མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་ཟོན་ལྟེ་གནས་ཀྱི་བདེ་ཐང་གསལ་འདེབས།

རང་རེའི་དྲ་བའི་འཕྲིན། ཟླ9པའི་ཚེས21ཉིན། ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱིས་བསྒྲགས་པའི་པྲོག་གསར་ནད་པའི་སྙན་ཞུ་ལྟར་ན། ཟླ9པའི་ཚེས23ཉིན་གྱི་བར་དུ། ཧ་ཨེར་པིན་གྲོང་ཁྱེར་ནས་པྲོག་གསར་ནད་པ11བྱུང་ཞིང་། ཉེན་ཁའི་རིམ་པ་མཐོ་ཤོས་དང་འབྲིང་ཤོས་ཅན་གྱི་ས་ཁུལ8བྱུང་། ཕྱི་རིམས་ནང་འགོས་ལ་འགོག་ཟོན་ནན་མོ་བྱེད་པ་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་རིམས་ནད་འགོག་ཟོན་བྱ་བ་ལེགས་པོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་ཟོན་ལྟེ་གནས་ཀྱིས་བཏང་བའི་བདེ་ཐང་གསལ་འདེབས་གཤམ་གསལ་ལྟར།

གཅིག རང་རྟོགས་སྒོས་སྙན་ཞུ་ཐོ་འགོད་བྱེད་པ། 2021ལོའི་ཟླ9པའི་ཚེས7ཉིན་གྱི་ཚུན་ལ། ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་ནས་ཕྱིར་མཚོ་སྔོན་དུ་ལོག་པའམ་མཚོ་སྔོན་ལ་ཡོང་བའི་ཡུལ་སྐོར་པ། ཁྱབ་སྒྲོག་ཁྲོད་པྲོག་ནད་བྱུང་ཡོད་པ་གཏན་ཁེལ་བྱས་ཟིན་གྱི་ནད་པ་དང་འགྲོགས་འདྲེས་བྱུང་མཁན་ཡོད་ན། དུས་ཚོད་དམ་འཛིན་དང་རང་རྟོགས་སྒོས་རང་ཉིད་སྡོད་སའི་གཞིས་སྡོད་སྡེ་ཁུལ(སྡེ་བ)དང་ལས་ཁུངས། མགྲོན་ཁང་སོགས་ནས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་ཐོ་འགོད་བྱ་དགོས་པར་མ་ཟད། བཀར་འཇུག་སྨན་བཅོས་བརྟག་དཔྱད་དང་རིམས་ནད་བརྟག་དཔྱད་སོགས་ཀྱི་རིམས་འགོག་བྱེད་ཐབས་ལ་རང་རྟོགས་སྒོས་རམ་འདེགས་བྱ་དགོས།

གཉིས། འགོག་ཟོན་འདུ་ཤེས་ལ་ཤུགས་སྣོན་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་དང་རིམས་ནད་གནས་ཚུལ་ལ་དོ་ཁུར་བྱས་ཏེ། རིམས་ནད་འབྱུང་ཡུལ་ས་ཁུལ་ལ་མ་སོང་ན་ལེགས། དེ་དང་མཉམ་དུ། དཀྲོག་གཏམ་ལ་མི་ཉན་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ་བཅས་ཀྱི་སྒོ་ནས། རིམས་ནད་འགོག་ཟོན་གྱི་འགན་འཁུར་དང་འོས་འགན་ནན་གྱིས་ལག་བསྟར་དང་། རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་དགོས།

གསུམ། སྒེར་གྱི་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པ། མི་ཚོགས་འདུ་ས་དང་མཁའ་དབུགས་མི་རྒྱུ་སར་རང་དགར་མི་འགྲོ་བ། འདུས་སྡོད་དང་འདུ་འཛོམས་མི་བྱེད་པ། གཞི་རྒྱ་ཆེ་བའི་འདུ་འཛོམས་བྱ་འགུལ་ལ་མི་ཞུགས། རང་ཁྱིམ་ནས་བཀར་འཇུག་བྱས་པའི་མི་སྣ་དང་འགྲོགས་འདྲེས་མི་བྱེད་པ། ཚན་རིག་ལྟར་ཁ་ཐུམ་བརྒྱག་པ་དང་ལག་པ་བཀྲུ་བ། ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། མི་སོ་སོའི་བར་ཐག་རྒྱུན་འཁྱོངས་བྱེད་པ། ཚུལ་ལྡན་གྱིས་ཟ་མ་ཟ་བ་དང་སྨི1གི་བར་ཐག་བརྩི་སྲུང་བྱེད་པ། ཁང་བའི་ནང་རྒྱུན་པར་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་པ། གང་འདོད་དུ་ཁ་ལུད་མི་འཕེན་པ། གློ་ལུ་དང་ཧབ་སྦྲིད་རྒྱག་སྐབས་ལག་པས་སྒྲིབ་པ་བཅས་ལ་མཉམ་འཇོག་བྱ་དགོས།

བཞི། རང་གི་བདེ་ཐང་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པ། གལ་སྲིད་ཚ་རྒྱས་པ་དང་སྐམ་ལུ་རྒྱག་པ། ཐང་ཆད་པ། སྣ་འཚིབ་པ། སྣ་ཆུ་ཟགས་པ། མིད་པ་ན་བ། དྲི་ཚོར་ཉམས་པ། མིག་འབྲས་ལ་གཉན་ཚད་རྒྱས་པ། ཤ་གནད་ན་བ། ཁོག་བཤལ་པ་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་ཚད་ལྡན་གྱི་སྨན་བཅོས་བྱ་དགོས། དེ་མིན་སྨན་བཅོས་བྱེད་དུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་ཤིང་། སྤྱི་གཞུང་རླངས་འཁོར་ལ་སྡོད་མི་རུང་། སྨན་བཅོས་བྱེད་སྐབས་འགྲོ་འོང་ལམ་ཐིག་དང་གནས་ཚུལ་རང་རྟོགས་སྒོས་ཡར་ཞུ་བྱ་དགོས།

ལྔ། པྲོག་གསར་འགོག་ཁབ་བརྒྱག་པ། པྲོག་གསར་འགོག་ཁབ་རྒྱག་རྒྱུ་ནི་པྲོག་གསར་རིམས་ནད་འགོག་ཟོན་བྱེད་པར་ཆེས་བདེ་འཇགས་དང་ཕན་ནུས་ཆེས་ཆེ་བའི་ལག་ཐབས་ཅིག་ཡིན་པས། འགོག་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་ལོ12ཡན་ལ་སོན་པའི་མང་ཚོགས་ཀྱིས་པྲོག་གསར་འགོག་ཁབ་བརྒྱག་དགོས།

དྲུག དུས་ཆེན་རིང་གི་འགྲོ་འོང་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ། རྒྱལ་སྟོན་དུས་ཆེན་སྐབས་ཡུལ་སྐོར་པའི་འགྲོ་འོང་ཇེ་མང་ལ་འགྲོ་ངེས་པས། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ནང་གི་རིམས་ནད་གནས་ཚུལ་ལ་དོ་སྣང་བྱས་ཏེ། “དགོས་གལ་མེད་ན་ཞིང་ཆེན་གཞན་ལ་མི་འགྲོ་བ”རྒྱུན་འཁྱོངས་དང་རང་ས་གནས་ནས་དུས་ཆེན་ལ་རོལ་བར་དར་སྤེལ་བྱ་དགོས། ཡུལ་སྐོར་ལ་འགྲོ་བའི་མང་ཚོགས་ཀྱིས་ཡུལ་སྐོར་ལམ་ཐིག་ལུགས་མཐུན་གྱིས་བཀོད་སྒྲིག་དང་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་མིན་ཉེན་ཁའི་རིམ་པ་མཐོ་ཤོས་དང་འབྲིང་ཤོས་ཡིན་པའི་ས་ཁུལ་ལ་མ་སོང་ན་ལེགས། ཡུལ་སྐོར་བྱས་ནས་ཕྱིར་ལོག་རྗེས། རང་རྟོགས་སྒོས་རིམས་ནད་བརྟག་དཔྱད་ཐེངས་གཅིག་བྱ་དགོས་པར་མ་ཟད། རང་དང་ཁྱིམ་མིའི་གཟུགས་པོའི་གནས་ཚུལ་ལ་དོ་སྣང་བྱ་དགོས་སོ།།

མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་ཟོན་ལྟེ་གནས།

2021ལོའི་ཟླ9པའི་ཚེས23ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།