​གློག་བརྙན《གེ་སར་རྒྱལ་བོ》ལས《དགུ་སིང་དྲུག་འགྱུར》ཕབ་སྐྲུན་བྱེད་མགོ་བརྩམས།

དེ་རིང་སྔ་དྲོར། གློག་བརྙན《གེ་སར་རྒྱལ་བོ》ལས《དགུ་སིང་དྲུག་འགྱུར》ཕབ་སྐྲུན་བྱེད་མགོ་རྩོམ་པའི་མཛད་སྒོ་ཀན་ལྷོའི་གཙོས་གྲོང་ཁྱེར་དུ་སྤེལ་བས་གློག་བརྙན་ཕབ་སྐྲུན་དངོས་སུ་མགོ་བརྩམས།

གློག་བརྙན་ཕབ་སྐྲུན་ཚོགས་པའི་ཚོགས་མི་དང་འཁྲབ་སྟོན་པ། རྒྱལ་ཡོངས་ཀྱི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་འབྲེལ་ཡོད་ཆེད་མཁས་དང་སྐུ་མགྲོན་མང་པོ་མཛད་སྒོར་ཞུགས་ནས་གློག་བརྙན་ཕབ་སྐྲུན་ལེགས་འགྲུབ་ཡོང་བར་སྨོན་ལམ་བརྒྱབ།


མཛད་སྒོའི་སྟེང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་དང་ནོར་བུ་དབང་ལྡན་སོགས་ཀྱིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་དང་། གློག་བརྙན《དགུ་སིང་དྲུག་འགྱུར》གྱི་སྤྱིའི་འཁྲབ་ཁྲིད་པ་ཝང་ཁྲིན་ཕིན་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཧྲུའུ་ཧྥེང་།གེ་སར་ཞིབ་འཇུག་པ་གཅོད་པ་དོན་འགྲུབ་སོགས་ཀྱིས་གཏམ་བཤད།

《གླིང་རྗེ་གེ་སར》ནི་བོད་རིག་གནས་ཀྱི་བང་མཛོད་ཆེན་མོ་ཞིག་ཡིན་པ་དང་།རིག་གཞུང་ཁྱབ་ཁོངས་སུ་དེ་ལ“ཤར་ཕྱོགས་ཀྱི་ཧེ་མཱ་སྙན་རྩོམ་རིང་མོ”ཞེས་པའི་མཚན་སྙན་ཡོད། 2002ལོ་ནས་བཟུང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གིས་པེ་ཅིན་དང་སི་ཁྲོན། བོད་ལྗོངས། མཚོ་སྔོན་སོགས་སུ་དཔའ་བོའི་རྟོགས་པ་བརྗོད་པའི་སྙན་རྩོམ་འདིའི་དྲིལ་སྒྲོག་དང་ཁྱབ་སྤེལ་ཐད་ལ་ཤུགས་ཆེན་པོ་བརྒྱབ་པས་རྒྱལ་སྤྱིའི་ཁས་འཆེས་དང་གདེང་འཇོག་མི་དམན་པ་ཐོབ།།