མཚོ་སྲིད་གཞུང་ལས་ཐིན[2021]13པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ལ2021ལོའི་ཟླ2པའི་ཚེས19ཉིན་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས75པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། འདིར་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ2པའི་ཚེས22ཉིན།


མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི།

མཁར་གྲོང་གི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱ་རྒྱུ་ནི་དམངས་ཚིས་ལས་གྲྭ་དང་འཕེལ་རྒྱས་ལས་གྲྭ་གལ་ཆེན་ཞིག་ཡིན་པས་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་མཁར་གྲོང་གི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(རྒྱལ་གཞུང་སྤེལ[2020]ཨང23པ)ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱེད་ཆེད། རང་རེའི་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཇུས་གཞི་འདི་གཏན་ལ་ཕབ་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཐོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་མོས་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། མཐོ་སྒང་གི་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་འཛིན་ཞིང་། མི་གཙོ་བོར་འཛིན་པ་དང་ཡུལ་བབ་དང་བསྟུན་པ། སྡོད་དམངས་རང་མོས་ཡིན་པ། སྲུང་སྐྱོང་སྔོན་ལ་འཇོག་པ། འཛུགས་སྐྲུན་དང་དོ་དམ་མཉམ་དུ་གཙིགས་སུ་འཛིན་པ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་ལ། ཐབས་ཇུས་མཉམ་གྲོས་དང་འཕེལ་རྒྱས་མཉམ་སྐྲུན། འཛུགས་སྐྲུན་མཉམ་གཉེར། ཕན་འབྲས་མཉམ་དཔྱད། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་བླང་བ་ལྟར་གཞིས་ཁུལ་རྙིང་བའི་སྒྱུར་བཀོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་ཆ་འགྲིག་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། གཞིས་ཁུལ་དོ་དམ་དང་ཞབས་ཕྱི་འཐུས་ཚང་དུ་གཏོང་བ། མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་བྱ་དགོས།

(གཉིས)བྱ་བའི་དམིགས་འབེན། 2021ལོར། གཞིས་ཁུལ་རྙིང་བ489དང་དུད་ཁྱིམ་ཁྲི5.15ཡི་སྒྱུར་བཀོད་ལས་གྲྭ་མགོ་རྩོམ་པ་དང་། 2022ལོར་སླེབས་དུས། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བའི་རྐྱེན་སྲོལ་དང་སྲིད་ཇུས་ལམ་ལུགས་ཀྱི་སྒྲོམ་གཞིའི་མ་ལག་ཕལ་ཆེར་འགྲུབ་པར་བྱ་དགོས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་མཇུག་ཏུ་སླེབས་དུས། 2000ལོའི་ལོ་མཇུག་གི་སྔོན་ལ་བསྐྲུན་ཟིན་པ་དང2000ལོའི་རྗེས་ནས་བསྐྲུན་ཟིན་པ་མ་ཟད་ཆ་རྐྱེན་འཚམ་ཞིང་དངོས་གནས་སྒྱུར་བཀོད་བྱ་དགོས་པའི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་བྱ་དགོས།

གཉིས། སྒྱུར་བཀོད་ཀྱི་ཁྱབ་ཁོངས་དང་ནང་དོན།

(གཅིག)སྒྱུར་བཀོད་ཀྱི་ཁྱབ་ཁོངས། གྲོང་ཁྱེར་རམ་རྫོང་མཁར(མཁར་ཞོལ་གྲོང་རྡལ)གྱི་བཞེངས་སྐྲུན་དུས་ཚོད་ཅུང་སྔ་ཞིང་། ཞིག་གསོ་དང་བདག་སྐྱོང་མ་བྱས་པ་དང་། གྲོང་ཁྱེར་གྱི་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་མིན་པ། སྡེ་ཁུལ་གྱི་ཞབས་ཕྱིའི་སྒྲིག་བཀོད་འཐུས་ཚང་དུ་བཙུགས་མེད་པ། བཟོ་སྐྲུན་གཙོ་གཞིའི་གྲུབ་ཆ་སྐྱོན་ཆེན་པོ་མེད་པ།(གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་དང་མཐུན་ཞིང་། ཁྲིམས་དང་མཐུན་པའི་འཛུགས་སྐྲུན་བེད་སྤྱོད་བྱེད་པའི་དུས་ཚོད་ནང་ཚུད་ལ། རྨང་གཞི་དང་གཙོ་གཟུགས་ཀྱི་གྲུབ་ཆ་ལ་གཏོར་སྐྱོན་མངོན་གསལ་མ་ཐེབས་པའམ་སྲ་བརྟན་དང་ཞིག་གསོ་བྱས་རྗེས་སུ་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པ)མ་འོངས་པའི་ལོ་ལྔའི་ནང་སྲིད་གཞུང་གི་བསྡུ་ལེན་འཆར་གཞིའི་ནང་ཚུད་མེད་པ་མ་ཟད་སྡོད་དམངས་ལ་སྒྱུར་བཀོད་ཀྱི་འདུན་པ་ཆེ་བའི་སྡོད་ཁང་གཞིས་ཁུལ་དེ་དག(སྡོད་ཁང་ཁེར་ཚུགས་མ་ཡང་འདུ)གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ཁྱབ་ཁོངས་སུ་གཞུག་དགོས། 2000ལོའི་ལོ་མཇུག་གི་སྔོན་ལ་བསྐྲུན་ཟིན་པའི་གཞིས་ཁུལ་རྙིང་བ་གཙོ་ཆེར་སྒྱུར་བཀོད་བྱ་དགོས་པ་དང་། 2000ལོའི་རྗེས་ནས་བསྐྲུན་ཟིན་པ་མ་ཟད་སྒྱུར་བཀོད་ཀྱི་ཆ་རྐྱེན་འཚམ་པའི་གཞིས་ཁུལ་དེ་དག་བསྡུར་ཚད་ངེས་ཅན་ལྟར་ལོ་རེ་བཞིན་སྒྱུར་བཀོད་ཀྱི་འཆར་གཞིའི་ནང་དགོད་དགོས། ཆ་རྐྱེན་འཚམ་པའི་རྒྱལ་དབང་ཁེ་ལས་ལས་དོན་སྡེ་ཚན་དང་དམག་དཔུང་གི་ཁོངས་སུ་གཏོགས་པའི་གཞིས་ཁུལ་རྙིང་བ་རྣམས་ས་ཁོངས་ཀྱི་རྩ་དོན་ལྟར་སྒྱུར་བཀོད་བྱ་དགོས།

(གཉིས།)སྒྱུར་བཀོད་ཀྱི་ནང་དོན།

1.རྨང་གཞིའི་རིགས། སྡོད་དམངས་ཀྱི་བདེ་འཇགས་ཀྱི་དགོས་མཁོ་དང་གཞི་རྩའི་འཚོ་བའི་དགོས་མཁོ་བསྐངས་ཏེ། སྡོད་དམངས་རང་མོས་ཡིན་པ་དང་ནུས་ཚོད་ཀྱིས་སྒྱུར་བཀོད་བྱེད་པར་རྒྱུན་འཁྱོངས་བྱ་དགོས། དེ་ལ་འཛུགས་སྐྲུན་དངོས་པོའི་ཁང་བའི་ངོས་དང་ཕྱིའི་གྱང་ར། ཁང་བའི་སྐས་སོགས་སྤྱི་སྤྱོད་ཀྱི་ཁག་དེ་དག་ཞིག་གསོ་བྱེད་པ་དང་། བཟོ་སྐྲུན་ནུས་ཁུངས་གྲོན་ཆུང་སྒྱུར་བཀོད་བྱེད་པ། ཆུ་འདོན་དང་ཆུ་འབུད། གློག་འདོན། ཞན་གློག བགྲོད་ལམ། རླངས་འདོན། མེ་འགོག བདེ་ཟོན་འཚོ་བའི་གད་སྙིགས་རིགས་དབྱེ། སྤོ་སྒུལ་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། དེ་མིན་འོད་སྐུད་ཁྱིམ་དུ་འདྲེན་པ་དང་གནམ་དཔྱང་གློག་སྐུད་དག་སྒྲིག(ས་འོག་ཏུ་འཐེན་པ)སོགས་འདུ་ཡོད།

གཉིས། འཐུས་ཚང་གཏང་དགོས་པའི་རིགས། སྡོད་དམངས་ཀྱི་འཚོ་བའི་ཐད་ཀྱི་སྟབས་བདེའི་དགོས་མཁོ་དང་ལེགས་བཅོས་རིགས་ཀྱི་འཚོ་བའི་དགོས་མཁོ་བསྐངས་ནས་སྡོད་དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་ཅིང་ནུས་ཚོད་ཀྱིས་སྒྱུར་བཀོད་བྱ་དགོས། དེ་ལ་ཁྲིམས་འགལ་གྱི་འཛུགས་སྐྲུན་རིགས་བཤིག་པ་དང་། གཞིས་ཁུལ་དང་མཐའ་འཁོར་ལྗང་བསྒྱུར་དང་གློག་སྒྲོན་སོགས་ཀྱི་ཁོར་ཡུག་སྒྱུར་བཀོད་བྱེད་པ། གཞིས་ཁུལ་དང་མཐའ་འཁོར་གྱི་གེགས་མེད་དང་རྒན་རྒོན་ལ་འཚམ་པ། རླངས་འཁོར་འཇོག་གནས་དང་རླངས་འཁོར་འཇོག་ས། གློག་སྒུལ་གྱི་ལྕགས་རྟ་དང་། རླངས་འཁོར་གྱི་གློག་གསོག་སྒྲིག་ཆས། རིག་ལྡན་མྱུར་སྐྱེལ་སྒམ། རིག་ལྡན་ཡིག་སྒམ། རིག་གནས་སྤྲོ་གསེང་། ལུས་རྩལ་ལུས་སྦྱོང་། སྡེ་ལས་ཀྱི་ཁང་བ་སོགས་ཆ་འགྲིག་སྒྲིག་བཀོད་སྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པ། ཆ་རྐྱེན་འཛོམས་པའི་ཐོག་ཁང་ལ་གློག་སྐས་སྒྲིག་སྦྱོར་བྱེད་པ་བཅས་འདུ།

3.ལེགས་བསྒྱུར་གྱི་རིགས། སྡེ་ཁུལ་དུ་ཞབས་ཕྱི་ཕུན་སུམ་ཚོགས་པ་འདོན་སྤྲོད་་བྱེད་ཅིང་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་དོན་དངོས་ལ་རྐང་བཙུགས་ནས་ཧུར་ཐག་སྒོས་སྐུལ་འདེད་དང་ནུས་ཚོད་ཀྱིས་སྒྱུར་བཀོད་བྱ་དགོས། དེ་ལ་གཞིས་ཁུལ་དང་མཐའ་འཁོར་གྱི་སྡེ་ཁུལ་བཅས་ཀྱི་ཕྱོགས་བསྡུས་ཞབས་ཕྱིའི་སྒྲིག་བཀོད་དང་། འཕྲོད་བསྟེན་ཞབས་ཕྱིའི་ས་ཚིགས་སོགས་སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་དང་། བྱིས་སྐྱོང་ཁང་སོགས་སློབ་གསོའི་སྒྲིག་བཀོད། རྒན་གསོ། བུ་བཅོལ། བཟའ་བཏུང་རོགས་སྐྱོར། སྟབས་བདེའི་ཚོང་ཁང་། སྦྲག་སྲིད་མྱུར་སྐྱེལ་མཐའ་སྣེའི་ཕྱོགས་བསྡུས་ཞབས་ཕྱིའི་ས་ཚིགས་སོགས་སྡེ་ཁུལ་གྱི་ཆེད་དོན་ཞབས་ཕྱིའི་སྒྲིག་བཀོད་སྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པ་བཅས་འདུ།

གསུམ། ལས་འགན་གཙོ་བོ།

(གཅིག)འཆར་འགོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཐོག་མང་ཚོགས་ལ་སྐུལ་སློང་བྱས་ཏེ་མཉམ་སྐྲུན་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས།

1.ཆེད་དོན་འཆར་འགོད་དང་ལོ་འཁོར་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་རྒྱལ་ཁོངས་ཡུལ་ཁམས་འཆར་འགོད། མཁར་གྲོང་ཅན་གསར་བ་དང་མཐོ་སྒང་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བླང་བྱ་བཅས་གཞིར་འཛིན་ཞིང་། ས་ཁོངས་ནང་གི་གཞིས་ཁུལ་རྙིང་བ་དང་འབྲེལ་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པའི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་གསུམ་གྱི2021--2025ལོའི་བར་གྱི་གཞིས་ཁུལ་རྙིང་བའི་ཆེད་དོན་སྒྱུར་བཀོད་འཆར་འགོད་དང་ལས་གཞི་གསོག་འཇོག་མཛོད་ཡང་དག་པར་བཟོ་དགོས། སྒྱུར་བཀོད་ལས་འགན་ཉུང་བའི་ས་ཁུལ་དེ་མཁར་གྲོང་སྡོད་ཁང་གི་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་བཅུག་སྟེ་གཅིག་གྱུར་གྱིས་བཟོ་དགོས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ལག་རྩལ་གྱི་ཚད་གཞི་བཟོ་དགོས་པ་དང་། ས་གནས་སོ་སོས་ལོ་འཁོར་གྱི་སྒྱུར་བཀོད་འཆར་གཞི་དང་སྒྱུར་བཀོད་ཇུས་གཞི་བཟོ་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

2.སྡོད་དམངས་ཞུགས་པའི་ཧུར་སེམས་བརྩོན་སྐུལ་བྱ་དགོས། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ཁྲོད་ཀྱི་སྡོད་དམངས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག སྡོད་དམངས་རང་མོས་ཡིན་པ་རྒྱུན་འཁྱོངས་བྱེད་ཅིང་། སྡོད་དམངས་ཀྱི་འདོད་བློར་བརྩི་འཇོག་བྱས་ཏེ། སྒྱུར་བཀོད་ཀྱི་ཇུས་གཞི་བཟོ་བ་དང་ཨར་ལས་ལ་ལྟ་སྐུལ། སྒྱུར་བཀོད་ཀྱི་ཕན་འབྲས་ལ་གདེང་འཇོག རྗེས་ཕྱོགས་ཀྱི་དོ་དམ་སོགས་ལ་སྡོད་དམངས་ཞུགས་པར་སྐུལ་སློང་བྱ་དགོས། “གཞིས་ཁུལ་གཅིག་ལ་ཐབས་ཇུས་གཅིག”གི་རྩ་དོན་གཞིར་བཟུང་ཞིང་། ཇུས་འགོད་པ་དང་བཟོ་བཀོད་པ་གཞིས་ཁུལ་དུ་བསྐྱོད་པར་བསྟོད་སྐུལ་བྱས་ནས་སྒྱུར་བཀོད་ཀྱི་ཕན་འབྲས་ཇེ་ཆེར་གཏང་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

3.གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྡེ་ཁུལ་སྡོད་དམངས་ཨུ་ལྷན་དང་སྡེ་བདག་ཨུ་ལྷན། གཞིས་ཁུལ་ཏང་རྩ་འཛུགས། ཐོན་དབང་སྡེ་ཚན། སྡེ་ལས་ཞབས་ཕྱིའི་ཁེ་ལས་སོགས་ཞུགས་པའི་གཞིས་ཁུལ་རང་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། འབྲེལ་འདྲིས་དང་གྲོས་མོལ་བྱེད་པའི་སྟེགས་བུ་བསྐྲུན་དགོས། དྲ་ཐོག་དང་དྲ་འོག་སོགས་ཀྱི་བྱེད་ཐབས་ཧུར་ཐག་གིས་སྤྱོད་ཅིང་། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་དྲིལ་སྒྲོག་སྐུལ་སློང་བྱ་བ་ལེགས་པོ་བསྒྲུབས་ནས་སྡོད་དམངས་ཧུར་ཐག་གིས་ཞུགས་པ་དང་སྡེ་ཁུལ་ནང་གི་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཚན་བཅས་ཀྱིས་གཞོགས་འདེགས་བྱེད་པའི་མཐུན་སྦྱོར་སྒྱུར་བཀོད་རྣམ་པ་ཞིག་ཆགས་སུ་གཞུག་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

4.ལྗང་མདོག་སྡེ་ཁུལ་གསར་སྐྲུན་གྱི་བྱེད་སྒོ་སྤེལ་དགོས། ལྗང་མདོག་སྡེ་ཁུལ་གསར་སྐྲུན་གྱི་ཚད་གཞི་ལྟར་སྡེ་ཁུལ་གྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཞིང་། སྡེ་ཁུལ་གྱི་བདེ་སྡོད་ཁོར་ཡུག་སྐྲུན་པ་དང་། སྡེ་ཁུལ་གྱི་ཆ་འཕྲིན་ཅན་དང་རིག་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་ལ། སྡེ་ཁུལ་གྱི་ལྗང་མདོག་རིག་གནས་གསོ་སྐྱོང་བྱས་ནས་སྡེ་ཁུལ་གྱི་མི་སྡོད་ཁོར་ཡུག“གཙང་དག་དང་བདེ་སྡོད། བདེ་འཇགས། མཛེས་སྡུག”བཅས་ཡོང་བར་མངོན་འགྱུར་བྱ་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

5.མཐོ་སྒང་གི་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་བླང་བྱ་དོན་འཁྱོལ་བྱ་དགོས།《མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དོན་འཁྱོལ་མཐར་ཕྱིན་བྱས་ཐོག གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པ་འཇུག་སྒོར་བྱེད་ཅིང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་ལ། གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་སྤུས་ཚད་ལ་མཐོང་ཆེན་བྱེད་པ་དང་། བགྲོད་ལམ་དང་ས་འོག་སྦུག་དྲ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་ཉམས་གསོ་བཅས་ལ་རིམ་ལྡན་གྱིས་སྐུལ་འདེད་གཏོང་བ། མཁར་གྲོང་གི་འཚོ་བའི་གད་སྙིགས་རིགས་དབྱེ་ཇེ་མགྱོགས་སུ་གཏོང་བ། ཆར་ཆུ་དང་བཙོག་ཆུ་ཐག་གཅོད་བྱེད་ནུས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། མཁར་གྲོང་འཛུགས་སྐྲུན་དང་དོ་དམ་གྱི་རིག་ལྡན་ཅན་གྱི་ཆུ་ཚད་དང་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

(གཉིས)ཕྱོགས་མང་པོ་ཞུགས་པར་རྒྱུན་འཁྱོངས་བྱས་ཏེ་སྒྱུར་བཀོད་མ་དངུལ་ལུགས་མཐུན་པོས་མཉམ་ཁུར་བྱེད་པའི་རྐྱེན་སྲོལ་གཟུག་དགོས།

6.སྲིད་གཞུང་གི་ནོར་སྲིད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱ་རྒྱུ་དེ་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭར་བཅུག་ཐོག “གཞི་རྩར་འགན་སྲུང”བྱེད་པའི་རྩ་དོན་གཞིར་བཟུང་སྟེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་གྱིས་རྨང་གཞིའི་རིགས་ལ་སྒྱུར་བཀོད་བྱེད་པ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་པ་དང་། ཁང་བ་རང་ཉིད་དང་འབྲེལ་བ་ཡོད་པར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁྱོན་བསྡོམས་དུད་ཁྱིམ་རེར་ཁ་གསབ་རོགས་དངུལ་སྒོར་ཁྲི1.5ལས་མི་ཉུང་བ་སྤྲོད་པ་མ་ཟད། ཀྲུང་དབྱང་སྔོན་རྩིས་ནང་གི་རྨང་གཞིའི་ཆ་འགྲིག་སྒྲིག་བཀོད་ཀྱི་ཁ་གསབ་རོགས་དངུལ་ཧུར་ཐག་གིས་རེ་ཞུ་བྱ་དགོས། གློག་སྐས་སྣོན་སྦྱོར་བྱེད་པར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་གློག་སྐས་རེར་སྒོར་ཁྲི15ལས་མི་ཉུང་བ་བྱས་ནས་ཁ་གསབ་སྤྲད་དགོས། ས་གནས་སོ་སོས་ནོར་སྲིད་ཀྱི་ནུས་པར་གཞིགས་ནས་ནོར་སྲིད་སྔོན་རྩིས་ནང་ཁ་གསབ་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། གཞིས་ཁུལ་དང་འབྲེལ་བའི་རྒན་གསོ་དང་བཅོལ་གསོ། རིག་གནས། སློབ་གསོ། འཕྲོད་བསྟེན། ལུས་རྩལ། སྦྲག་སྲིད་མྱུར་སྐྱེལ། སྤྱི་ཚོགས་བདེ་སྐྱོང་། དབང་བོ་སྐྱོན་ཅན་ལ་རོགས་རམ། མེ་གསོད་སོགས་ཀྱི་ལས་གཞི་སྣ་ཚོགས་ཀྱི་མ་དངུལ་ནུས་ལྡན་སྒོས་བསྡུ་སྒྲིག་བྱས་ཏེ་མ་དངུལ་སྤྱོད་པའི་ཕན་འབྲས་ཇེ་ཆེར་གཏང་དགོས། (ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

7. སྡོད་དམངས་ཀྱིས་མ་དངུལ་གཏོང་བར་བསྟོད་སྐུལ་བྱ་དགོས། “སུ་ལ་ཁེ་ཕན་ཐོབ་ན་དེས་མ་དངུལ་གཏོང་བའི”རྩ་དོན་ལྟར་སྡོད་དམངས་ཀྱིས་མ་དངུལ་གཏོང་བའི་འགན་འཁྲི་ལུགས་མཐུན་ངང་དོན་འཁྱོལ་བྱེད་ཅིང་། སྡོད་དམངས་ཀྱིས་ཐད་ཀར་སྡོད་ཁང་གི་ཆེད་སྤྱོད་ཞིག་གསོའི་མ་དངུལ་གཏོང་བ་དང་བེད་སྤྱོད་བྱེད་པ(གསབ་འཇལ་དང་མུ་མཐུད་གྲབས་གསོག)དང་། གཞིས་ཁུལ་གྱི་སྤྱི་པའི་ཁེ་འབབ་ནང་བཤུག་གཏོང་བ། མ་དངུལ་དང་རྒྱུ་ནོར་ཞལ་འདེབས་འབུལ་བ། ངལ་རྩོལ་དང་ལག་རྩལ་བཀོལ་བ་སོགས་བྱ་ཐབས་བརྒྱུད་དེ་དོན་འཁྱོལ་བྱ་དགོས། ས་གནས་སོ་སོས་གཞིས་ཁུལ་རྙིང་བའི་སྡོད་ཁང་གི་ཆེད་སྤྱོད་ཞིག་གསོའི་མ་དངུལ་གྱི་དོ་དམ་བྱེད་ཐབས་གདོན་དགོས། སྡོད་དམངས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ནས་གློག་སྐས་སྣོན་སྦྱོར་བྱེད་པར་རྒྱབ་སྐྱོར་བྱ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

8.ཆེད་ལས་གཉེར་སྐྱོང་སྡེ་ཚན་གྱིས་མ་དངུལ་བཏང་ནས་ཐེ་ཞུགས་བྱ་དགོས། གློག་ཤུགས་དང་འཕྲིན་སྐྱེལ། སྐུད་ཡོད་བརྙན་འཕྲིན། ཆུ་འདོན། ཆུ་འབུད། དྲོད་འདོན། རླངས་འདོན་སོགས་ཆེད་ལས་གཉེར་སྐྱོང་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒོས་སྒྲུབ་ཅིང་། སྒྱུར་བཀོད་བྱེད་པར་རང་འགུལ་གྱིས་ཞུགས་པ་དང་། དེའི་སྒྱུར་བཀོད་ཀྱི་འཆར་འགོད་དང་འཆར་གཞི་དེ་གཞིས་ཁུལ་རྙིང་བ་སྒྱུར་བཀོད་ཀྱི་འཆར་གཞི་དང་ནུས་ལྡན་སྒོས་སྦྲེལ་མཐུད་བྱས་ནས་དུས་མཉམ་དུ་འཆར་འགོད་དང་དུས་མཉམ་དུ་འཛུགས་སྐྲུན། དུས་མཉམ་དུ་སྒྱུར་བཀོད་བཅས་བྱེད་ཐུབ་པར་བྱས་ཏེ་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་དང་བེད་སྤྱོད་བྱ་དགོས་པ་དང་། ཡང་བསྐྱར་འཛུགས་སྐྲུན་དང་ཡང་བསྐྱར་སྔོག་བརྐོ་བྱེད་པར་སྔོན་འགོག་བྱ་དགོས། གློག་ཤུགས་དང་འཕྲིན་གཏོང་། སྐུད་ཡོད་བརྙན་འཕྲིན་གྱི་སྐུད་ལམ། ས་ཚིགས་དང་སྒམ་སྒྲོམ་གྱི་སྒྲིག་བཀོད། དྲ་རྒྱའི་སྐུད་པ་བཅས་ཀྱི་གསར་སྒྱུར་དང་ས་འོག་ཏུ་འཐེན་པའི་བྱ་བ་ཡོད་ཚད་ཆེད་ལས་གཉེར་སྐྱོང་སྡེ་ཚན་གྱིས་ལག་བསྟར་བྱེད་པར་འགན་འཁུར་དགོས། གཞིས་ཁུལ་ནང་གི་གློག་སྐུད་དང་ལྕགས་མདོང་སྣ་ཚོགས་ལ་སྤྱི་པའི་སྦུག་ལམ་ནས་འཐེན་པའི་བྱ་ཐབས་སྤྱད་དེ་ཕྱོགས་བསྡུས་སྒྱུར་བཀོད་བྱ་དགོས་པ་དང་། ས་འོག་ནས་འདྲེན་མི་ཆོག་པ་དག་གྲལ་བཤེར་བྱས་ནས་བཅོས་སྒྲིག་བྱ་དགོས། གཞིས་ཁུལ་ཐོག་ཁང་གི་ཐོན་ཁུངས་ཀྱིས5Gསོགས་སྤོ་སྒུལ་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་སྒོ་འབྱེད་པར་བསྟོད་སྐུལ་བྱ་དགོས།(ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས། རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

9.སྤྱི་ཚོགས་ཀྱི་སྟོབས་ཤུགས་གཏོང་བར་སྐུལ་འདེད་གཏང་དགོས། སྔར་གྱི་ཐོན་དབང་སྡེ་ཚན་གྱིས་ས་གནས་ལ་རྩིས་སྤྲོད་བྱས་ཟིན་པའི་སྔར་གྱི་ལས་བཟོ་བའི་སྡོད་ཁང་གཞིས་ཁུལ་སྒྱུར་བཀོད་ཐད་ལ་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་བྱ་དགོས། སྤྱི་ཁང་གི་ཐོན་དབང་སྡེ་ཚན་གྱིས་མ་དངུལ་བཏང་ནས་སྒྱུར་བཀོད་ལ་ཞུགས་དགོས། སྤྱི་ཚོགས་ཀྱི་མ་རྩ་དང་དམངས་ཁྲོད་ཀྱི་མ་རྩ་བཀུག་ནས་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཞུགས་དགོས། ཞིང་ཆེན་ཡོངས་གཅིག་གྱུར་ཡིན་པའི་མྱུར་སྐྱེལ་མཇུག་སྣེའི་ཞབས་ཕྱིའི་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་འཆར་བཟོས་ནས་རིག་ལྡན་མྱུར་སྐྱེལ་གཉེར་སྐྱོང་ཁེ་ལས་ཀྱིས་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་ཞུགས་པར་སྐུལ་མ་གཏང་དགོས། དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་གཏོང་བའི་ཁ་གསབ་མ་དངུལ་དང་ཟུང་འབྲེལ་བྱས་ནས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་གེགས་མེད་སྒྲིག་བཀོད་དང་རྒན་རྒོན་ཁྱིམ་ཚང་གི་རྒན་པོར་འཚམ་པའི་སྒྲིག་བཀོད། གཞིས་ཁུལ་གྱི་གེགས་མེད་སྒྲིག་བཀོད་བཅས་ཀྱི་རིམ་སྤོར་སྒྱུར་བཀོད་ལ་རྩ་འཛུགས་དང་ལག་བསྟར་བྱ་དགོས། ཁེ་ལས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གཞིས་ཁུལ་དང་དེའི་ཉེ་འཁོར་གྱི་གསོག་འཇོག་ཁང་པ་དང་གསོག་འཇོག་སྤྱོད་ཞིང་གཅིག་གྱུར་འཆར་འགོད་ཀྱིས་སྤྱོད་པར་བསྟོད་སྐུལ་བྱེད་ཅིང་། རླངས་འཁོར་འཇོག་ས(ལངས་གཟུགས་རླངས་འཁོར་འཇོག་ས)དང་གེགས་མེད་སྒྲིག་བཀོད། བཟའ་བཏུང་རོགས་སྐྱོར། བུ་བཅོལ། ཁྱིམ་ལས་སོགས་དམངས་བདེ་ཞབས་ཕྱིའི་སྒྲིག་བཀོད་གསར་དུ་བཙུགས་ནས་གཞིས་ཁུལ་གྱི་ཞན་ཆ་གསབ་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

10.ཆེད་དོན་བུན་འཛིན་འགྲེམ་སྤེལ་བྱས་ཏེ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་དགོས། ལས་གཞིའི་ཕན་ཁེ་དང་དངུལ་བསྡུ་རང་སྟོབས་དོ་སྙོམས་བཅས་མངོན་འགྱུར་བྱ་ཐུབ་པ་དང་། བུན་འཛིན་འགྲེམ་སྤེལ་ཆ་རྐྱེན་གྱི་དགོས་མཁོ་སྐོང་ཐུབ་པའི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ལས་གཞི་ལ། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་འགྲེམ་སྤེལ་བྱས་པ་བརྒྱུད་སྒྱུར་བཀོད་ཀྱི་མ་དངུལ་གྲབས་གསོག་བྱེད་པར་རྒྱབ་སྐྱོར་བྱ་དགོས། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ཆེད་སྤྱོད་བུན་འཛིན་དེ་ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་ངང་འགྲེམ་སྤེལ་བྱེད་ཅིང་གྲོང་ཁྱེར(ཁུལ)དང་རྫོང་ལ་དངུལ་བུན་བརྒྱུད་གཏོང་བྱས་ནས་བེད་སྤྱོད་བྱེད་དུ་གཞུག་དགོས། ཆེད་དོན་བུན་འཛིན་སྐོར་གྱི་སྲིད་ཇུས་གསལ་འགྲེལ་དང་ཡིག་ཐོག་སྙན་ཞུ་ལ་རྩ་འཛུགས། འགྲེམ་སྤེལ། དངུལ་བུན་བརྒྱུད་གཏོང་། བྱས་འབྲས་དོ་དམ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ་ཆེད་དོན་བུན་འཛིན་གྱི་མ་དངུལ་དགོས་མཁོ་ལུགས་མཐུན་ངང་གཏན་འཁེལ་བྱ་དགོས། (ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

11.དངུལ་རྩའི་ལས་ཁུངས་ཀྱི་རྒྱབ་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། རྒྱལ་ཁབ་ཀྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་སྤྱད་ནས་དངུལ་བསྡུ་བྱེད་སྟངས་གསར་གཏོད་དང་། དངུལ་བུན་གཏོང་བའི་བརྒྱུད་རིམ་ལེགས་བསྒྱུར། ཞིབ་མཆན་འགོད་པའི་ལས་ཕྱོད་ཇེ་མཐོ། དངུལ་རྩའི་རྒྱབ་སྐྱོར་དང་ཞབས་ཕྱི་བྱེད་ཤུགས་ཇེ་ཆེར་གཏོང་བ། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འདོན་སྤྲོད་བཅས་བྱ་དགོས། ཚོང་ལས་དངུལ་ཁང་དང་དངུལ་འཛིན་ཀུང་སི་སོགས་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་རྩའི་ཐོན་རྫས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཅིང་། དངུལ་རྩའི་ཞབས་ཕྱི་ལེགས་བཅོས་བྱས་ཏེ། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ལས་གཞི་དང་སྡོད་དམངས་ཀྱི་དུད་ཁྱིམ་ནང་གི་སྒྱུར་བཀོད་དང་འཛད་སྤྱོད་ཐད་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས། (ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

(གསུམ།)སྲིད་ཇུས་ཀྱི་རྒྱབ་སྐྱོར་རྒྱུན་འཁྱོངས་བྱས་ནས་གསོག་འཇོག་ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱོད་བྱེད་པའི་རྐྱེན་སྲོལ་གཟུག་དགོས།

12.རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ས་ཞིང་དང་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱ་དགོས། “སྐར་མ15ཡི་འཚོ་བའི་འཁོར་རྒྱའི”ནང་གི་ཕན་འབྲས་དམའ་བའི་ས་ཞིང་དེ་སླར་ཡང་གསར་སྤེལ་ལེགས་སྒྲིག་བྱས་ནས་ས་སྟོང་ལུས་རྗེས་སྔོན་ལ་རྒན་གསོ་དང་བུ་བཅོལ་སོགས་སྡེ་ཁུལ་གྱི་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་དགོས། འཆར་འགོད་ལས་མི་འགལ་ཞིང་སྤྱོད་དབང་ཡོད་མཁན་དང་ཁྱིམ་མཚེས་ཀྱི་དབང་ཆ་འཛིན་མཁན་བཅས་ཀྱི་མོས་མཐུན་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་གཞིས་ཁུལ་དང་ཉེ་འཁོར་གྱི་གསོག་འཇོག་ས་ཞིང་བེད་སྤྱད་དེ་ཆ་འགྲིག་ཞབས་ཕྱིའི་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་བྱེད་ཆོག གཞིས་ཁུལ་ནང་གི་ས་སྟོང་དང་ལྡུམ་ར། དེ་བཞིན་སྒྲིག་འགལ་གྱི་འཛུགས་སྐྲུན་བཤིག་ནས་སྟོང་བར་ལུས་པའི་ས་སྟོང་བེད་སྤྱད་ནས་གློག་སྐས་སྣོན་སྦྱོར་བྱེད་པ་དང་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་བྱས་ཚེ་ས་ཞིང་གི་རིན་གོང་ལྷག་མ་ལེན་མི་དགོས། (ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

13.གསོག་འཇོག་ཐོན་ཁུངས་སྡེབ་སྒྲིག་དང་བཀོལ་སྤྱོད་བྱ་དགོས། ཁྱིམ་མཚེས་གཞིས་ཁུལ་དང་དེའི་མཐའ་འཁོར་གྱི་ས་ཁུལ་གྱིས་མཉམ་འགུལ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་ནས་ཞབས་ཕྱིའི་སྒྲིག་བཀོད་དང་སྤྱི་པའི་ཡུལ་ཁམས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་ཤུགས་བསྣན་དགོས། སྡོད་སའི་གཞིས་ཁུལ་ནང་གི་བེད་མེད་དུ་ལུས་པ་དང་ཕན་འབྲས་ཞན་པའི་སྤྱི་པའི་ཁང་པ་དང་སྒྲིག་བཀོད་ཀྱི་རིགས་གཙང་སེལ་དང་བསྡུ་སྒྲིག་བྱེད་པར་སྡེ་བདག་ཐུན་མོང་གིས་ཐག་བཅད་ནས་མོས་མཐུན་འབྱུང་དགོས་པ་དང་། སྲིད་གཞུང་གི་བེད་མེད་དུ་ལུས་པའི་ཁང་པ་དང་སྒྲིག་བཀོད་ཡོད་ཚད་སྡོད་ཁང་དོ་དམ་སྡེ་ཁག་གིས་གཏན་འབེབས་ལྟར་ལས་རིམ་སྒྲུབ་རྗེས་རྒན་གསོ་དང་བུ་བཅོལ། བཟའ་བཏུང་རོགས་སྐྱོར་སོགས་ཀྱི་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཐད་སྤྱོད་ཆོག སྡེ་ལས་ཞབས་ཕྱིའི་ཁེ་ལས་དང་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་རང་གིས་བཟུང་བའི་ཁང་པ་དེ་ཉིད་སྒོ་རྩིས་ཚོང་ཁང་དང་མྱུར་སྐྱེལ་ཞབས་ཕྱིའི་ས་ཚིགས་སོགས་དམངས་ཕན་ཞབས་ཕྱིའི་སྒྲིག་བཀོད་ལ་སྒྱུར་བཀོད་བྱེད་པར་བསྟོད་སྐུལ་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

(བཞི)བཅོས་སྒྱུར་གསར་གཏོད་ལ་རྒྱུན་འཁྱོངས་བྱས་ནས་ལས་གཞི་སྐུལ་སྤེལ་དང་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།

14.ལས་གཞི་ལག་བསྟར་བྱེད་པོ་ངེས་གསལ་བཟོ་དགོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་དང་སྲང་ལམ་དོན་གཅོད་ཁང་ངམ་སྔར་གྱི་ཐོན་དབང་སྡེ་ཚན་སོགས་ནི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ལག་བསྟར་བྱེད་པོ་ཡིན། ལག་བསྟར་བྱེད་པོས་ལག་བསྟར་བྱ་འཐུས་པའི་ཞིབ་འཇུག་སྙན་ཞུ་དང་ཐོག་མའི་ཇུས་འགོད་ཀྱི་བླང་བྱ་ལྟར་སྒྱུར་བཀོད་ཀྱི་ནང་དོན་དང་འཆར་འགོད་ཇུས་འགོད། མ་དངུལ་འཇོག་པའི་རགས་རྩིས། མ་དངུལ་གྲབས་གསོག་བྱེད་སྟངས། འོས་སྐུལ་འོས་འགུག་གི་ལག་བསྟར་ཇུས་གཞི་སོགས་ཀྱི་སྒྱུར་བཀོད་ལག་བསྟར་ཇུས་གཞི་གཏན་འབེབས་བྱ་དགོས། སྲང་ལམ་མམ་སྡེ་ཁུལ་སྡེ་ཚན་དུ་བྱས་ནས་ས་ཁོངས་ནང་གི་གཞིས་ཁུལ་རྙིང་བར་གཅིག་གྱུར་གྱིས་འཆར་འགོད་དང་སྒྱུར་བཀོད་ཀྱི་ཇུས་གཞི་བཟོ་ཞིང་། གཅིག་གྱུར་གྱིས་ཇུས་འགོད་དང་ཞིབ་བཤེར། ཞིབ་མཆན་འགོད་པ། འོས་སྐུལ། འཛུགས་སྐྲུན། ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བཅས་བྱས་ནས་ལས་ཕྱོད་ཇེ་མཐོར་གཏང་དགོས། ལས་གཞི་ལག་བསྟར་བྱེད་པོས་འཛུགས་སྐྲུན་ནང་ཞུགས་པའི་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག སྡེ་ཁུལ་གྱི་སྡོད་དམངས་ཨུ་ལྷན། སྡོད་དམངས་ཀྱི་འཐུས་མི་སོགས་རྩ་འཛུགས་བྱས་ཏེ་མཉམ་འབྲེལ་གྱིས་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

15.ལས་གཞིའི་ཞིབ་བཤེར་མཆན་འགོད་ལེགས་བསྒྱུར་བྱ་དགོས། མགྱོགས་མྱུར་གྱིས་ཞིབ་བཤེར་མཆན་འགོད་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ་སྒྱུར་བཀོད་ལག་བསྟར་ཇུས་གཞིར་མཉམ་འབྲེལ་གྱིས་ཞིབ་བཤེར་དང་ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱེད་པའི་ལམ་ལུགས་ལག་ཏུ་བསྟར་དགོས། རྫོང་རིམ་པའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་གིས་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་སོགས་སྲིད་འཛིན་ཞིབ་བཤེར་མཆན་འགོད་སྡེ་ཁག་དང་འབྲེལ་ཡོད་ཆེད་མཁས་པ་སྣེ་ཁྲིད་ཅིང་རྩ་འཛུགས་བྱས་ཏེ་སྒྱུར་བཀོད་ལག་བསྟར་ཇུས་གཞིར་མཉམ་འབྲེལ་གྱིས་ཞིབ་བཤེར་བྱ་དགོས་པ་དང་། སྒྱུར་བཀོད་ལག་བསྟར་ཇུས་གཞི་དང་མཉམ་འབྲེལ་གྱིས་ཞིབ་བཤེར་བྱས་པའི་བསམ་འཆར་དེ་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་ལས་གཞི་སྒྲུབ་ཅིང་ལས་གཞི་འཛུགས་པ་དང་། ས་ཞིང་སྤྱོད་པ། འཆར་འགོད། ཨར་ལས་ཆོག་འཐུས་སོགས་ནི་ཞིབ་མཆན་འགོད་པའི་གཞི་འཛིན་ས་བྱ་དགོས། སྒྱུར་བཀོད་ལས་གཞི་དེ་ལས་གཞི་འཛུགས་པའི་མཆན་འགོད་བཀའ་ལན་ལྟར་གྲངས་བཅད་ཇུས་འགོད་བྱེད་པ་ལས་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་མི་བཟོ་བ་དང་། ཐོག་མའི་ཇུས་འགོད་དང་རགས་རྩིས་ཞིབ་བཤེར་མཆན་འགོད། ཁོར་ཡུག་དཔྱད་དཔོག་གི་འགྲོ་ལུགས་བཅས་ཡང་བསྐྱར་སྒྲུབ་མི་དགོས། ས་ཞིང་དབང་ཁོངས་ལ་འགྱུར་ལྡོག་བྱུང་བ་དང་བཟོ་སྐྲུན་གྱི་རྩོལ་ནུས་དང་གྲུབ་ཚུལ་བསྒྱུར་བ། འཆར་འགོད་ཆ་རྐྱེན་ལེགས་སྒྲིག སྲང་ལམ་ཕྱི་ངོས་སྒྱུར་བཀོད་བཅས་དང་འབྲེལ་བ་མེད་པའི་ལས་གཞི་ལ། ས་ཞིང་སྤྱོད་པ་དང་འཛུགས་སྐྲུན་ལས་གྲྭའི་འཆར་འགོད་ཆོག་འཐུས་ལག་ཁྱེར། ས་ཆ་འདེམས་པའི་བསམ་འཆར་ཡི་གེ་སོགས་ཀྱི་འགྲོ་ལུགས་སྒྲུབ་མི་དགོས། ཨར་ལས་དཔེ་རིས་ནི་ལས་གཞི་ལག་བསྟར་བྱེད་པོས་ཆེད་མཁས་པ་རྩ་འཛུགས་བྱས་ནས་རིགས་པས་ཁུངས་སྐྱེལ་བྱེད་པ་དང་། ཆེད་མཁས་པའི་རིགས་པས་ཁུངས་སྐྱེལ་བསམ་འཆར་བཏོན་པ་ལས་ཨར་ལས་དཔེ་རིས་ལ་ཞིབ་བཤེར་བྱེད་པའི་བླང་བྱ་འདོན་མི་དགོས། བཟོ་སྐྲུན་རྩོལ་ནུས་ཀྱི་གྲུབ་ཚུལ་གསར་འཛུགས་དང་བསྒྱུར་བཟོ་བྱེད་པ་དང་། གློག་སྐས་དང་མེ་གསོད། ཡོམ་འགོག་སོགས་བདེ་འཇགས་ཀྱི་སྒྲིག་བཀོད་སྣོན་སྦྱོར་བྱེད་པའི་ལས་གཞི་ལ། འབྲེལ་ཡོད་ཀྱི་ཚད་གཞི་གཟབ་ནན་སྒོས་ལག་ཏུ་བསྟར་ནས་ཁྲིམས་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

16.ལས་གཞི་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། འཛུགས་སྐྲུན་སྡེ་ཚན་གྱི་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་དང་པོ་དང་། ཇུས་འགོད་དང་ཨར་ལས། ལྟ་སྐུལ་དོ་དམ། ཞིབ་དཔྱད་ཚད་ལེན་སོགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཅིང་། ལས་གྲྭའི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཐུབ་ལ། ཁྲིམས་འགལ་ངང་འགན་གཙང་སྤྲོད་དང་འགན་གཙང་བགོས། འགན་གཙང་གཞན་སྤྲོད། ཟུར་རྟེན། སྤུས་ཚད་ཞན་པའི་རྒྱུ་ཆ་སྤྱོད་པ། སྒྲིག་འགལ་གྱིས་ཨར་ལས་བྱེད་པ། སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་རྫུན་བཟོ་བྱེད་པ་སོགས་ཀྱི་གནད་དོན་འབྱུང་བར་བཀག་འགོག་བྱ་དགོས། གོང་ཁེ་གོ་ཆོད་དང་ལྗང་མདོག་ཁོར་སྲུང་གི་ལག་རྩལ་དང་བཟོ་རྩལ། རྒྱུ་ཆ། ཐོན་རྫས་བཅས་འདེམ་སྤྱོད་བྱེད་པར་བསྟོད་སྐུལ་བྱ་དགོས། ལོ་རྒྱུས་རིག་གནས་སྲང་ལམ་ཁུལ་དང་ལོ་རྒྱུས་ཀྱི་བཟོ་སྐྲུན་དང་འབྲེལ་བ་ཡོད་པའི་རིགས་ལ། འབྲེལ་ཡོད་ཀྱི་སྲུང་སྐྱོང་དང་ཞིག་གསོའི་བླང་བྱ་གཟབ་ནན་སྒོས་དོན་འཁྱོལ་བྱས་ནས་གནའ་ཤིང་གནའ་རྫས་གྲགས་ཅན་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

17.གཞིས་ཁུལ་གྱི་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས། སྡེ་ཁུལ་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་། གཞིས་ཁུལ་གྱི་དོ་དམ་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྡེ་བདག་ཨུ་ལྷན་གྱི་འགན་སྒྲུབ་དོ་དམ་ལ་ཤུགས་བསྣན་ཏེ་གཞིས་ཁུལ་གྱིས་སྡེ་ལས་ཁེ་ལས་སམ་རང་སྐྱོང་དོ་དམ་བྱེད་པར་མཛུབ་སྟོན་བྱེད་པ་དང་། སྡེ་དམངས་ཀྱིས་འགོག་བཅོས་དང་མཉམ་འབྲེལ་གྱིས་འགོག་བཅོས་བྱེད་པའི་གཞིས་ཁུལ་གྱི་འཚུབ་བཟློག་དོ་དམ་མ་ལག་འཛུགས་ལ། ཞིང་ཆེན་རིམ་པའི་སྡེ་ལས་དཔེ་སྟོན་གཞིས་ཁུལ་གསར་སྐྲུན་གྱི་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས་གཞིས་ཁུལ་གྱི་རྒྱུ་ཆ་འཚོལ་བསྡུ་དང་ཡིག་ཚགས་མཛོད་འཇུག་གི་བྱ་བ་ལེགས་པོར་བསྒྲུབས་ཏེ། སྒྱུར་བཀོད་ཀྱི་གྲུབ་འབྲས་སྲ་བརྟན་དང་སྲུང་སྐྱོང་བྱ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས།)

བཞི། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས།

(གཅིག)རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་དགོས། “ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་ཁུལ་གྱིས་སྤྱི་ཡོངས་ནས་འཛིན་པ། རྫོང་དང་གྲོང་ཁྱེར་གྱིས་དོན་འཁྱོལ་བྱེད་པ། སྲང་ལམ་དང་སྡེ་ཁུལ་བརྒྱུད་རིམ་ཧྲིལ་པོར་ཞུགས་པ”བཅས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་། གོང་འོག་མཉམ་འགུལ། རིམ་ལྡན་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་བསྣན་དགོས། གྲོང་ཁྱེར་དང་ཁུལ། རྫོང་སྲིད་གཞུང་བཅས་ཀྱིས་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱ་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཅིང་། གཙོ་འགན་འཁུར་བའི་བློ་མཐུན་གྱིས་དངོས་སུ་དམ་འཛིན་བྱེད་པ་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་ལ། ཆ་འགྲིག་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རྒྱ་ཁྱབ་ངང་དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་པ། ཚོད་ལྟའི་དཔེ་སྟོན་ལ་ཤུགས་སྣོན་པ། ཕྱོགས་སོ་སོའི་ཐོན་ཁུངས་སྐོང་འཐེན་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་མཉམ་གཅིག་ཏུ་སྐུལ་འདེད་གཏང་དགོས།

(གཉིས)སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱ་དགོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་གིས་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་བྱ་བར་སྣེ་ཁྲིད་ཅིང་སྐུལ་སྤེལ་གཏོང་བར་འགན་ཁུར་ནས་གཅིག་གྱུར་འཆར་འགོད་ཀྱིས་ལས་གཞི་སྒྱུར་བཀོད་དང་ལག་བསྟར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གྱི་ལས་གཞི་འཛུགས་པ་དང་འཆར་གཞི་ལྟར་ཡིག་ཐོག་སྙན་ཞུ་འབུལ་བ། བཀོལ་སྤྱོད་བྱས་འབྲས་དོ་དམ་སོགས་ཀྱི་བྱ་བར་འགན་འཁུར་དགོས། ནོར་སྲིད་སྡེ་ཁག་གིས་སྒྱུར་བཀོད་ཀྱི་ཆེད་སྤྱོད་མ་དངུལ་གྲབས་གསོག་དང་གཏོང་སྤྲོད། ལྟ་སྐུལ། བཀོལ་སྤྱོད་བྱས་འབྲས་དོ་དམ་སོགས་ཀྱི་བྱ་བར་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་དང་ཆེད་ལས་གཉེར་སྐྱོང་སྡེ་ཚན་གྱིས་འགན་འཁྲིའི་ལས་བགོས་ལྟར་སོ་སོའི་ཁྱབ་ཁོངས་ནང་གི་འབྲེལ་ཡོད་བྱ་བ་དོན་འཁྱོལ་བྱེད་པར་དམ་འཛིན་བྱ་དགོས།

(གསུམ)ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པའི་དཔྱད་ཞིབ་རྐྱེན་སྲོལ་འཛུགས་ཤིང་། དཔྱད་ཞིབ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་དང་བྱ་བའི་འགན་འཁྲི། སྲིད་ཇུས་བྱེད་ཐབས་བཅས་ཞིབ་ཚགས་ངང་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས། བྱ་བའི་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ་དང་ལས་གཞི་སྒྲུབ་ཚད་དལ་བའི་ས་ཁུལ་ལ་ཁ་ཆད་གླེང་མོལ་བྱེད་པའམ་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱ་དགོས།

ཇུས་གཞི་འདི2021ལོའི་ཟླ3པའི་ཚེས21ཉིན་ནས་ལག་ལེན་བགྱི་དགོས།