དཔའ་ལུང་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་གདོད་མའི་ས་ཁམས10གསར་རྙེད་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན། དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གིས་ས་ཁམས་རིག་པའི་ཡུལ་སྐོར་གསར་སྤེལ་གྲུབ་འབྲས་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་ས་ཁམས་སློབ་ཆེན“དཔའ་ལུང་ས་ཁམས་རིག་པའི”ཡུལ་སྐོར་གསར་སྤེལ་ཞིབ་འཇུག་གི་གྲུབ་འབྲས་ཁྱབ་སྒྲོག་བྱས་པ་རེད། ཐེངས་འདིར་ཁྱབ་སྒྲོག་བྱས་པའི་དཔའ་ལུང་རྫོང་གི་ས་ཁམས་རིག་པའི་ཡུལ་སྐོར་གསར་སྤེལ་གྲུབ་འབྲས་དེ2020-2021ལོའི་ཀྲུང་གོ་ས་ཁམས་སློབ་ཆེན་པེ་ཅིན་གྱིས་གཏན་འབེབས་བྱས་པའི་དཔའ་ལུང་རྫོང་གི་རོགས་སྐྱོར་རྣམ་གྲངས་ཤིག་སྟེ། དེ་མིན་སློབ་གསོ་པུའུ་ཡི“མཐོ་སློབ་ཞབས་ཞུའི་གྲོང་གསེབ་དར་སྤེལ་གསར་གཏོད་ཀྱི་ཚོད་ལྟ་གསར་པའི”རྣམ་གྲངས་གྲུབ་འབྲས་ཁྲོད་ཀྱི་གཅིག་ཀྱང་ཡིན།

དེ་མིན། ཀྲུང་གོ་ས་ཁམས་སློབ་ཆེན་གྱིས་དཔའ་ལུང་རྫོང་ཡོངས་ཀྱི་གདོད་མའི་ས་ཁམས་དང་མི་ཆོས་རྗེས་ཤུལ་ཐོན་ཁུངས་ལ་ཁྱོན་ཡོངས་ནས་རྩད་གཅོད་བྱས་ཏེ། དཔའ་ལུང་རྫོང་གི་གདོད་མའི་ས་ཁམས་རིགས་དབྱེ་དང་ཁྱབ་ཁོངས་ཁྱད་ཆོས་རྩད་གཅོད་སྒོས་ཚན་རྩལ་ཞིབ་འཇུག་དང་མཛེས་ལྗོངས། ཡུལ་སྐོར་རིན་ཐང་དཔྱད་འཇོག་བྱས་ཡོད། གྲུབ་འབྲས་གཙོ་བོ་ལ་དཔའ་ལུང་རྫོང་གི་ས་ཤུན་དང་སྐྱེ་དངོས་འགྱུར་རྡོ། ས་ཁམས་ཀྱི་གྲུབ་ཚུལ། ས་དབྱིབས་མཛེས་ལྗོངས། གཏེར་རྒྱུ་སྔོག་འདོན་རྗེས་ཤུལ། ས་ཁམས་ཀྱི་གནོད་འཚེ་སོགས་རིགས་ཆེན་པོ6གི་གདོད་མའི་ས་ཁམས་འདུ། དེའི་ཁྲོད་དཔའ་ལུང་རྫོང་གི་རྒྱལ་ཁབ་རིམ་པའི་གདོད་མའི་ས་ཁམས10ཡོད་ལ། སོ་སོར་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་ཆེས་གནའ་བོའི་དུས་སམ་ཡང་ན་རྨ་ཙོང་ས་ཆའི་ཆེས་གནའ་བོའི་གདོད་མའི་དུས་ཀྱི་ངོ་བོ་འགྱུར་བའི་བྲག་རྡོའི་རིགས་སྟེ་ད་ལྟའི་བར་ལོ་ངོ་དུང་ཕྱུར10ཡོད་པའི་དཔའ་ལུང་གི་ཚོམས་དང་རྨ་ཆུའི་ཁུགས་ཆེན་དགུ། ལ་མོའི་གྲོག་རོང་ཆེན་མོ། གསེར་གཞུང་གྲོག་རོང་ཆེན་མོ། ཏན་ཞ་ས་གཤིན། ཀ་མདོའི་སྤྱི་ལེ་བཅུ་ཡི་རི་མོའི་ཁྱམས་ར། དུས་རབས་གསར་པ་དང་གནའ་བོའི་ཟུར་ངོས་མི་མཉམ་པ། གསེར་གཞུང་ཡུལ་ཚོའི་གྲོག་རོང་། གསེར་གཞུང་གྲོག་རོང་གི་ངོས་གཟར། གནའ་བོའི་དུས་ཀྱི་རི་བྲག་ཁྲོད་བྱུང་བའི་འགྱུར་རྡོ། ཞིང་ཆེན་རིམ་པའི་གདོད་མའི་ས་ཁམས20ལྷག་ཡོད།

རྟོག་ཞིབ་གྲུབ་འབྲས་གཞིར་བཟུང་སྟེ། ཁ་གཏད་རང་བཞིན་གྱི་སྒོ་ནས་ས་ཁམས་རིག་པའི་ཡུལ་སྐོར་ལམ་ཐིག་མི་འདྲ་བ་བཞི་འཆར་འགོད་བྱས་ཡོད་ལ། རྫོང་ཡོངས་ཀྱི་ཡུལ་སྐོར་གསར་སྤེལ་ཐད་ལ་ནང་དོན་དང་བརྗོད་དོན་གསར་པ་མཁོ་སྤྲོད་བྱས་ཡོད། ལམ་ཐིག་དང་པོ་ནི་ལ་མོ་འགག་ནས་ཨ་ཝ་ཐང་གི་ས་ཁམས་རིག་པའི་ཡུལ་སྐོར་ལམ་ཐིག ལམ་ཐིག་གཉིས་པ་ནི་སྐུ་འབུམ་འགག་ནས་ཀ་མདོའི་སྤྱི་ལེ་བཅུ་ལྷག་གི་རི་མོའི་ཁྱམས་རའི་ས་ཁམས་རིག་པའི་ཡུལ་སྐོར་ལམ་ཐིག ལམ་ཐིག་གསུམ་པ་ནི་བྱ་ཁྱུང་དགོན་པ་ནས་གཤོང་ཤན་གངས་རིའི་ས་ཁམས་རིག་པའི་ཡུལ་སྐོར་ལམ་ཐིག ལམ་ཐིག་བཞི་པ་ནི་གསེར་གཞུང་ཡུལ་ཚོའི་གྲོག་རོང་ས་ཁམས་རིག་པའི་ཡུལ་སྐོར་ལམ་ཐིག་བཅས་ཡིན།

ཀ་མདོ་གྲོང་རྡལ་ཨ་ཝ་ཐང་སྡེ་བའི་གདོད་མའི་ས་ཁམས་དང་མི་ཆོས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱབ་ཁོངས་དང་ཁྱད་ཆོས་དེ་རྩད་གཅོད་ནན་མོ་དང་ནང་དོན་སྔོག་འདོན་བྱས་ཡོད། གདོད་མའི་ས་ཁམས་ཐོན་ཁུངས་གཙོ་བོ་ལ་རྨ་ཆུའི་ཁུགས་སོ་དང་གཙང་ཆབ་ཀྱི་བཞུར་རྒྱུན་རིམ་པ། ཆུ་འགོ ཚོན་སྒང་ས་གཤིན་སོགས་འདུ་ངེས། ཨ་ཝ་ཐང་སྡེ་བའི་མི་ཆོས་རྗེས་ཤུལ་ཐོན་ཁུངས་ཕུན་སུམ་ཚོགས་ལ། ལོ་ངོ་སྟོང་གི་གནའ་བོའི་མཁར་གྲོང་དང་གནའ་བོའི་བང་སོ་ཚོགས། ལི་ཟངས་ཆས་དང་ཚོན་རིས་རྫ་ཆས་སོགས་རིག་དངོས་ས་འོག་ལས་ཐོན་ཡོད་ལ། རྨ་ཆུའི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ཕུགས་འདུན་གྱི་གནས་ཤིག་ཀྱང་ཡིན། སྡེ་བའི་ནང་དུ་ལོ་བརྒྱའི་ཡན་གྱི་གནའ་བོའི་ཡོ་འབོག་ལྗོན་པ40ལྷག་དང་དེའི་ཁྲོད་ཆེས་གནའ་བོའི་ཡོ་འབོག་ལྗོན་པའི་ལོ་ཚད་དེ་ལོ་ངོ800ལྷག་ཡིན། ད་ལྟ་ལྗོན་པ་སྟོང་བར་གྱུར་ཡོད་མོད་འོན་ཀྱང་ལོ་འདབ་རྒྱས་ཤིང་སྡེ་བ་དེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཉག་གཅིག་ཏུ་གྱུར་ཡོད།

ཨ་ཝ་ཐང་གི་ས་ཁམསའི་རིག་གནས་སྡེ་བ་འཛུགས་སྐྲུན་ཐད་ངོས་འཛིན་གསར་པ་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་དེའི་ཁོངས་སུ། ཨ་ཝ་ཐང་སྡེ་བའི་ལྷོ་ཕྱོགས་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ཁུལ་གསུམ་གྱི་ཆུ་འགོའི་མ་དཔེ་དང་ཆུའི་རྫས་འགྱུར་ལ་ཚད་ལེན་ཚོད་ལྟ་བྱས་པའི་མཇུག་འབྲས་ལས་མངོན་གསལ་ལྟར་ན། ཆུ་དེའི་ནང་དུ་གཞི་རྒྱུ་ཕྲ་རུབ་སི་དང་ལེ་ཡི་འདུས་ཚད་དེ་རང་རྒྱལ་གྱི་རང་བྱུང་གཏེར་ཆུའི་ཁྲོད་ཀྱི་སི་ཡི་ཚད་གཞི་ལས་བརྒལ་ཡོད་པས། ཚྭ་འདུས་ཞན་པའི་ཆུ་དང་ཆུ་འགོའི་ཚད་ཆེ་པས་གསར་སྤེལ་བེད་སྤྱོད་ཀྱི་རིན་ཐང་ངེས་ཅན་ལྡན་ངེས།

དཔའ་ལུང་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཨེ་རོའུ་ཡིས་བསྟན་དོན། དཔའ་ལུང་རྫོང་གིས་ཀྲུང་གོ་ས་ཁམས་སློབ་ཆེན་གྱི་རོགས་སྐྱོར་གཏན་འབེབས་ཀྱི་གོ་སྐབས་གལ་ཆེན་ལ་བརྟེན་ནས། སྐྱེ་ཁམས་ཁོར་སྲུང་གི་གཞི་རྩའི་ཚད་རིམ་བརྟན་སྲུང་གིས་རྨ་ཆུའི་རིག་གནས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་དམངས་སྲོལ་རིག་གནས་སྔོག་འདོན་གཏིང་ཟབ་དང་འགྲེམས་སྤེལ་བྱས་ལ། གཙང་ཆེན་གྱིས་སྦྲུམ་པའི་འོད་འཚེར་བའི་རིག་གནས་མུ་མཐུད་དུ་རྒྱུན་འཛིན་བྱས། ཐུག་པ་དཀར་ཡོལ་གང་གི་ཕྱུག་འགྱུར་ལམ་བུ་གསར་སྐྲུན་འཕེལ་རྒྱས་སྒོས་མཁར་གྲོང་གསར་པའི་འཕེལ་རྒྱས་ལ་གསོན་ཤུགས་བསྣན། བསམ་པའི་སྙིང་སྟོབས་ཀྱི་བསམ་བློའི་སྒུལ་ཤུགས་རྒྱུན་འཁྱོངས་སྒོས་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་ཐད་ལ་མཐུད་སྦྲེལ་ནུས་ལྡན་གཏོང་རྒྱུར་སྐུལ་འདེད་བྱས་ཡོད། ཤུགས་ཆེན་པོའི་སྒོ་ནས་རྫོང་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་སྟེ། ཨ་ཝ་ཐང་རང་ཞིང་གི་ས་ཁམས་རིག་གནས་སྡེ་བ་ཨང་དང་པོ་དང་རྨ་ཆུའི་ཁུགས་ཆེན་དགུ་གཞུང་ཤིང་བྱས་པའི་རྨ་ཆུའི་སྐྱེ་ཁམས་ཡུལ་སྐོར་སྤྱི་གླིང་གསར་སྐྲུན་བྱེད་པ། ལ་མོ་འགག་དང་ཏན་ལ་ས་གཤིན་སྲོག་ཤིང་ཡིན་པའི་ས་ཁམས་ཀྱི་སྤྱི་གླིང་འཛུགས་པ། ལོ་བརྒྱའི་བོད་གྲོང་སྲོག་ཤིང་ཡིན་པའི་དཔའ་ལུང་གི་འཛུགས་སྐྲུན་ལ་སྔ་ན་མེད་པའི་ཡུལ་སྐོར་གྱི་ལམ་ཐིག་ཤིག་བསྐྲུན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།