མཚོ་སྲིད་གཞུང་ལས་ཐིན〔2021〕ཨང23པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བའི་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བའི་བྱ་བའི་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ3པའི་ཚེས18ཉིན།

མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བའི་བྱ་བའི་ཇུས་གཞི།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་བྲག་ཕུག་དགོན་པ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(རྒྱལ་གཞུང་སྤེལ〔2020〕ཨང41པ)གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་བྱ་བ་སྒྲུབ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་བྲག་ཕུག་དགོན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ད་ལྟ་རང་རེའི་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས་ཇུས་གཞི་འདི་གཏན་ལ་ཕབ་པ་ཡིན།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་དངོས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་སྣེ་ཁྲིད་དུ་བཟུང་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ཏུ་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རིག་དངོས་བྱ་བའི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་ཅིང་། “སྲུང་སྐྱོབ་གཙོ་བོར་བྱེད་པ་དང་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལུགས་མཐུན་གྱིས་བེད་སྤྱོད་པ”བཅས་ཀྱི་རིག་དངོས་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཐབས་ལམ་འཚོལ་ཞིབ་བྱ་དགོས། 2022ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བྲག་ཕུག་དགོན་པའི་ཉེན་ཁ་ཚབས་ཆེན་ཕྱོགས་ཡོངས་ནས་བསལ་ཏེ་སྲུང་སྐྱོབ་བྱས་ཚུལ་མངོན་གསལ་དོད་པོར་ལེགས་བཅོས་བྱུང་ལ། ཞིང་ཆེན་རིམ་པ་ཡན་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁྲོད་ཀྱི་གཙོ་གནད་བྲག་ཕུག་དགོན་པའི་བདེ་སྲུང་སྒྲིག་བཀོད་ཁྱོན་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱུང་བ་དང་། མཐའ་སྐོར་གྱི་ཁོར་ཡུག་བཅོས་སྐྱོང་དང་རྨ་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་ལེགས་སུ་ཕྱིན་ཞིང་། སྲུང་སྐྱོབ་ཁྱབ་ཁོངས་དང་མཚོན་རྟགས་གསལ་བཤད། ཐོ་འགོད་ཡིག་ཚགས། ཆེད་དོན་ལས་ཁུངས་བཅས་ལྡན་པའམ་ཆེད་བསྐོས་མི་སྣས་དོ་དམ་བྱེད་པའི“ལྡན་པ་བཞིའི”བྱ་བ་ཕལ་ཆེར་བསྒྲུབས་ཏེ། སྲུང་སྐྱོབ་དོ་དམ་ལས་ཁུངས་དང་དཔུང་སྡེ་སྔར་བས་འཐུས་སྒོ་ཚང་བར་འགྱུར་ཞིང་། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་སོང་ནས་བྲག་ཕུག་དགོན་པའི་རིག་གནས་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་གཏང་དགོས།

གཉིས། ལས་འགན་གཙོ་བོ།

(གཅིག)བྲག་ཕུག་དགོན་པ་སྲུང་སྐྱོབ་ཀྱི་རྨང་གཞིའི་བྱ་བ་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏང་དགོས། ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ནས། བྲག་ཕུག་དགོན་པའི་རིག་དངོས་ཐོན་ཁུངས་བརྟག་དཔྱད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བྲག་ཕུག་དགོན་པའི་རིག་དངོས་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་གསལ་བོར་རྟོགས་དགོས། བྲག་ཕུག་དགོན་པའི་ཁྲོད་ཀྱི་རིམ་པ་སོ་སོའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི“ལྡན་པ་བཞིའི”བྱ་བར་ཤུགས་བསྣན་ཐོག་བྲག་ཕུག་དགོན་པའི་རིག་དངོས་ངོས་འཛིན་དང་རིམ་པ་གཏན་ཁེལ་བྱ་བ་ལེགས་སྒྲུབ་བྱས་ཏེ། རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་རིམ་པ་ཞིབ་བཤེར་གཏན་འབེབས་བྱས་ནས་ཁྱབ་སྒྲོག་བྱ་དགོས། རིན་ཐང་གལ་ཆེན་ལྡན་པའི་བྲག་ཕུག་དགོན་པའི་ཐོན་ཁུངས་དུས་ཐོག་ཏུ་ཐོར་འགོད་པ་དང་། སྲུང་སྐྱོབ་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ས་དབྱེ་འབྱེད་གཏན་འབེབས་བྱས་ནས་ཁྱབ་སྒྲོག་བྱ་དགོས། བྲག་ཕུག་དགོན་པའི་ཡིག་ཚགས་འཐུས་ཚང་དུ་བཟོ་བ་དང་། སྲུང་སྐྱོབ་མཚོན་རྟགས་རྡོ་རིང་བཙུགས་ཏེ་སྲུང་སྐྱོབ་དོ་དམ་ལས་ཁུངས་ངེས་གསལ་བྱ་དགོས། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འཆར་གཞི་གཏན་འབེབས་དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུབ་སྐྱོབ་སྡེ་ཚན་དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་བྲག་ཕུག་དགོན་པ་སྲུང་སྐྱོབ་འཆར་གཞི་དགོད་དགོས། (འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་རིག་དངོས་ཅུས་ཀྱིས་སྣེ་འཁྲིད་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(གཉིས)བྲག་ཕུག་དགོན་པར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། བྲག་ཕུག་དགོན་པའི་ཆེད་དོན་བརྟག་དཔྱད་བྱས་འབྲས་ལ་གཞིགས་ཤིང་། བྲག་ཕུག་དགོན་པའི་རིག་དངོས་དེ་ཉིད་ཀྱི་མངོན་མེད་རྐྱེན་ངན་དང་མཐའ་སྐོར་གྱི་ཁོར་ཡུག་གི་ཁྱད་པར། དེ་བཞིན་རང་ཤུགས་སུ་གཏོར་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་ལ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏང་དགོས། འབིས་རྣམ་པ་སྣང་མཛད་བྲག་ཕུག་དགོན་པ་དང་ལེགས་ཁོག་བྲག་ངོས་རི་མོ། པེ་ཁྲན་དགོན་པ་སོགས་གཙོ་གནད་བྲག་ཕུག་དགོན་པ་སྐོར་ཞིག་ལ་ཉེན་སེལ་བརྟན་གཏོང་དང་སྲུང་སྐྱོབ་ཉམས་གསོ་སོགས་ལས་གཞི་ལོ་འཁོར་དབྱེ་ནས་ལག་བསྟར་བྱས་ཏེ་ཉེན་ཁ་ཚབས་ཆེན་དུས་ཐོག་ཏུ་བསལ་དགོས། བྲག་ཕུག་དགོན་པར་དུས་རྒྱུན་དུ་བདག་སྐྱོང་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་བྱས་ནས་ལོ་རེར་རིག་དངོས་ཀྱི་བདེ་འཇགས་གནས་ཚུལ་ལ་དཔྱད་དཔོག་ཐེངས་གཅིག་བྱ་དགོས། རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་མེད་པའི་བྲག་ཕུག་དགོན་པར་སྲུང་སྐྱོབ་ཀྱི་གཙོ་གནད་དང་གཞི་རྒྱ་ཁ་གསལ་བཟོ་བ་དང་། བྲག་ཕུག་དགོན་པ་འབྲིང་ཆུང་ཉམས་གསོ་དང་སྲུང་སྐྱོབ་ལས་གྲྭ་རིགས་དབྱེ་ནས་ལག་བསྟར་བྱས་ཏེ། བྲག་ཕུག་དགོན་པར་སྲུང་སྐྱོབ་བྱེད་ནུས་ཕྱོགས་ཡོངས་ནས་ཇེ་ཆེར་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་རིག་དངོས་ཅུས་ཀྱིས་སྣེ་འཁྲིད་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(གསུམ)བྲག་ཕུག་དགོན་པའི་མཐའ་སྐོར་གྱི་ཁོར་ཡུག་བཅོས་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས། ཁོར་ཡུག་བཅོས་སྐྱོང་ལས་གྲྭ་ས་བབ་དང་བསྟུན་པ་དང་རིགས་དབྱེ་ནས་ལག་བསྟར་བྱས་ཏེ་ཕྱི་རོལ་ཁོར་ཡུག་གིས་བྲག་ཕུག་དགོན་པ་དེ་ཉིད་ལ་གནོད་འཚེ་དང་ཤུགས་རྐྱེན་བཟོ་བར་སྔོན་འགོག་གང་ཐུབ་བྱས་ཏེ། སྤྱི་ཡོངས་ཀྱི་རྣམ་པའི་ཆ་ཚང་རང་བཞིན་དང་དངོས་ཡོད་རང་བཞིན་ལ་ཁག་ཐེག་བྱ་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བགྲོད་ལམ་དང་ཆུ་བཤང་། གློག་ཤུགས་དང་མེ་ཟོན། བདེ་ཟོན། ཐོག་འགོག་སོགས་ཀྱི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ། སྲུང་སྐྱོབ་ས་ཁོངས་ནང་གི་རིག་དངོས་དང་སྐྱེ་ཁམས་བདེ་འཇགས་ལ་ནུས་ལྡན་གྱིས་འགོག་ཟོན་བྱ་དགོས། བྲག་ཕུག་དགོན་པའི་སྒོ་འབྱེད་པའི་འགྲེམ་སྟོན་མཚོན་རྟགས་གསལ་བཤད་མ་ལག་དང་ཡུལ་སྐོར་བར་ཞབས་ཕྱི་སྒྲུབ་པའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་འགྲེམ་སྟོན་དང་བེད་སྤྱོད་བྱེད་པར་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱ་དགོས།(འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཞི)བྲག་ཕུག་དགོན་པ་ཚན་རིག་ལྟར་སྲུང་སྐྱོབ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། བྲག་ཕུག་དགོན་པ་སྲུང་སྐྱོབ་ཐད་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་ཞིབ། རིག་གནས་དངོས་མང་སྟོན་ཚོགས་ལས་ཁུངས་བཅས་ཀྱིས་བྲག་ཕུག་དགོན་པའི་གནོད་སྐྱོན་ལ་ཞིབ་དཔྱད་ཚད་ལེན་དང་བྲག་ཕུག་གི་བརྟན་བརླིང་རང་བཞིན་ལ་ཞིབ་དཔྱད་ཚད་ལེན་དང་དཔྱད་དཔོག ལྡེབས་རིས་དང་རྡོ་བརྐོས་སྲུང་སྐྱོབ་ཉམས་གསོའི་རྒྱུ་ཆ་གསར་བ། མི་མེད་རིག་ལྡན་ལྟ་སྐུལ་ཚོད་འཛིན། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་སོགས་འགག་རྩའི་སྲུང་སྐྱོབ་ལག་རྩལ་འགག་སྒྲོལ་བྱེད་པར་སྐུལ་ལྕག་བཏང་ནས་བྲག་ཕུག་དགོན་པ་ཚན་རིག་ལྟར་སྲུང་སྐྱོབ་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཇེ་མཐོར་གཏང་དགོས། ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་ཚན་རྩལ་གྱིས་སྲུང་སྐྱོབ་བྱེད་ཐད་མཉམ་ལས་བྱས་ཏེ། རིག་དངོས་བདེ་འཇགས་འགོག་སྲུང་དང་རིག་དངོས་ལྟ་ཞིབ་ཚད་ལེན། རིག་དངོས་ཉམས་གསོ། རིག་དངོས་འགྲེམ་སྟོན་སོགས་ཚན་རྩལ་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་གཏང་དགོས། ཏུའུ་ལན་དང་ཁྲི་ཀ་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིར་བརྟེན་ནས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་བྱས་ཏེ། ཞིང་ཆེན་ནང་གི་འབྲེལ་ཡོད་རིག་གནས་དངོས་མང་སྟོན་ཚོགས་ལས་ཁུངས་ལ་སྐུལ་ལྕག་བཏང་བ་དང་རྒྱལ་ཁབ་ནང་གི་རིག་གནས་དངོས་མང་སྟོན་ཚོགས་དང་མཐོ་རིམ་སློབ་གྲྭ་ཆེན་མོ། ཚན་ཞིབ་སྡེ་ཚན་བཅས་དང་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་དང་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ཧུར་ཐག་གིས་ཡིག་ཐོག་སྙན་ཞུ་དབུལ་དགོས། ཡུལ་སྐོར་གསར་སྤེལ་བྱེད་པ་དང་དུས་མཚུངས་སུ། ཕྱོགས་གཉིས་དོ་དམ་བྱེད་སྟངས་བེད་སྤྱོད་བྱས་ཏེ་མིས་འགོག་སྲུང་དང་ལག་རྩལ་གྱིས་འགོག་སྲུང་བྱེད་པ་སོགས་ཀྱི་རྩལ་ནུས་ཇེ་ཆེར་གཏང་དགོས།

(འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་ཚན་རྩལ་ཐིན་གྱིས་སྣེ་འཁྲིད་པ་དང་། ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(ལྔ)བྲག་ཕུག་དགོན་པའི་བདེ་འཇགས་ཡུན་ཕན་རྐྱེན་སྲོལ་གཟུག་དགོས། བྲག་ཕུག་དགོན་པའི་རིག་དངོས་བདེ་འཇགས་དོགས་ཟོན་བྱ་བ་དེ་ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་མ་ལག་ནང་གཞུག་པར་མ་ཟད། ས་གནས་སྲིད་གཞུང་གི་ལོ་འཁོར་དཔྱད་ཞིབ་གདེང་འཇོག་མ་ལག་ནང་གཞུག་དགོས། རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་ལྟར་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཁུར་ནས་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཚན་དང་འགན་འཁྲི་འཁུར་མཁན་ངེས་གསལ་བྱ་དགོས། བྲག་ཕུག་དགོན་པ་སྲུང་སྐྱོབ་སྡེ་ཚན་གྱི་བདེ་འཇགས་འགན་འཁྲིའི་གསལ་ཐོ་འཛུགས་པ་དང་། རིག་དངོས་གྱོད་གཞི་དང་བདེ་འཇགས་ལས་འཛོལ་གྱི་འགན་འཁྲི་བདའ་འདེད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རིག་དངོས་ཉེས་གསོག་ལ་མཉམ་འབྲེལ་གྱིས་རྡུང་རྡེག་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རིག་དངོས་ལྟ་ཞིབ་སྟོབས་ཤུགས་ལ་ཤུགས་བསྣན་ནས་བདེ་འཇགས་གནས་བབ་ཛ་དྲག་ཆེ་བའི་གཙོ་གནད་ས་ཁོངས་ལ་ཆེད་དོན་ལྟ་ཞིབ་བྱ་དགོས། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས)བཅས་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་སྡེའི་རིག་དངོས་སྲིད་འཛིན་ཁྲིམས་འཛིན་འགན་འཁྲི་དོན་འཁྱོལ་བྱས་ནས་བྲག་ཕུག་དགོན་པའི་གནོད་འགོག་གནོད་སྙུང་བྱ་བ་ལེགས་པོར་སྒྲུབ་པ་དང་། ཐོལ་བྱུང་དོན་རྐྱེན་འཚུབ་ཟློག་ཐག་གཅོད་བྱེད་ནུས་ཇེ་ཆེར་གཏང་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ལོ་རེར་བྲག་ཕུག་དགོན་པའི་རིག་དངོས་བརྐུས་ཁྱེར་དང་བཅད་ཁྱེར་གྱི་ཉེས་གསོག་གཙོ་གནད་བྱས་པའི་ཞིང་ཆེན་ཡོངས་ནས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་ཐེངས་གཅིག་སྤེལ་དགོས། བྲག་ཕུག་དགོན་པར་སྒྲིག་འགལ་གྱིས་ཚོན་བྱུག་པ་དང་རི་མོ་འབྲི་བ། སྤོས་བདུག་པ། མཆོད་མེ་སྦར་བའི་ཆེད་དོན་བཅོས་སྒྲིག་བྱ་བ་སྤེལ་དགོས།(འགན་འཁུར་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་སྣེ་འཁྲིད་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རིག་དངོས་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(དྲུག)བྲག་ཕུག་དགོན་པར་ཞིབ་འཇུག་དང་འགྲེམ་སྟོན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱིས་ཁྱབ་སྒྲོག་བྱས་པའི་བྲག་ཕུག་དགོན་པའི་སྒོ་འབྱེད་པ་དང་དོ་དམ་བྱེད་པའི་ལམ་སྟོན་སྒྲིག་སྲོལ་ལག་བསྟར་ནན་པོ་བྱས་པ་དང་བྲག་ཕུག་དགོན་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་སྒོ་འབྱེད་འཆར་གཞི་གཏན་འབེབས་བྱས་ཏེ། ཡུལ་སྐོར་གྱི་སྒོ་འབྱེད་ཚད་ལྡན་ཚད་གཞིར་ལོན་པའི་བྲག་ཕུག་དགོན་པ་དེ་མཛེས་ལྗོངས་ཁུལ(གནས)གྱི་སྒོ་འབྱེད་ཁྱབ་ཁོངས་ནང་བཅུག་ནས། ཞིབ་བཤེར་གཏན་འབེབས་དང་ཁྱབ་སྒྲོག་བྱས་པའི་ཡུལ་སྐོར་བ་ཤོང་ཚད་དོན་འཁྱོལ་ནན་པོ་བྱས་ཐོག་ཡུལ་སྐོར་བའི་མི་གྲངས་ཚན་རིག་དང་མཐུན་པའི་ངང་སྙོམ་སྒྲིག་བྱ་དགོས། བྲག་ཕུག་དགོན་པའི་ཡུལ་སྐོར་སྤུས་རྟགས་མགྱོགས་མྱུར་གྱིས་སྐྱེད་སྲིང་བྱས་ནས་མཉམ་འགུལ་སྤེལ་རེས་དང་ཉམས་ལེན་ཟབ་མོའི་ཁྱད་ཆོས་ལྡན་པའི་བྲག་ཕུག་དགོན་པར་ཡུལ་སྐོར་དང་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་ཆགས་པར་བྱས་ཏེ། བྲག་ཕུག་དགོན་པའི་རིན་ཐང་སྔོག་འདོན་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ནས། བྲག་ཕུག་དགོན་པའི་རིག་གནས་ལ་སྐྱེ་སྟོབས་སྔར་བས་ཆེ་བ་དང་བྲག་ཕུག་དགོན་པའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་ཡོང་བར་བྱ་དགོས། སྒོ་འབྱེད་པའི་ཆ་རྐྱེན་མི་འཛོམས་པའི་བྲག་ཕུག་དགོན་པར་འབྲེལ་ཡོད་མཚོན་རྟགས་འཛུགས་པ་དང་ངོ་སྤྲོད་བྱ་དགོས། དངོས་སུ་བཏོན་པའི་བྲག་ཕུག་དགོན་པའི་གཞི་གྲངས་འཚོལ་སྡུད་དང་ལས་སྣོན། གསོག་ཉར། དོ་དམ་སོགས་ཐད་ཀྱི་ཚད་ལྡན་ཚད་གཞི་ལྟར། བྲག་ཕུག་དགོན་པའི་ལྡེབས་རིས་དང་འཇིམ་སྐུ། བརྐོས་བརྙན། བྲག་ཕུག བྲག་བརྐོས་རི་མོ་སོགས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་དང་འགྲེམ་སྟོན་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་ཞིང་། དྲ་ཐོག་ཏུ་བྲག་ཕུག་དགོན་པའི་གྲངས་འཛིན་ཅན་གྱི་འགྲེམ་སྟོན་བྱ་བ་སྤེལ་ཏེ་བྲག་ཕུག་དགོན་པའི་རིག་དངོས་ཐོན་ཁུངས་ཀྱི་ཆ་འཕྲིན་མཉམ་དུ་སྤྱོད་པར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྣེ་འཁྲིད་པ་དང་། ཞིང་ཆེན་རིག་དངོས་ཅུས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བདུན)བྲག་ཕུག་དགོན་པའི་རིག་དངོས་དྲིལ་སྒྲོག་སློབ་གསོ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏང་དགོས། བྲག་ཕུག་དགོན་པའི་རིག་དངོས་དོ་དམ་ལས་ཁུངས་དང་རྟེན་རྫས་བཤམས་མཛོད་ཁང་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་སྤེལ་རེས་ལས་སྟེགས་འཛུགས་ཤིང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག དྲིལ་སྒྲོག་འོས་སྦྱོར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་དགོས། རིག་གནས་དངོས་མང་སྟོན་ཚོགས་སྡེ་ཚན་གྱིས་མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་ཞིབ་ཁང་། མཐོ་གསར་ལག་རྩལ་ཁེ་ལས་བཅས་དང་མཉམ་ལས་བྱེད་པར་སྐུལ་ལྕག་བཏང་ནས། ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ་བྲག་ཕུག་དགོན་པ་འགྲེམ་སྟོན་དང་བེད་སྤྱོད་བྱེད་ཐད་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏང་དགོས། རིག་གནས་དངོས་མང་སྟོན་ཚོགས་སྡེ་ཚན་གྱིས་བྲག་ཕུག་དགོན་པ་སྲུང་སྐྱོབ་ཉམས་གསོ་དང་། གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག འགྲེམ་སྟོན་ཇུས་འགོད། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ཀྱི་རྣམ་གྲངས་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་དགོན་པའི་རིག་གནས་ ཤུགས་རྐྱེན་ཇེ་ཆེར་གཏང་དགོས། ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་གཞི་ནི་བརྗོད་བྱ་གཙོ་བོ་ཡིན་པའི་རིག་རྩལ་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་བྱེད་པར་ཁྲིད་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། བྲག་ཕུག་དགོན་པའི་བརྗོད་གཞི་ཡིན་པའི་རིག་གནས་བརྩམས་ཆོས་སྤུས་དག་སྐོར་ཞིག་གདོན་དགོས། བྲག་ཕུག་དགོན་པའི་གཏམ་རྒྱུད་ཀྱི་བརྙན་ཟློས་ཐུང་བ་དང་། བརྙན་ཐུང་། དངོས་ཟིན་གློག་བརྙན་བཅས་བཟོས་ཐོག་“སྦྲེལ་དྲ+”དང“ཚན་རྩལ་+”སོགས་ཀྱི་རྣམ་པ་སྤྱད་དེ་བྲག་ཕུག་དགོན་པར་ཡུལ་ལྗོངས་ཧྲིལ་པོ་དང་ལངས་གཟུགས་རྣམ་པ། རྒྱུན་སྲིང་རྣམ་པ་བཅས་ཀྱིས་དྲིལ་སྒྲོག་འགྲེམ་སྟོན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོ། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་ཁྲོད་བྲག་ཕུག་དགོན་པའི་རིག་དངོས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

གསུམ། འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ནན་ཏན་སྒོས་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་སྲུང་སྐྱོབ་ཀྱི་འགན་འཁྲི་ངེས་གསལ་བྱ་དགོས། བྲག་ཕུག་དགོན་པ་གནས་སའི་མི་དམངས་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་འཁུར་བ་དང་། བྲག་ཕུག་དགོན་པ་སྲུང་སྐྱོབ་ཀྱི་དོ་དམ་འགན་འཁྲི་ཞིབ་ཕྲ་དོན་འཁྱོལ་བྱ་དགོས། ཞིང་ཆེན་རིག་དངོས་ཅུས་ཀྱིས་ལས་རིགས་ཀྱི་མཛུབ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བྲག་ཕུག་དགོན་པ་སྲུང་སྐྱོབ་དོ་དམ་དང་ལྟ་སྐུལ་དོ་དམ་བྱེད་པར་ལྟ་སྐུལ་སློབ་སྟོན་བྱ་དགོས།

སྡེ་ཁག་མང་པོའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཐོག་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཏེ། གཅིག་གྱུར་དང་ཁ་འགྲེམ་ཟུང་འབྲེལ་དང་སྤྱི་ཡོངས་མཉམ་འགུལ་གྱི་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་ཅིང་། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་སྲིད་ཇུས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ལ་ཕན་པའི་ཡུན་ཕན་རྐྱེན་སྲོལ་གཟུག་དགོས།

(གཉིས)གྲོན་དངུལ་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དགོས་མཁོར་གཞིགས་ཏེ་སྲུང་སྐྱོབ་དང་བེད་སྤྱོད་ཐད་ནོར་སྲིད་ཀྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་བཅུག་སྟེ་ནོར་སྲིད་ཀྱི་འགྲོ་གྲོན་རྒྱབ་སྐྱོར་ལ་ཤུགས་སྣོན་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཁྲོད་བརྟག་དཔྱད་མཐིལ་རྟོགས་དང་རིག་དངོས་དེ་ཉིད་ཉམས་གསོ། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་། སྲུང་སྐྱོང་རང་བཞིན་གྱི་སྒྲིག་བཀོད་འཛུགས་སྐྲུན། འགྲེམ་སྟོན་བཤམས་སྟོན། གློག་བརྙན་དང་བརྙན་འཕྲིན་བཟོ་བ། དཔེ་སྐྲུན་དངོས་པོ་པར་སྐྲུན་སོགས་ཀྱི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་དགོས། སྔོན་རྩིས་དང་མ་དངུལ་བེད་སྤྱོད་བྱེད་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རྣམ་གྲངས་ཀྱི་ཕན་འབྲས་སྔོན་རྩིས་དོ་དམ་དང་དཔྱད་ཞིབ་གདེང་འཇོག་ལ་ཤུགས་བསྣན་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཇེ་ཆེར་གཏང་དགོས། དེ་དང་ཆབས་ཅིག་ཏུ་བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་ཐད་སྤྱི་ཚོགས་ཀྱི་མ་དངུལ་གཏོང་བའི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་རྒྱ་བསྐྱེད་དགོས།

(གསུམ)ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏང་དགོས། བྲག་ཕུག་དགོན་པ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བ་སྒྲུབ་ཚུལ་ལ་ལྟ་ཞིབ་དང་དཔྱད་དཔོག་བྱེད་པའི་རྐྱེན་སྲོལ་བཙུགས་ནས་རིམ་པར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འགན་དབང་ངེས་གསལ་དང་བྱ་སྤྱོད་ཚད་ལྡན། འཁོར་སྐྱོད་ནུས་ཆེ། ལྟ་སྐུལ་ནུས་ལྡན་བཅས་ཀྱི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་གཟུག་དགོས། སྐུལ་འདེད་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ཐོག་བྲག་ཕུག་དགོན་པའི་སྲུང་སྐྱོབ་བེད་སྤྱོད་བྱས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ཏེ། རིག་དངོས་ཀྱི་ཁྲིམས་འགལ་གྱོད་གཞི་དང་རིག་དངོས་བདེ་འཇགས་ལས་འཛོལ་ཚབས་ཆེན་ལ་དུས་ཐོག་ཏུ་བརྟག་དཔྱད་དང་སྒྲུབ་པར་ལྟ་སྐུལ་བྱས་ནས་ཐག་གཅོད་ནན་པོ་བྱ་དགོས། ས་ཁུལ་སོ་སོས་ཇུས་གཞི་འདིའི་བླང་བྱ་ལྟར་དོན་དངོས་དང་སྦྲེལ་ཏེ་ལས་འགན་ཁག་བགོས་ཞིབ་ཕྲ་བྱེད་པ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་ཞིང་ཆེན་རིག་དངོས་ཅུས་ཀྱིས་ས་ཁུལ་སོ་སོའི་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་རྗེས་སྙེག་དཔྱད་དཔོག་བྱེད་ཤུགས་ཇེ་ཆེར་བཏང་ནས་གནད་དོན་ཚབས་ཆེན་ཞིང་ཆེན་སྲིད་གཞུང་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།