ཞིང་ཆེན་སྤྱི་པའི་འཕྲོད་བསྟེན་ལྟ་སྐུལ་གྱི་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་མཚོ་ཤར་གྲོང་ཁྱེར་དུ་བཀལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་པའི་འཕྲོད་བསྟེན་ལྟ་སྐུལ་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་སུ་བཀལ་པ་རེད།

ཞིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ལྟ་སྐུལ་གྱི་དངོས་སྦྱོང་རྟེན་གཞི་འཛུགས་དོན་ནི་སྔར་ལས་ལྷག་པའི་སྒོ་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལྟ་སྐུལ་འཇོན་མིའི་གསོ་སྦྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་མི་སྣའི་དངོས་འཐབ་ནུས་པ་དང་ཁྲིམས་འཛིན་ཆུ་ཚད་ཇེ་མཐོར་བཏང་སྟེ་སྤྱི་པའི་འཕྲོད་བསྟེན་སྒྲིག་ལམ་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་འགན་ལེན་བྱ་རྒྱུ་དེ་རེད། དངོས་སྦྱོང་རྟེན་གཞི་དེས་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་ཆེད་ལས་བྱ་བའི་དགོས་མཁོ་གཞིར་བཟུང་བྱ་བའི་ལམ་ལུགས་བཟོ་བ་དང་། སློབ་ཁྲིད་དགེ་རྒན་དོན་འཁྱོལ་བྱེད་པ། དངོས་སྦྱོང་བྱ་ཡུལ་འཐུས་ཚང་དུ་གཏོང་བ། འཛིན་གྲྭ་ཆུང་གྲས་ཀྱིས་སློབ་ཁྲིད་བྱེད་པའི་རྣམ་པ་སྤྱོད་པ། ལྟ་སྐུལ་ཁྲིམས་འཛིན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་། དངོས་ལྗོངས་སློབ་ཁྲིད་བྱེད་པ། ཡུལ་དངོས་སུ་ཁྲིམས་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་དུས་བགོས་ཁག་བགོས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་ལྟ་སྐུལ་པར་གཅིག་སྡུད་ཐོག་གསོ་སྦྱོང་བྱ་རྒྱུ་རེད།

སྒོ་བྱང་བཀལ་རྗེས་ཐེངས་དང་པོའི་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་འདུ་གནས་ཀྱི་ཁྲིམས་འཛིན་དངོས་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་ །ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡི་ཆེད་མཁས8གདན་དྲངས་ཏེ། སློབ་ཁྲིད་བྱས་པ་དང་།མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་འཐབ་ཕྱོགས་དང་པོའི་ལྟ་སྐུལ་བ20དུས་ཡུན་གཟའ་འཁོར་གཅིག་གི་མ་ལག་ཆེད་ལས་དངོས་སྦྱོང་ནང་ཞུགས་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།