གློག་བརྙན《གཅིག་དང་བཞི》ཞེས་པ་འཇར་པན་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པ།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁ་སང་སྟེ། སྤྱི་ཟླ་དགུ་བའི་ཚེ་ཉེར་བརྒྱད་ཉིན་བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ༼གཅིག་དང་བཞི༽ཞེས་པ་འཇར་པན་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་གནས་ཚུལ་ཐོན་འདུག གློག་བརྙན་འདི་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པ་ནས་ཕབ་སྐྲུན་གྱི་འགོ་བརྩམས་པ་ཡིན་ལ།བར་དུ་ནད་ཡུམས་ཀྱི་དབང་གིས་བརྙན་ཕབ་ཀྱི་མུ་མཐུད་མ་ཐུབ་ཀྱང་།ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་ཏུ་ཡང་བསྐྱར་ཕབ་སྐྲུན་གྱི་མུ་མཐུད་དེ།སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ནང་བདེ་ལེགས་ངང་བརྙན་ཕབ་བྱ་བའི་མཇུག་སྒྲིལ་བ་ཞིག་རེད།གློག་བརྙན་འདི་ནི་སྒྲུང་གཏམ་རྩོམ་པ་པོ་མཇམ་དབྱངས་ཚེ་རིང་གི་སྒྲུང་གཏམ༼གཅིག་དང་བཞི༽ལ་གཞི་བཅོལ་ནས་འཁྲབ་གཞུང་དུ་བཅོས་ཏེ་བཟོས་པ་ཡིན་ལ།འདི་ནི་བོད་ཀྱི་རླབས་རྒྱུན་གསར་བའི་གློག་བརྙན་སྔོན་མ་དག་དང་བསྡུར་ན།སྒྱུ་རྩལ་རྐྱང་བ་བརྗོད་པའི་རྣམ་པ་ནས་ཅུང་ཐོལ་བརྒལ་བྱས་ཏེ།ནག་ཉེས་དང་ནུབ་རྒྱུད།ཉེན་མཆོང་།དོགས་གཞི་རང་བཞིན་གྱི་གཏམ་རྒྱུད་བརྗོད་ཐབས་གཞིར་བཟུང་བའི་སྣ་མང་གློག་བརྙན་གྱི་ལུགས་ལ་ཚོད་བགམ་བྱས་ཡོད་པ་ཞིག་རེད་།



གློག་བརྙན་འདིའི་ནང་མཚོ་བོད་མཐོ་སྒང་ནས་བྱུང་བའི་ཁུངས་མེད་དང་།དོགས་གཞི་རང་བཞིན་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ།དེ་ནི་ཁ་བ་བུ་ཡུག་མ་འཚུབ་པའི་སྔོན་ཏག་ཏག་ཏུ།ནགས་སྲུང་བའི་སྤྱིལ་བུའི་ནང་གར་ཡོང་མི་ཤེས་པའི་མི་གསུམ་ཐོན་རྗེས།ནགས་སྲུང་བ་ཁོ་རང་ཅི་ཡིན་འདི་ཡིན་མེད་པར་རྔོན་ཇག་གི་ཉེས་དོན་འཇིགས་ཡེར་བ་ཞིག་ཏུ་ཚུད་པའི་གཏམ་རྒྱུད་ཅིག་བརྗོད་འདུག

འཇིགས་མེད་འཕྲིན་ལས་ལགས།

འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ནི་སྤྱི་ལོ་ཉིས་སྟོང་ཉིཤུ་ལོར་པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་ཉིན་ཧྲིལ་བོའི་ལུགས་ཀྱི་དངོས་གཞིའི་བསླབ་གནས་བླངས།སློབ་གྲྭའི་གུང་གསེང་དང་བསྟུན་ནས་པདྨ་ཚེ་བརྟན་གྱི་གློག་བརྙན༼དབུགས་ལྒང༽དང་རྒྱའི་འཁྲབ་ཁྲིད་པ་གྲགས་ཅན་ཀོན་ཧོའི་གློག་བརྙན༼འཁྱམ་པ༽སོགས་སུ་ལས་ཞུགས་བྱས་ཏེ་གློག་བརྙན་ཕབ་སྐྲུན་ཡུལ་དངོས་ཀྱི་གོ་རིམ་ལ་སྤྱངས་པ་ཧུར་ཐག་བྱས་མྱོང་པ་རེད།སྤྱི་ལོ༢༠༡༧ལོར་ཁོའི་དངོས་བཤུས་བརྙན་ཐུང༼ཁོ་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག༽ཅེས་པ་དབྱིན་ཇིའི་རྒྱའི་སྒེར་ཚུགས་བརྙན་རིས་རྒྱུ་ཆ་ཁང་གིས་གཏན་ཉར་བྱས།ཐེངས་འདིའི་གློག༼གཅིག་དང་བཞི༽ཞེས་པ་ནི་ཁོའི་གློག་བརྙན་རིང་གྲས་ཀྱི་བརྩམས་ཆོས་ཐོག་མར་ཆགས་ཡོད་པ་ཞིག་རེད།

ཟིན་པར་ཟུར་འགོད།

གློག་བརྙན་འདིིའི་ལྟ་སྐུལ་བ་ནི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་དང་།བརྙན་ལེན་པའང་པདྨ་ཚེ་བརྟན་གྱི་ཆེད་སྤྱོད་བརྙན་ལེན་པ་ལིས་སུང་ཡེ་ལགས་ཡིན་འདུག དེ་མིན།འཁྲབ་སྟོན་པ་སྤྱིན་པ་དང་ཀུན་བདེ། ཝང་ཀྲིན། ཚེ་མདོ། དར་རྒྱས་བསྟན་འཛིན་སོགས་ཀྱང་རེབ་འདིའི་གློག་བརྙན་ཁྲོད་ཞུགས་ནས་འཁྲབ་སྟོན་བྱས་འདུག

རེབ་འདིའི་དཔྱད་འདེམས་སྤྱི་བ་ཨེ་ས་པེ་ཨར·ཧའོ་ཕོར་ལགས།

སྒྱུ་རྩལ་བློ་འདོན་སྤྱི་བ་ཞའོ་ཟོ·ཨེ་ཆེས་ཡཱ་མ་ལགས།

ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་༡༩༨༥ལོ་ནས་བཟུང་འགོ་བཙུགས་པའི་གློག་བརྙན་དུས་ཆེན་ཞིག་ཡིན་ལ།དེ་ནི་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་ཀྱི་ཆོག་ཡིག་ཐོབ་པའི་རྒྱལ་སྤྱིའིAཚད་རིམ་ཅན་གྱི་གློག་བརྙན་དུས་ཆེན་ཞིག་རེད་འདུག ཐེངས་འདིའི་དུས་ཆེན་ནི་ཟླ་༡༠་བའི་ཚེས༣༠ནས་ཟླ་༡༡་པའི་ཚེས་༨་བར་ལ་འཇར་པར་ཏུང་ཅིན་ནས་བསྡུ་འཆར་འདུག

ཐེངས་འདིའི་དུས་ཆེན་གྱི་དཔྱད་འདེམས་སྤྱི་བ་ནི་ཧྥ་རིན་སིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་ཨེ་ས་པེ་ཨར·ཧའོ་ཕོར་ལགས་ཡིན་པ་དང་། སྒྱུ་རྩལ་བློ་འདོན་སྤྱི་བ་ནི་འཇར་པན་གྱི་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཞའོ་ཟོ་ཨེ་ཆེས་ཡཱ་མ་ལགས་རེད་འདུག