མཚོ་སྲིད་གཞུང་ལས་ཐིན[2021]ཨང17པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ནང་འདྲེན་བྱེད་པའི་འབྲུ་རིགས་ཀྱི་བདེ་འཇགས་ཉེན་ཁ་འགོག་སྡོམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲུ་རིགས་བདེ་འཇགས་ལ་ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ》(རྒྱལ་སྤེལ[2014]ཨང69བ)ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ནང་འདྲེན་བྱེད་པའི་འབྲུ་རིགས་ཀྱི་བདེ་འཇགས་ཉེན་ཁ་ཚབས་ཆེན་འགོག་སྡོམ་དང་དོ་དམ་བྱེད་པར་སྔར་བས་ཤུགས་བསྣན་ཏེ་ནང་འདྲེན་བྱས་པའི་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ཡིན་པ་ཁག་ཐེག་བྱེད་ཆེད། ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་བརྒྱུད་དེ་འདིར་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག རིམ་པ་སོ་སོའི་འགན་འཁྲི་ངེས་པ་དོན་གྱིས་ལག་བསྟར་དགོས། འབྲུ་རིགས་བདེ་འཇགས་ལ་ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ཀྱི་འབྲེལ་ཡོད་བླང་བྱ་ལྟར། གྲོང་ཁྱེར་རམ་ཁུལ་སོ་སོའི་སྲིད་གཞུང་གིས་ས་ཁུལ་དེ་གའི་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ངེས་པ་དོན་གྱིས་འཁུར་ནས་ནང་འདྲེན་བྱེད་པའི་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་སྤྱིའི་འགན་འཁུར་དགོས། ནང་འདྲེན་བྱས་པའི་འབྲུ་རིགས་གཉེར་སྐྱོང་སྡེ་ཚན་དང་ནང་འདྲེན་བྱེད་མཁན་ཚོང་བ། ནང་འདྲེན་བྱས་པའི་འབྲུ་རིགས་ལས་སྣོན(གསོག་ཉར)ཁེ་ལས་བཅས་ཀྱིས་ནང་འདྲེན་བྱེད་པའི་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་ཉེན་ཁ་འགོག་སྡོམ་བྱེད་འགན་གཙོ་བོ་འཁུར་བ་དང་། འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ཚོད་འཛིན་མ་ལག་དང་རིམས་བབ་འགོག་སྡོམ་མ་ལག་བཙུགས་ནས་ཁྲིམས་ལྟར་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་དགོས་ལ། ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས། རྒྱལ་མཚམས་འགག་སྒོ་སྡེ་ཁག་གིས་ནང་འདྲེན་བྱས་པའི་འབྲུ་རིགས་ལ་ཞིབ་བཤེར་དང་རིམས་ནད་བརྟག་བཤེར། ལྟ་སྐུལ་དོ་དམ་བཅས་བྱེད་པའི་འགན་འཁུར་བ་དང་། མངའ་ཁུལ་གྱི་གཉེར་སྐྱོང་སྡེ་ཚན་དང་ནང་འདྲེན་བྱེད་མཁན་ཚོང་བ། ལས་སྣོན(གསོག་ཉར)ཁེ་ལས་བཅས་ཀྱིས་རིམས་བབ་འགོག་སྡོམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་བསྐུལ་དགོས་པར་མ་ཟད། ཕྱི་ཡོང་གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་ལས་ཞིང་སྡེ་སྡེ་ཁག་གིས་འབྲེལ་ཡོད་ཁེ་ལས་ལ་ནང་འདྲེན་བྱས་པའི་ཞིང་ལས་ཀྱི་གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་ལེགས་པོར་སྒྲུབ་པར་སྐུལ་བའི་འགན་འཁུར་བ་དང་། གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་གྱི་བྱ་བ་ལེགས་པོར་སྒྲུབ་པར་གཞོགས་འདེགས་བྱ་དགོས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲོམ་རའི་འཁོར་རྒྱུག་ཁྱབ་ཁོངས་སུ་ནང་འདྲེན་བྱས་པའི་འབྲུ་རིགས་དང་དེའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་པར་མ་ཟད། འཐེན་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་བྱ་བ་བསྒྲུབ་དགོས། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་ནང་འདྲེན་བྱེད་པའི་འབྲུ་རིགས་བགོ་བཤའི་བཅད་འབོར་ལ་དོ་དམ་བྱེད་པར་གཞོགས་འདེགས་ཡག་པོ་བྱ་དགོས་པ་དང་། འབྲུ་རིགས་སྡེ་ཁག་གིས་གསོག་ཉར་ཁེ་ལས་ཀྱི་འབྲེལ་ཡོད་འོས་ཐོབ་དོ་དམ་ཡག་པོ་བྱེད་པ་དང་གསོག་ཉར་ཁེ་ལས་ལ་རིམས་བབ་འགོག་སྡོམ་བྱ་བ་ཡག་པོ་བསྒྲུབ་རྒྱུར་སྐུལ་མ་གཏང་དགོས།

གཉིས། ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་བྱེད་པར་ཤུགས་བསྣན་དགོས། རྒྱལ་མཚམས་འགག་སྒོ་སྡེ་ཁག་གིས་གྲུ་ཁའི་ཞིབ་བཤེར་དང་རིམས་ནད་བརྟག་བཤེར། ཕྱི་ཡོང་གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་སོགས་བྱས་པའི་གནས་ཚུལ་གཞིར་བཟུང་སྟེ། འབྲེལ་ཡོད་སྡེ་ཁག་ལ་འབྲུ་རིགས་ནང་འདྲེན་བྱེད་པའི་འབྲེལ་ཡོད་བདེ་འཇགས་ཉེན་ཁའི་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་གཏང་དགོས། ཞིང་ལས་ཞིང་སྡེ་སྡེ་ཁག་གིས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་ཁྲོད་ཁྲིམས་དང་མི་མཐུན་པའི་གཞི་རྒྱུ་སྒྱུར་བ་དང་ཕྱི་ཡོང་གནོད་ལྡན་སྐྱེ་དངོས་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་འཐེན་བཤེར་དང་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་ཁྲོད་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དག་ལ་ཁུངས་དེད་པ་བརྒྱུད་དེ། ནང་འདྲེན་བྱས་པའི་འབྲུ་རིགས་དང་འབྲེལ་བ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་རྒྱལ་མཚམས་འགོག་སྒོ་སྡེ་ཁག་ལ་བརྡ་ཁྱབ་གཏང་དགོས། འབྲུ་རིགས་སྡེ་ཁག་གིས་གསོག་འབྲུ་རིན་གོང་གང་མཐོར་འཚོང་བའི་ཁེ་ལས་དང་བཙོང་ཡུལ་ཁེ་ལས་ལ་རྒྱལ་མཚམས་འགག་སྒོ་རུ་ཐོར་འགོད་པའི་འོས་ཐོབ་ཡོད་མེད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་རམ་འདེགས་བྱ་དགོས།

གསུམ། གཟབ་ནན་གྱིས་གཏོང་འདྲེན་དང་དོ་དམ་དང་གཉེར་སྐྱོང་བྱ་དགོས། ནང་འདྲེན་བྱས་པའི་འབྲུ་རིགས་གསོག་ཉར་ཁེ་ལས་དེ་འབྲུ་རིགས་སྡེ་ཁག་གིས་ཞིབ་བཤེར་གཏན་ཁེལ་བྱ་དགོས་པར་མ་ཟད། རྒྱལ་མཚམས་འགག་སྒོ་རུ་སྙན་སེང་ཐོ་འགོད་བྱ་དགོས། སྤྱི་ཚོགས་ཁེ་ལས་ལ་ཚབ་ཉར་བྱ་རྒྱུ་མངགས་བཅོལ་བྱ་དགོས་ཚེ། ཚབ་ཉར་ཁེ་ལས་ཀྱིས་འབྲུ་རིགས་སྡེ་ཁག་གིས་ཚབ་ཉར་བྱ་རྒྱུ་མངགས་བཅོལ་བྱས་པའི་བདེན་དཔང་ཡིག་ཆར་བརྟེན་ནས་རྒྱལ་མཚམས་འགག་སྒོ་རུ་སྙན་སེང་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས། ནང་འདྲེན་བྱས་པའི་འབྲུ་རིགས་དག་གཟབ་ནན་སྒོས《རྒྱལ་མཚམས་ནང་དུ་འདྲེན་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིམས་ནད་བརྟག་བཤེར་འཁྲོལ་འཛིན》གྱི་བླང་བྱ་ལྟར་དམིགས་བཙུགས་ཁེ་ལས་སུ་གཏོང་འདྲེན་བྱས་ནས་ལས་སྣོན་དང་གསོག་ཉར་བྱེད་པ་ལས། རྒྱལ་མཚམས་འགག་སྒོ་རུ་སྙན་སེང་ཐོ་འགོད་བྱེད་པའི་འོས་ཐོབ་མེད་པའི་ལས་སྣོན་ཁེ་ལས་སུ་གཏོང་འདྲེན་བྱ་རྒྱུ་གཏན་འགོག་བྱ་དགོས། ནང་འདྲེན་བྱས་པའི་འབྲུ་རིགས་དག་ཐད་ཀར་ཁྲོམ་རའི་འཁོར་རྒྱུག་ཁྱབ་ཁོངས་སུ་འཇུག་མི་ཆོག ནང་འདྲེན་བྱས་པའི་འབྲུ་རིགས་གཏོང་འདྲེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བདེ་འཇགས་འགོག་སྲུང་བྱེད་ཐབས་ནུས་ལྡན་སྤྱད་དགོས་པ་དང་། ཟོང་འཁོར་གྱི་འཁོར་སྒམ་དེ་གཙང་ཞིང་སྐམ་པོ་ཡིན་པ་དང་དྲི་ངན་མེད་པ། དུག་ལྡན་གནོད་ལྡན་དངོས་རྫས་ཀྱི་སྦགས་བཙོག་ཐེབས་མེད་པ་མ་ཟད། ཁ་དམ་པོར་འགོག་ནུས་ལྡན་པ་ཞིག་ཡིན་དགོས་ལ། སྐྱེལ་འདྲེན་གྱི་ལམ་བར་དུ་འབྲུ་ལྡོག་གཏོར་བ་དང་རིམས་ནད་མཆེད་པ། རྐུ་འཕྲོག་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་བར་གཡོལ་ཐབས་བྱ་དགོས། ནང་འདྲེན་བྱེད་མཁན་ཚོང་བ་དང་ཉར་མཛོད་དམ་དམིགས་བཙུགས་ལས་སྣོན་ཁེ་ལས་ཀྱིས་སྔ་སྣུར་དུ་རྒྱལ་མཚམས་ནང་ཡོང་སའི་གྲུ་ཁ་དང་སྐྱེལ་འདྲེན་བྱ་ཡུལ་གྱི་འགག་སྒོ་ལས་ཁུངས་ལ་བརྒྱུད་འདྲེན་བྱེད་སྟངས་དང་སྐྱེལ་འདྲེན་ལམ་ཕྱོགས། སྐྱེལ་འདྲེན་ཡོ་བྱད་བཅས་ཡིག་ཐོག་ནས་སྙན་སེང་ཞུ་དགོས་པ་དང་། ལམ་བར་དུ་སྐྱེལ་འདྲེན་ཡོ་བྱད་བརྗེ་དགོས་ཚེ་ངེས་པར་དུ་སྔོན་ལ་སྙན་སེང་ཞུ་དགོས་པར་མ་ཟད། ས་གནས་དེ་གའི་རྒྱལ་མཚམས་འགག་སྒོར་འབྲེལ་གཏུག་བྱས་ནས་ལྟ་སྐུལ་དོ་དམ་བྱེད་དུ་འཇུག་དགོས། ནང་འདྲེན་བྱས་པའི་གསོག་འབྲུ་རིན་གོང་གང་མཐོར་མ་བཙོང་སྔོན་ལ་གསོག་ཉར་ཁེ་ལས་ཀྱིས་རྡེག་རྩོད་ནང་ཞུགས་མཁན་ལས་སྣོན་ཁེ་ལས་ཀྱི་འོས་ཐོབ་ལ་ཞིབ་བཤེར་བྱ་དགོས་པ་དང་། ནང་འདྲེན་བྱས་པའི་གསོག་འབྲུ་ལས་སྣོན་བྱེད་པར་ཞིབ་དཔྱད་དང་རིམས་ནད་བརྟག་བཤེར་གྱི་འོས་ཐོབ་ལ་ཁས་ལེན་མ་ཐོབ་པའི་ཁེ་ལས་དག་རྡེག་རྩོད་ནང་ཞུགས་མི་ཆོག

བཞི། བདེ་འཇགས་ཉེན་ཁ་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏང་དགོས། ནང་འདྲེན་བྱས་པའི་འབྲུ་རིགས་ལས་སྣོན(གསོག་ཉར)ཁེ་ལས་ཀྱིས་རིམས་འགོག་བྱེད་པོའི་འགན་འཁྲི་ངེས་གསལ་བྱས་ནས་རིམས་འགོག་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ནང་འདྲེན་བྱས་པའི་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ལམ་ལུགས་དང་རིམས་བབ་འགོག་སྡོམ་ལམ་ལུགས། ཞིང་ལས་ཀྱི་གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་ཁྱབ་པ་སྔོན་འགོག་བྱེད་པའི་འཚུབ་ཟློག་ལམ་ལུགས་སོགས་འདུས་པའི་ནུས་ལྡན་གྱི་ཉེན་ཁ་འགོག་སྡོམ་ལམ་ལུགས་གཟུག་དགོས་པ་དང་། ནང་འདྲེན་བྱས་པའི་འབྲུ་རིགས་འབོག་ལེན་དང་སྐྱེལ་འདྲེན། མཛོད་དུ་འཇུག་པ། མཛོད་ནས་འདོན་པ། མཛོད་ཉར། ལས་སྣོན། སྙིགས་རོ་འདོར་སེལ། རིམས་ནད་ལྟ་ཞིབ་ཚད་ལེན་དང་འགོག་སེལ་སོགས་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་ཉེན་ཁ་འགོག་སྡོམ་དང་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏང་དགོས་པར་མ་ཟད་རྩ་འཛུགས་བྱས་ནས་ལག་བསྟར་ནུས་ལྡན་བྱ་དགོས།

ལྔ། བདེ་འཇགས་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པ་རྩ་འཛུགས་བྱ་དགོས། གྲུ་ཁ་གཉེར་སྐྱོང་སྡེ་ཚན་དང་ལས་སྣོན(གསོག་ཉར)ཁེ་ལས། འབྲུ་རིགས་བརྗེ་ཁང་གཉེར་སྐྱོང་སྡེ་ཚན་བཅས་ཀྱིས་རིམས་བབ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་འཆར་གཞི་གཞིར་བཟུང་སྟེ། ཉུང་མཐའ་ཡང་དུས་ཚིགས་རེར་གྲུ་ཁ་དང་ལས་སྣོན(གསོག་ཉར)ཁེ་ལས་དང་དེའི་མཐའ་འཁོར་དུ་ཕྱི་ཡོང་གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་ཐེངས་ཤིག་བྱ་དགོས་པར་མ་ཟད། ལྟ་ཞིབ་ཚད་ལེན་བྱས་འབྲས་དེ་ས་གནས་དེ་གའི་རྒྱལ་མཚམས་འགག་སྒོ་དང་ཞིང་ལས་ཞིང་སྡེ། འབྲུ་རིགས་སྡེ་ཁག་བཅས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། གལ་ཏེ་ཕྱི་ཡོང་རྩྭ་ལྡུམ་སོགས་གནོད་ལྡན་སྐྱེ་དངོས་དང་ཞིང་ལས་ཀྱི་གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་ཀྱི་སྡོང་རྐང་། ནང་འདྲེན་བྱས་པའི་འབྲུ་རིགས་འབུས་པའི་མྱུ་གུ་ཡོད་པ་ཤེས་རྟོགས་བྱུང་ཚེ། ས་གནས་དེ་གའི་རྒྱལ་མཚམས་འགག་སྒོ་སོགས་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་འབྲེལ་ཡོད་ཁེ་ལས་རྩ་འཛུགས་བྱས་ནས་ནུས་ལྡན་གྱི་འགོག་སེལ་བྱེད་ཐབས་སྤྱད་དགོས། རྒྱལ་མཚམས་འགག་སྒོ་སྡེ་ཁག་གིས་དམིགས་བཙུགས་འབྲུ་རིགས་ལྟ་སྐུལ་དོ་དམ་བྱེད་ས་དང་ཉར་མཛོད། ལས་སྣོན་བཟོ་གྲྭའི་ཉེ་འཁོར་ས་ཁུལ། སྐྱེལ་འདྲེན་ལམ་རྒྱུད་ཀྱི་འབྲུ་རིགས་བརྗེ་འདྲེན་དང་ཐུམ་བརྗེ་བ་སོགས་གཏོར་སླ་བའི་ས་ཆ་སོགས་སུ་རྩྭ་ལྡུམ་སོགས་ལ་རིམས་ནད་བརྟག་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱ་དགོས། རིམས་ནད་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་འབྲེལ་ཡོད་ཁེ་ལས་རྩ་འཛུགས་བྱས་ནས་འཚུབ་ཟློག་ཐག་གཅོད་བྱ་དགོས་པར་མ་ཟད། རིམས་ནད་ཀྱི་འབྱུང་ཁུངས་ལ་དབྱེ་ཞིབ་བྱས་ཏེ་ཁེ་ལས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་དམ་འཛིན་གྱིས་དག་ཐེར་བྱེད་པར་ཁྲིད་སྟོན་བྱ་དགོས།

དྲུག བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་དོ་དམ་མ་ལག་གཟུག་དགོས། ནང་འདྲེན་བྱེད་མཁན་ཚོང་བ་དང་ལས་སྣོན(གསོག་ཉར)ཁེ་ལས་ཀྱིས་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པའི་བླང་བྱ་ལྟར། འབྲུ་རིགས་ནང་འདྲེན་བྱེད་པར་ཞིབ་བཤེར་མཆོག་མཆན་འགོད་པ་དང་། གྲུ་ཁ་ནས་རྒྱལ་མཚམས་ནང་དུ་འདྲེན་པར་ཡིག་ཐོག་ནས་སྙན་སེང་ཞུ་བ། འབྲུ་རིགས་འབོག་ལེན། སྐྱེལ་འདྲེན། མཛོད་དུ་འཇུག་པ། མཛོད་ཉར། ལས་སྣོན། སྙིགས་རོ་འདོར་སེལ། རིམས་ནད་ལྟ་ཞིབ་ཚད་ལེན་དང་འགོག་སེལ་སོགས་ལྷུ་ཚིགས་ཡོངས་ཀྱི་རྩིས་ཐོ་བཟོས་ཏེ་ཇི་མ་ཇི་བཞིན་དང་ཡང་དག་པའི་སྒོ་ནས་ཐོར་བཀོད་དེ་ཁུངས་འདེད་ཐུབ་པ་དང་ཞིབ་བཤེར་ཐུབ་པ། དཔྱད་ཞིབ་ཐུབ་པ་བཅས་བྱས་ནས་བདེ་འཇགས་ཉེན་ཁ་འགོག་སྡོམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།

བརྡ་སྦྱོར་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས་པ་དང་། སྔོན་གྱི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ནང་འདྲེན་བྱེད་པའི་འབྲུ་རིགས་ཀྱི་བདེ་འཇགས་ཉེན་ཁ་འགོག་སྡོམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར།》(མཚོ་སྲིད་གཞུང་ལས་ཐིན[2018]ཨང49བ)དུས་མཚུངས་སུ་རྩིས་མེད་དུ་བཟོ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ2པའི་ཚེས24ཉིན