ7པར། ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་སོགས་ལས་ཁུངས་མང་པོས་ཡང་བསྐྱར་གནའ་ཤུལ་དེར་རྟོག་ཞིབ་བྱས་པ་བརྒྱུད། ས་ངོས་སྒོར་དབྱིབས་ཀྱིས་ས་སྤུང་བཀག་ཡོད་ཅིང་། མཐོ་ཚད་སྨི1.6དང་ཚངས་ཐིག་ལ་ཧ་ལམ་སྨི20ཡོད། ས་ངོས་ལས་སྔོག་བརྐུ་བྱས་པའི་ས་དོང4ཡོད་པ་དང་། ཉེ་འགྲམ་ན་རྡོ་ཆས་མང་པོ་འཐོར་ཡོད་པར་མ་ཟད། གཏུབས་ལྡེབས་ནས་ཀྱིག་རྩེའི་རྩིག་པ་མཐོང་ཐུབ། གནའ་ཤུལ་གྱི་རྣམ་པའི་གྲུབ་ཚུལ་དང་རིག་གནས་ནང་དོན་སྔར་ལས་རྒྱུས་ལོན་བྱ་ཆེད། ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་ཧོ་པེ་དགེ་འོས་སློབ་ཆེན་དང་མཉམ་དུ་གནའ་ཤུལ་དེར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད།

“ད་ཕན་ང་ཚོས་ཐང་གཞིས་སྐེ་མཆོད་འབུད་གནའ་ཤུལ་གྱི་སྔོག་འདོན་བྱ་བ་ལེགས་འགྲུབ་བྱས་ཏེ། གནའ་ཤུལ་གྱི་རྣམ་པ་དང་གྲུབ་ཚུལ་གཞི་རྩའི་ཆ་ནས་གསལ་པོར་ཤེས། ལྕགས་ཆས་དང་ཟངས་ཆས། མིའི་མགོ་རུས། སྲོག་ཆགས་ཀྱི་མགོ་རུས་མི་ཉུང་བ་ཞིག་རྙེད། དེའི་ཁྲོད་སྲོག་ཆགས་ཀྱི་མགོ་རུས་ཁ་ཤས་སྟེང་ཡི་གེ་དང་རི་མོ་ཡོད། གནའ་ཤུལ་གྱི་གྲུབ་ཚུལ་དང་ས་ངོས་ལ་བུད་པའི་གནའ་རྫས་ལ་གཞིགས་ཚེ། མཆོད་འབུལ་དང་འབྲེལ་བ་ཡོད་པ་ལས་བང་སོ་མིན་པ་ཤེས་ཐུབ། ” གནའ་རྫས་རྟོག་ཞིབ་མི་སྣས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། ཐང་གཞིས་སྐེ་གནའ་བོའི་མཆོད་སྟེགས་དེ་ཉེ་བའི་ལོ་འདི་འགར་མཚོ་སྔོན་ཞིང་ཆེན་མཚོ་ལྷོའི་ས་ཁུལ་ནས་ཐོག་མར་རྙེད་པའི་གཞི་རྒྱ་ཆེ་ཞིང་ལོ་རྒྱུས་དུས་སྐབས་ཀྱི་གནའ་བོའི་མཆོད་སྟེགས་ཤིག་ཡིན་པས། མཚོ་སྔོན་མ་ཟད་མདོ་དབུས་མཐོ་སྒང་ཡོངས་ཀྱི་གནའ་བོའི་མཆོད་འབུལ་ཆོ་ག་འཚོལ་ཞིབ་བྱ་རྒྱུར་གནའ་རྫས་རྟོག་ཞིབ་ཀྱི་བདེན་དཔང་གལ་ཆེན་ཞིག་མཁོ་འདོན་བྱས། སླད་མར། ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གིས་གནའ་ཤུལ་གཉེར་སྐྱོང་གི་གོ་རིམ་སྔར་ལས་གསལ་པོ་བཟོ་བ་དང་ཆེད་ལས་མང་པོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཤུལ་བཞག་དེའི་རིག་གནས་མཚོན་དོན་དང་རིག་གནས་རིན་ཐང་མུ་མཐུད་དུ་སྔོག་འདོན་བྱ་རྒྱུ་རེད།


ལོ་ཙཱ་པ། ལྷ་ཆེན་རྒྱལ།