རང་ཞིང་གིས་མཚོ་སྔོན་པོའི་ས་ཁུལ་དུ་ཁྲིམས་འཛིན་གཙང་སེལ་གྱི་ཆེད་དོན་བྱ་འགུལ་སྤེལ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།སྤྱི་ཟླ10པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉ་ལས་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་མཚོ་སྔོན་པོའི་མཚོ་བཀག་ཉ་གསོའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུའུ་ཡིས་ཆབ་སྲིད་ཀྱི་ས་ཚིགས་ལ་ཤུགས་སྣོན་རྒྱག་པ་དང་། མཚོ་སྐོར་ཞིབ་བཤེར། མཚེའུ་ཡི་མཚོ་འོག་མཉམ་འགུལ་བཅས་ཀྱི་ཐོག་ནས་མཚོ་སྔོན་པོའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་བྱ་བ་ཡག་པོར་སྤེལ།


སྔོན་ལ་ཉ་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་རྩད་ཞིབ་བྱེད་པ་སོགས་ཀྱི་ལས་ཀའི་གཙོ་གནད་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུའུ་ཡིས་སྣེ་ཁྲིད་དེ།མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཁྲིམས་འཛིན་མི་སྣ་དང་མཉམ་འབྲེལ་ཐོག་ཟླ་9པའི་ཚེས་26ཉིན་མཚོ་སྐོར་དྲ་རྒྱ་བཙུགས་ནས་གཙོ་གནད་ཆུ་ཁོངས་སུ་གླིང་ཆེན་མཆེ་བ་དང་པོ་དང་གཉིས་པ། ཅང་ཤིས་ཡུལ་ཚོ། རྟ་ནག་མ། སྦྲེལ་ནག་ཡུལ་ཚོ། པུའུ་ཧ་ཧོ། ཧྲ་ལིའུ་གཙང་པོ་སོགས་མཚོ་སྔོན་པོའི་ཆུ་ཁོངས་སུ་ཁྱོན་ཡོངས་ལ་ཁྱབ་པ་དང་གཞི་ཁྱོན་ཆེ་བའི་སྐོར་ཞིབ་ཞིབ་བཤེར་བྱས། མཚོ་སྔོན་པོའི་མཚོ་ངོས་གཙང་སེལ་བྱེད་པ་དང་དུས་མཚུངས་སུ། མཚོ་བྱང་དང་། མཚོ་ལྷོ་ཁུལ་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུའུ། རྐང་ཚ་དང་། མདའ་བཞི། གསེར་ཆེན་རྫོང་བཅས་ཀྱི་ཞིང་ཕྱུགས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་གྱིས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་མཚོ་སྐོར་གྱི་གཙོ་གནད་གྲོང་ཚོ་དང་སྡེ་ཁུལ་དུ་ཁྲིམས་འགལ་གྱི་ཉ་འཛིན་ཆས་དང་བཟའ་བཏུང་ཁྲིམས་འགལ་ངང་ཉོ་སྒྲུབ་ལས་སྣོན་ཕྱིར་ཚོང་བྱེད་པར་གྲལ་བཤེར་བཅོས་སྒྲིག་བྱས་ལ། ཉ་སྤྱི་རྒྱ་661.7དང་། དྲ་སྦྲེལ་ཡོ་ཆས73གྲུ་གཟིངས་1གྱོད་འབྲེལ་མི་སྣ་3བཟའ་བཏུང་ལས་རིགས་2བཅས་རྩད་ཆོད།

ཐེངས་འདིའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་བརྒྱུད།མཚོ་སྔོན་པོའི་འབབ་རྒྱུད་དུ་ཁྲིམས་འགལ་ངང་མཚོ་སྔོན་པོའི་ཉ་འཛིན་པ་དང་ཉོ་སྒྲུབ་ལས་སྣོན་བྱས་ནས་འཚོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཀག་འགོག་ནུས་ལྡན་བྱས་པ་དང་། ལས་ཁུངས་ཀྱི་མཉམ་འབྲེལ་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། ཁྲིམས་འཛིན་གྱི་ཕན་ནུས་མཉམ་ལས་ནུས་པ་ཆེ་རུ་བཏང་བ། མཚོ་སྔོན་པོའི་འཛིན་བཟུང་གཏན་འགོག་གི་ཁྲིམས་འཛིན་བྱ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་བ་བཅས་རེད།

ཤ་མོ་འཚོས་བསྒྱུར།