མཚོ་སྲིད་གཞུང་ལས་ཐིན〔2021〕ཨང6པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བར”བཀག་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་གཏོང་བའི་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བར”བཀག་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་གཏོང་བའི་བྱ་བའི་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་བྱུང་བ་བརྒྱུད། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་གྱིས་རྩ་འཛུགས་ལག་བསྟར་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ1པོའི་ཚེས23ཉིན།

མཚོ་སྔོན་ཞིང་ཆེན་གྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བར”བཀག་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་གཏོང་བའི་བྱ་བའི་ཇུས་གཞི།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བར”བཀག་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་གཏོང་བའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་སྤེལ〔2020〕ཨང44བ)གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་གཏོང་ཆེད། འདིར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་བའི་ཇུས་གཞི་བཟོས་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་སྐོར་གྱི་མཛུབ་སྟོན་བཀའ་མཆན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་མཐར་ཕྱིན་བྱེད་ཅིང་། ཏང་ཀྲུང་དབང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་ཡོང་བར་བྱ་རྒྱུ་དེ་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། ནན་ཏན་གྱིས་དོ་དམ་ཚོད་འཛིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྨོ་ཞིང་གི་ཐོན་ཁུངས་བེད་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཐོག ཚད་ཡོད་ཀྱི་རྨོ་ཞིང་ཐོན་ཁུངས་དམིགས་སུ་བཀར་ནས་སྔོན་ལ་འབྲུ་རིགས་ཐོན་སྐྱེད་ཐད་སྤྱོད་པ་དང་། སྲིད་ཇུས་དང་རྒྱ་ཁྱོན། ཐོན་ཚད་བཅས་བརྟན་འཇགས་སུ་གཏོང་ལ། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྲ་བརྟན་དང་ཇེ་མཐོར་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་འབྲུ་རིགས་ཕལ་ཆེར་རང་མཁོ་རང་སྤྲོད་བྱེད་ཐུབ་པ་དང་། ཞིང་ལས་ཐོན་རྫས་གལ་ཆེན་ནུས་ལྡན་སྒོས་འདོན་སྤྲོད་བྱེད་ཐུབ་པ། འབྲུ་རིགས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་ཐུབ་པར་ཁག་ཐེག་བྱ་དགོས།

གཉིས། ལས་འགན་གཙོ་བོ།

(གཅིག)རྨོ་ཞིང་བེད་སྤྱོད་དང་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

1.སྒྲིག་འགལ་གྱིས་རྨོ་ཞིང་བཟུང་སྤྱོད་བྱེད་པར་ནན་འགོག་བྱ་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་སོ་སོས《ས་ཞིང་དོ་དམ་བཅའ་ཁྲིམས》དང《གཞི་རྩའི་ཞིང་ས་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཐོག རྨོ་ཞིང་སྲུང་སྐྱོང་བྱེད་པའི་དམིགས་འབེན་དང་གཏན་འཇགས་གཞི་རྩའི་ཞིང་ས་སྲུང་སྐྱོང་བྱེད་པའི་ལས་འགན་གཟབ་ནན་སྒོས་དོན་འཁྱོལ་བྱེད་པ་དང་། ཁྲིམས་འགལ་གྱིས་རྨོ་ཞིང་གང་བྱུང་དུ་བཟུང་སྤྱོད་བྱས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་བྱ་སྤྱོད་སྣ་ཚོགས་རྩད་གཅོད་ནན་མོ་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་རྒྱལ་ཁབ་མངའ་ཁོངས་ཀྱི་ཡུལ་ཁམས་འཆར་འགོད། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་བཅས་དང་མི་མཐུན་པའི་འཛུགས་སྐྲུན་ལས་གཞི་ལ་མཁོ་བའི་སྤྱོད་ཞིང་ཡིན་ཕྱིན་ཚང་མར་ཆོག་མཆན་སྤྲོད་མི་ཆོག (འགན་འཁུར་མཁན་སྡེ་ཚན་ནི། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཡིན།)

2.གཏན་འཇགས་གཞི་རྩའི་ཞིང་ས་སྲུང་སྐྱོང་བྱེད་པའི་ལས་འགན་དོན་འཁྱོལ་བྱ་དགོས། གཏན་འཇགས་གཞི་རྩའི་ཞིང་སའི་ཁྱབ་ཁོངས་ཀྱི་ཞིང་ལས་ཐོན་སྐྱེད་ལས་གཉེར་བྱེད་སྒོ་ཚད་ལྡན་དུ་བཏང་སྟེ། གཏན་འཇགས་གཞི་རྩའི་ཞིང་ས་བཟུང་སྤྱོད་བྱས་ནས“འབྲུ་མིན་ཅན་དུ་བསྒྱུར་བའི”ཐོན་སྐྱེད་གཏན་འགོག་བྱེད་ཅིང་། གཏན་འཇགས་གཞི་རྩའི་ཞིང་ས་བེད་མེད་དུ་འཇོག་པ་དང་ས་རྒོད་དུ་ལུས་པར་གཏན་འགོག་བྱ་དགོས། གཏན་འཇགས་གཞི་རྩའི་ཞིང་སའི་ནང་སྡོང་ཕྲུག་དང་ཤིང་འབྲས། ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྒྱུ་བཅས་འདེབས་འཛུགས་བྱེད་པ་དང་། རྫིང་བུ་དྲུས་ནས་ཉ་གསོ་བ། བྱེ་མ་བརྐོས་ནས་ས་ལེན་པ་སོགས་སྒྲིག་འགལ་གྱིས་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ནན་ཏན་གྱིས་ལེབ་བཤེར་བྱེད་ཅིང་། གནས་ཚུལ་དེ་རིགས་མཐོང་འཕྲལ་དུ་ཡོ་བསྲང་བྱེད་པ་མ་ཟད། ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་མཚམས་བཞག་སྟེ། རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”འཕར་ཚད་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་རྩྭ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

3.རྨོ་ཞིང་བེད་སྤྱོད་བྱེད་པའི་སྔོན་ཐོབ་ཀྱི་གོ་རིམ་ངེས་གསལ་བཟོ་དགོས། རྨོ་ཞིང་ལ་དམིགས་བསལ་གྱིས་སྲུང་སྐྱོང་དང་སྤྱོད་སྒོ་བཀག་སྡོམ་བྱས་ནས་རྨོ་ཞིང་ནགས་ས་དང་ལྡུམ་རར་སོགས་ཞིང་སྤྱོད་ས་ཞིང་གི་རིགས་གཞན་དག་ཏུ་བསྒྱུར་བར་ཚོད་འཛིན་ནན་མོ་བྱ་དགོས། གཏན་འཇགས་གཞི་རྩའི་ཞིང་ས་གཙོ་བོར་འབྲུ་རིགས་ཐོན་སྐྱེད་ལ་སྤྱད་དགོས་པ་དང་། སྤྱིར་བཏང་གི་རྨོ་ཞིང་གཙོ་བོར་འབྲུ་རིགས་དང་སྣུམ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་ཐོན་སྐྱེད་ལ་སྤྱད་དགོས་ཤིང་། རྨང་གཞི་འདིའི་སྟེང་ནས་བཟའ་བྱ་མིན་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པར་འོས་འཚམ་གྱིས་སྤྱད་ཆོག སླད་ཕྱིན་ལག་བསྟར་བྱ་དགོས་པའི་ཞིང་བསྐྱུར་རིགས་ལ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་སུ་ཚོད་འཛིན་ནན་མོ་བྱ་དགོས་ཤིང་། འཆར་གཞིའི་ལས་འགན་སྒྲུབ་པར་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་གྲོས་མོལ་བྱས་ཤིང་མོས་མཐུན་བྱུང་རྗེས་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་གཞི་ནས་ལག་ཏུ་བསྟར་ཆོག་པ་དང་། རང་སྒེར་གྱིས་ཞིང་བསྐྱུར་ནགས་གསོའི་བྱ་སྤྱོད་སྤེལ་བར་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་རྩྭ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

4.འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱི་ས་ཞིང་བརྟག་དཔྱད་གཞི་གྲངས་གསར་ཤོས་དང་ཟུང་འབྲེལ་བྱས་ཐོག འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་གྱི་དབྱེ་མཚམས་འབྱེད་པར“ཕྱི་མིག་ལྟ་བའི”བྱ་བ་སྤེལ་བར་རྩ་འཛུགས་བྱེད་ཅིང་། ས་ཞིང་ཁོད་སྙོམས་པ་དང་རྨོ་ཞིང་གཤིན་པོ་ཡིན་པ། འཕྲུལ་ཆས་ཀྱིས་ཞིང་འདེབས་པ་དང་ལོ་ཏོག་བསྡུ་བར་སྟབས་བདེ་ཡིན་ཡང་དབྱེ་འབྱེད་བྱས་མེད་པའི་ས་ཆར་ཁ་གསབ་བཀོད་སྒྲིག་བྱས་ནས། རྨོ་ཞིང་གི་ངོ་བོར་འགྱུར་ལྡོག་བྱུང་བ་དང་དབྱེ་འབྱེད་ཀྱི་ཚད་གཞི་དང་མི་མཐུན་པའི་རིགས་དག་དུས་ཐོག་ཏུ་ལེགས་སྒྲིག་དང་དུས་ཐོག་ཏུ་ཁ་གསབ་བཀོད་སྒྲིག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་གྱི་རྒྱ་ཁྱོན་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱ་དགོས། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་གྱི་སྤྱོད་སྒོ་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་རང་དགར་གྱིས་ལེགས་སྒྲིག་བྱེད་མི་ཆོག་པ་དང་། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དུ་སྒྲིག་འགལ་གྱིས་འདེབས་འཛུགས་དང་གསོ་སྤེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་མི་ཆོག འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དེ་སྒྲིག་འགལ་གྱིས་ཞིང་བསྐྱུར་ནགས་གསོ་དང་རྩྭ་འདེབས་ཀྱི་ཁྱབ་ཁོངས་སུ་འཇུག་མི་ཆོག འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དུ་ཚད་གཞི་ལས་བརྒལ་ཏེ་ས་ཞིང་ནགས་དྲ་འཛུགས་སྐྲུན་བྱེད་མི་ཆོག འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྣ་མང་ཅན་གྱི་མ་དངུལ་གཏོང་གྲངས་ཇེ་མང་དུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དུ་འབྲུ་རིགས་བརྟན་པོ་ཡོང་བའི་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པར་ཁག་ཐེག་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

5.ཞིང་ས་བོགས་མར་གཏོང་ལེན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་དུད་ཀྱིས་འགན་གཙང་ལེན་བྱས་པའི་རྨོ་ཞིང་དེ་ཁེ་ལས་སོགས་གཉེར་སྐྱོང་བྱེད་པོས་བོགས་མ་བྱེད་འཐུས་ལམ་ལུགས་དང་ལྟ་སྐུལ་དོ་དམ་ལམ་ལུགས། ཉེན་ཁ་འགན་སྲུང་གྲོན་དངུལ་ལམ་ལུགས་བཅས་བཙུགས་ཐོག དུས་ཡུན་རིང་བོར་ཞིང་དུད་ཀྱི་འགན་གཙང་ལེན་ས་ཞིང་གཞི་ཁྱོན་ཆེ་བའི་བོགས་མར་གཏོང་ལེན་བྱེད་པའི་གཉེར་སྐྱོང་བྱེད་པོར་འབྲེལ་ཡོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གཞི་ཁྱོན་ཅུང་ཆེ་བའི་ས་ཞིང་བཅོས་སྐྱོང་དང་འཁོར་རྒྱུག་ལས་གཞི་ལ་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་འཆར་འགོད་ལེགས་པོ་བཟོ་བ་བ་མ་ཟད། གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་གཉེར་སྐྱོང་ནུས་པ་དང་ས་ཞིང་གི་སྤྱོད་སྒོ། ཉེན་ཁ་འགོག་ཟོན་ནུས་པ་སོགས་ཀྱི་གནས་ཚུལ་ལ་རྗེས་འདེད་ལྟ་སྐུལ་བྱས་ནས་ཞིང་སའི་ཐོན་ཁུངས་འཕྲོ་བརླག་གཏོང་བ་དང་ཞིང་སའི་སྤྱོད་སྒོ་བསྒྱུར་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་བཀག་འགོག་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན།)

(གཉིས)འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས།

1.ས་གནས་སྲིད་གཞུང་གི་འགན་འཁྲི་ནན་དཀྲི་བྱ་དགོས། རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བར”བཀག་འགོག་བྱེད་པ་དེ་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་འཁོར་གྱི་དམིགས་འབེན་དཔྱད་ཞིབ་དམིགས་ཚད་དུ་འཇུག་ཅིང་། གྲོང་ཁྱེར་དང་ཁུལ་དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)བཅས་སུ་རིམ་པ་བཞིན་ཞིབ་ཕྲའི་ངང་ཁག་བགོས་ཏེ་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་དང་ཐོན་འབོར། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་སོགས་དཔྱད་ཞིབ་དམིགས་ཚད་ཀྱི་གལ་ཆེའི་ཚད་ཇེ་ཆེར་གཏོང་བ་དང་། དཔྱད་ཞིབ་གཟབ་ནན་བྱེད་ཅིང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་མཐོང་ཆེན་དང་འབྲུ་རིགས་དམ་འཛིན་བྱེད་པའི་འགན་འཁྲི་གཙོ་བོ་ནན་དཀྲི་བྱས་ནས་དོན་ཐོག་ཏུ་མ་འཁྱོལ་བ་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་དང་ཁ་ཆད་གྲོས་མོལ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་འབྲུ་རིགས་ཅུས། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་དཔྱད་ཞིབ་གཞུང་ལས་ཁང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

2.ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་འཆར་འགོད་དང་ཟུང་དུ་སྦྲེལ་ཞིང་། ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་འཆར་འགོད་བཟོས་ནས་ལག་བསྟར་ལེགས་པོ་བྱས་ཐོག ཞིང་ས་འཛུགས་སྐྲུན་གྱི་ཚད་གཞིའི་མ་ལག་འཛུགས་པ་དང་། ཚད་གཞི་མཐོ་བའི་ཞིང་ས་གསར་དུ་བསྐྲུན་རྒྱུ་དེ་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་གཙོ་གནད་དུ་བཟུང་ནས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། གཅིག་སྡུད་མུ་སྦྲེལ་ངང་སྐུལ་འདེད་གཏང་དགོས། ས་ཞིང་བཅོས་སྐྱོང་དང་ཆུ་བེད་ལས་གྲྭ། ཞིང་ཁའི་བགྲོད་ལམ་སོགས་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འབྲས་མཐོར་འདེགས་གཏོང་བ་དང་། ཤིང་འབྲས་དང་སྔོ་ཚལ། ཇ་བཅས་སྐྱེ་ལྡན་ལུད་རྫས་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་། སོག་མ་ཞིང་ལུད་དུ་སྒྱུར་བ་སོགས་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བའི་ལག་རྩལ་ཁྱབ་གདལ་དུ་བཏང་ནས་ཆུ་གྲོན་ཆུང་བྱེད་པ་དང་ཕན་འབྲས་ཆེ་བ། ཐོན་འབབ་མཐོ་བ་དང་ཐོན་འབབ་བརྟན་འཇགས་ཡིན་པའི་བཟའ་འབྲུའི་རྒྱ་ཁྱོན་ཆེ་རུ་གཏང་དགོས། 2025ལོར་སླེབས་དུས། ཞིང་ཆེན་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི100ཡན་གསར་དུ་སྐྲུན་པར་བརྩོན་ལེན་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན།)

3.བེད་མེད་དུ་བསྐྱུར་ཏེ་ས་རྒོད་དུ་གྱུར་བའི་ས་ཞིང་བསྐྱར་སྦོལ་རྨོ་འདེབས་བྱེད་ཤུགས་ཆེ་རུ་གཏང་དགོས། ས་རྒོད་དུ་གྱུར་བའི་ཞིང་ས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཐོག བེད་མེད་དུ་བསྐྱུར་ཏེ་ས་རྒོད་དུ་གྱུར་བའི་རྨོ་ཞིང་ལ་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་བཙུགས་ཏེ་རྨོ་ཞིང་ས་རྒོད་དུ་གྱུར་བར་ནན་འགོག་བྱ་དགོས། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་སོགས་ཀྱི་སྲིད་ཇུས་གཟབ་ནན་སྒོས་དོན་འཁྱོལ་བྱས་ནས་ས་རྒོད་དུ་ལུས་པའི་ཞིང་སར་འབྲེལ་ཡོད་ཁ་གསབ་སྤྲོད་མི་རུང་། སྐུལ་འདེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་བསྐྱུར་ཞིང་ས་རྒོད་དུ་བཏང་སྟེ་བསྟུད་མར་ལོ་གཉིས་ཡན་ལ་འགན་གཙང་ལེན་བྱས་པའི་རྨོ་ཞིང་དེ་སྡེ་བ་ཐུན་མོང་གིས་འགན་གཙང་ལེན་བྱེད་མཁན་ཕྱོགས་ལ་དུས་ཐོག་ཏུ་ས་ཞིང་བསྐྱར་སྦོལ་བྱེད་པའི་བཀའ་འབེབས་པ་དང་ཆབས་ཅིག་ཏུ། སྡེ་བ་ཐུན་མོང་གིས་ཚབ་རྨོ་ཚབ་འདེབས་དང་གཏད་གཉེར་ཞབས་ཕྱི་སྒྲུབ་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བསྐྱར་རྨོ་བསྐྱར་འདེབས་བྱ་དགོས། བསྐྱར་རྨོ་རྨོ་ཞིང་གཙོ་བོར་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཐད་སྤྱད་དགོས་པ་དང་། བ་ཚྭར་འགྱུར་ཚད་དང་བྱེ་འགྱུར་གྱི་ཚད་ཚབས་ཆེ་བའི་དབང་གིས་ས་རྒོད་དུ་གྱུར་བ་དང་བེད་མེད་དུ་ལུས་པའི་རྨོ་ཞིང་ལ་ཕལ་འབྲུ་དང་ཕལ་སྲན། གཟན་རྩྭའི་རིགས་སོགས་ཀྱི་ལོ་ཏོག་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་སུ་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

4.སོན་བཟང་དང་ཐབས་བཟང་། འཕྲུལ་ཆས་བཟང་པོ་བཅས་ཀྱི་ཆ་འགྲིག་ལག་རྩལ་ཁྱབ་སྤེལ་གཏང་དགོས། “རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་གཏིང་ཟབ་མོས་ལག་ཏུ་བསྟར་ཐོག ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཞིང་། ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་མངོན་འགྱུར་བྱུང་ནས་ཞིང་ལས་ཀྱིས་གཙོ་སྐུལ་བྱས་པའི་ལག་རྩལ་དམིགས་སར་འབྱོར་ཚད95%ཡན་ཟིན་པར་བྱ་དགོས། དེང་རབས་ཀྱི་སོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་ཞིང་། སོན་ཁུངས་ཀྱི“སྐེ་འགག”ལག་རྩལ་ཧུར་བརྩོན་ཆེན་པོས་འགག་སྒྲོལ་བྱེད་པ་དང་། ས་གནས་དེ་གར་འཚམ་པའི་གཙོ་གནད་ཞིང་ལས་ལོ་ཏོག་གི་སོན་རྒྱུ་ཁག་ཅིག་འགག་གནད་ལས་བསྒྲལ་ཏེ་གསོ་སྤེལ་བྱས་ནས་ཐོན་འབབ་བརྟན་འཇགས་སུ་གཏོང་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཡོངས་ཀྱི་དུག་བྲལ་ཞོག་ཁོག་འདེབས་འཛུགས་རྟེན་གཞི་གལ་ཆེན་དང་སྤུས་ལེགས་ནས་ཀྱི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས་ལོ་རེའི་ལོ་ཏོག་གི་མ་སོན(སོན་བཟང)རྟེན་གཞི་མུའུ་ཁྲི50ཡན་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། སོན་བཟང་ཁྱབ་ཚད98%ལ་ཇེ་མཐོར་གཏང་དགོས། རྒྱལ་ཁབ་ཀྱི་རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་ཀྱི་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཡུལ་བབ་དང་བསྟུན་ཏེ་ལུགས་མཐུན་རེས་འདེབས་བྱེད་པའི་མ་དཔེ་ཁྱབ་གདལ་དུ་གཏོང་ལ། བསྟུད་མར་འདེབས་འཛུགས་ཀྱི་འགོག་རྐྱེན་ཇེ་ཉུང་དུ་བཏང་ནས་ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

5.ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་ཡོང་བར་བྱ་དགོས། ས་གནས་སོ་སོས་གནས་ཡུལ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་ཀྱི་ལོ་ཏོག་འདེབས་འཛུགས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས་ཁུལ་དང་ལོ་ཏོག་ཁག་བགོས་ཏེ་འབྲུ་རིགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་ཇུས་གཞི་བཟོས་ནས་ལག་ཏུ་བསྟར་དགོས། མཚོ་ཤར་དང་ཟི་ལིང་། རྨ་ལྷོ་སོགས་སུ་གཙོ་བོ་ཐོན་འབབ་མཐོ་བ་དང་བརྟན་འཇགས་ཡིན་པའི་གྲོ་དང་ཞོག་ཁོག མ་རྨོས་ལོ་ཏོག རྒྱ་སྲན་སོགས་ཀྱི་ལོ་ཏོག་འདེབས་པ་དང་། མཚོ་ནུབ་ཏུ་གཙོ་བོ་སྤུས་ལེགས་དང་ཐོན་འབབ་མཐོ་བའི་གྲོ་དང་འཕང་འབྲས་འདེབས་ཤིང་། ནས་དང་ལི་གྲོ་འོས་འཚམ་ཀྱིས་འདེབས་པ་དང་། མཚོ་ལྷོ་དང་མཚོ་བྱང་། ཡུལ་ཤུལ། མགོ་ལོག་སོགས་སུ་གཙོ་བོ་ཐན་འགོག་དང་གྲང་འགོག་གི་ནུས་པ་ལྡན་པའི་སྤུས་ལེགས་དང་ཐོན་འབབ་མཐོ་བའི་ནས་གདབ་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འདེབས་གསོ་རྒྱ་ཁྱོན་མུའུ་ཁྲི450ཡན་ཟིན་པར་བརྩོན་ལེན་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན།)

(གསུམ།)སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས།

1.ཞིང་ལས་སྟོབས་ལྡན་དང་ཞིང་བར་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་གསབ་དངུལ། དེ་བཞིན་འབྲུ་རིགས་ཐོན་འབབ་ཆེ་བའི་རྫོང་ཆེ་གྲས་ལ་བྱ་དགའ་སྤྲོད་པ་བཅས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། སྲིད་ཇུས་ཀྱི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་ས་གནས་སྲིད་གཞུང་གིས་ཞིང་ལས་ལ་མཐོང་ཆེན་དང་འབྲུ་རིགས་ལ་དམ་འཛིན་བྱེད་པ་དང་། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་བརྩོན་སྐུལ་བྱ་དགོས། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཐོན་རྫས་གསར་སྤེལ་བྱེད་སྟངས་གསར་གཏོད་བྱས་ནས་སྣ་མང་ཅན་གྱི་མ་དངུལ་གཏོང་བསྡུའི་ལམ་སྲོལ་འཐུས་ཚང་དུ་གཟུག་དགོས། གྲོ་དང་ནས། ཞོག་ཁོག མ་རྨོས་ལོ་ཏོག་སོགས་འབྲུ་རིགས་ལོ་ཏོག་གི་འགན་བཅོལ་ཁྱབ་ཁོངས་རྒྱ་བསྐྱེད་ནས་ཞིང་ལས་འགན་བཅོལ་གྱི་འབྲུ་རིགས་ལོ་ཏོག་ཡོངས་སུ་ཁེབས་པར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འབྲུ་རིགས་ཅུས། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

2.འབྲུ་རིགས་ཐོན་སྐྱེད་ལས་གཉེར་བྱེད་སྟངས་གསར་གཏོད་བྱ་དགོས། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཕྱིའི་རྩ་འཛུགས་ཀྱིས་རྣམ་པ་དུ་མའི་མཉམ་འབྲེལ་དང་མཉམ་ལས་སྤེལ་བར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་ཅིང་། ནུས་པ་ཡོད་པའི་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཕྱིའི་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ས་ཁོངས་རང་བཞིན་གྱི་མནའ་འབྲེལ་ལམ་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་སྐུལ་འདེད་བཏང་ནས་ཞིང་བར་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་གཏང་དགོས། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཕྱིའི་རྩ་འཛུགས་བསྐྱར་སྒྲིག་མཉམ་འབྲེལ་བྱེད་པར་སྐུལ་སྤེལ་བཏང་ནས་ས་ཁོངས་ལས་བརྒལ་བའི་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཕྱིའི་སྣེ་འདྲེན་ཁེ་ལས་ཁག་ཅིག་གསོ་སྐྱོང་བྱས་ཏེ་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ཐོན་ལས་རྒྱ་བསྐྱེད་དང་སྟོབས་ལྡན་དུ་གཏང་དགོས། འབྲུ་རིགས་འདེབས་པའི་བྱེད་པོ་ལ་སྲིད་ཇུས་ཐོག་ནས་བརྩོན་སྐུལ་གཏོང་བར་ཤུགས་སྣོན་ཞིང་། ཁྱིམ་ཚང་གི་ཞིང་ར་དང་ཞིང་བའི་མཉམ་ལས་ཁང་གིས་གཞི་ཁྱོན་འོས་འཚམ་ཡིན་པའི་འབྲུ་རིགས་ལས་གཉེར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཚབ་རྨོ་ཚབ་འདེབས་དང་མཉམ་འགོག་མཉམ་བཅོས། ས་ཞིང་གཏད་གཉེར་ཞབས་ཕྱི་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་མ་ཟད། ཞབས་ཕྱིའི་མ་ལག་འཐུས་ཚང་དུ་འཛུགས་པ་དང་། འབྲུ་རིགས་སྣ་ཚོགས་ལས་སྣོན་དང་གཉེར་སྐྱོང་ཁེ་ལས། ཐོན་འཚོང་ཞབས་ཕྱིའི་རྩ་འཛུགས་བཅས་དང་ཞིང་དུད་བར་འབྲུ་རིགས་ཐོན་འཚོང་གི་འབྲེལ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ་མངག་ཐོའི་ཞིང་ལས་འཕེལ་རྒྱས་སུ་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

3.ཞིང་ལས་ལག་རྩལ་དངོས་སྤྱོད་ཁྱབ་སྤེལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། ཞིང་ལས་ལོ་ཏོག་གི་ས་བོན་ལས་གྲྭ་དང་འདེབས་འཇོག་རེས་མོས་ལམ་ལུགས་ཀྱི་ཚོད་ལྟ། འབྲུ་སྣུམ་ལྗང་མདོག་སྤུས་ལེགས་དང་ཕན་འབྲས་ཆེ་བ། སྐམ་འདེབས་ཞིང་ལས་ལག་རྩལ་ཁྱབ་གདལ། ཞིང་ལས་ལོ་ཏོག་གི་ནད་འབུའི་གནོད་འཚེ་མཉམ་འགོག་མཉམ་བཅོས་སོགས་གཙོ་གནད་ལས་གཞི་དག་དམིགས་བསལ་གྱིས་སྔོན་ལ་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་ལ་གཞོལ་དགོས་པ་དང་། ལས་གཞི་ཡིས་ལག་རྩལ་ཞབས་ཕྱིར་སྐུལ་འདེད་གཏོང་ཞིང་། ལག་རྩལ་ཞབས་ཕྱིར་བརྟེན་ནས་འབྲུ་རིགས་ཐོན་འབབ་འཕར་བར་སྐུལ་འདེད་གཏང་དགོས། གནད་འཕིགས་ལུད་རྒྱག་དང་སྨན་གཏོར་སོགས་གོ་རིམ་ཉམས་ཞན་ཡིན་པའི་འཕྲུལ་ཆས་ཅན་གྱི་ལག་རྩལ་ཚོད་ལྟའི་དཔེ་སྟོན་བྱ་བ་སྤེལ་ནས་འཕྲུལ་ཆས་ཅན་གྱི་སྒྱུར་བཀོད་རིམ་སྤོར་ཇེ་མགྱོགས་སུ་གཏང་དགོས། འབྲུ་རིགས་ཐོན་སྐྱེད་བྱས་རྗེས་ཀྱི་སྲོ་སྐམ་དང་ལས་སྣོན་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་རིང་དུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་ལས་གཉེར་གྱི་ཕྱོགས་བསྡུས་ཕན་འབྲས་ཇེ་ཆེར་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།)

4.གསར་དུ་སྣོན་པའི་རྨོ་ཞིང་དམིགས་ཚད་སྲིད་ཇུས་བེད་སྤྱོད་གང་ལེགས་བྱ་དགོས། ས་ཞིང་ལེགས་སྒྲིག་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་སྣོན་འཕྲི་ཟུང་འབྲེལ། བཟོ་གཏེར་གྱི་བེད་མེད་དུ་བསྐྱུར་བའི་ས་ཞིང་བསྐྱར་སྦོལ་བྱས་ནས་གསར་དུ་སྣོན་པའི་རྨོ་ཞིང་དམིགས་ཚད་བཅས་ཀྱི་སྲིད་ཇུས་གཟབ་ནན་སྒོས་དོན་འཁྱོལ་བྱས་ཏེ། གསར་དུ་སྣོན་པའི་རྨོ་ཞིང་གི་དམིགས་ཚད་སྙོམ་སྒྲིག་བྱས་པའི་ཡོང་འབབ་རྣམས་སྔོན་ལ་ཞིང་ས་འཛུགས་སྐྲུན་ལ་བསྐྱར་དུ་མ་དངུལ་འཇོག་པ་དང་བུན་འཛིན་འཇལ་སྤྲོད། སྐྱེད་ཀ་སྤྲོད་པ་སོགས་ལ་སྤྱད་དགོས། (འགན་འཁུར་མཁན་སྡེ་ཚན་ནི། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཡིན།)

5.བཟོ་ཚོང་མ་རྩ་གྲོང་གསེབ་ཏུ་གཏོང་བར་གོ་རིམ་ལྡན་པའི་སྒོ་ནས་ཁྲིད་སྟོན་བྱ་དགོས། སྲིད་ཇུས་ཀྱི་བརྩོན་སྐུལ་དང་དྲིལ་སྒྲོག་གི་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང་། བཟོ་ཚོང་མ་རྩར་བརྟེན་ནས་གྲོང་གསེབ་ཏུ་སོན་བཟང་གསོ་སྤེལ་དང་འབྲུ་རིགས་ལས་སྣོན་འཁོར་རྒྱུག འབྲུ་རིགས་ཐོན་སྐྱེད་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཕྱི་སོགས་ཀྱི་ཐོན་སྐྱེད་ལས་གཉེར་བྱེད་སྒོ་སྤེལ་བར་བསྟོད་སྐུལ་དང་ཁྲིད་སྟོན་བྱེད་ལ། ཞིང་དུད་དང་ཁེ་ཕན་ཟུང་འབྲེལ་དམ་ཟབ་བྱེད་པའི་ལམ་སྲོལ་བཙུགས་ཏེ་འབྲུ་རིགས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན།)

གསུམ། འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་ཏང་ཨུས་མགོ་ཁྲིད་བྱེད་ཅིང་སྲིད་གཞུང་གིས་འགན་འཁུར་བ་དང་། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཞུགས་པ། གོང་འོག་མཉམ་འགུལ་བྱེད་པ་བཅས་ཀྱི་འབྲུ་རིགས་བདེ་འཇགས་བྱ་བའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ཐོག ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་ནན་དཀྲི་བྱེད་ཅིང་། དཔྱད་ཞིབ་སྐུལ་འདེད་ལ་ཤུགས་བསྣན་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་འབེན་ལས་འགན་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)ལ་ཁག་བགོ་བ་དང་། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་བརྟན་འཇགས་ཡོང་བར་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིའི་ལས་བགོས་གཞིར་བཟུང་ནས་བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ་འབྲུ་རིགས་བདེ་འཇགས་བྱ་བ་ལ་མཉམ་དུ་སྐུལ་འདེད་གཏང་དགོས།

(གཉིས)ཁྱོན་ཡོངས་ནས་ལེབ་བཤེར་བཅོས་སྐྱོང་བྱ་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”གནད་དོན་ལ་ལེབ་བཤེར་བྱེད་པའི་བྱ་བ་དམ་དུ་འཛིན་ཞིང་ལེགས་པོར་བསྒྲུབས་ནས་གསོག་འཇོག་གི་གཞི་གྲངས་གསལ་བོར་ངེས་དགོས། ཤེས་རྟོགས་བྱུང་བའི་གནད་དོན་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་བཀར་ཞིང་བརྟན་པོའི་ངང་ཐག་གཅོད་པ་དང་། རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བར”མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་ཆབས་ཅིག་ཏུ། ནན་ཏན་གྱིས་བརྟག་དཔྱད་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)བཅས་ཀྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”གནས་ཚུལ་བརྟག་དཔྱད་རེའུ་མིག(མཇུག་ཏུ་ཟུར་འགོད་བྱས་ཡོད)ཁ་བསྐང་སྟེ། འབྲེལ་ཡོད་བྱ་བའི་གནས་ཚུལ་དང་བརྟག་དཔྱད་རེའུ་མིག་ཟླ3པའི་ཟླ་མཇུག་གི་སྔོན་དུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་རྩྭ་ཅུས་བཅས་སོ་སོར་གོང་ཞུ་སྐྱེལ་སྤྲོད་བྱེད་པ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཟླ6པའི་ཟླ་མཇུག་གི་སྔོན་དུ་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་དབུལ་དགོས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱི་བྱ་བ་ལེགས་པོ་བསྒྲུབ་དགོས།

(གསུམ)ཉིན་རྒྱུན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་ཤིང་། སྲུང་སྐར་རྒྱང་ཚོར་ལག་རྩལ་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཏེ། དུས་ཚིགས་རེར་རྨོ་ཞིང་དུ་འབྲུ་རིགས་འདེབས་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་པ་དང་། ལོ་རེར་འདེབས་འཛུགས་ཁུལ་གཙོ་བོའི་རྨོ་ཞིང་གི་ས་བཅུད་འགྱུར་ལྡོག་བྱུང་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་དགོས། ས་ཁོངས་བཀར་ཏེ་མཁའ་དབྱིངས་ཀྱི་རྒྱང་ཚོར་སྲུང་སྐར་གྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་ཚོད་ལྟའི་གནས་བཙུགས་ནས། ཞིང་ལས་ལོ་ཏོག་དབྱེ་འབྱེད་དང་རྒྱ་ཁྱོན་ཐོན་འབོར། གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བཅས་ཀྱི་བྱ་བ་སྤེལ་ནས་དུས་ཚིགས་རེར་ཞིང་ཆེན་ཡོངས་སུ་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”གནས་ཚུལ་བརྡ་ཁྱབ་གཏང་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་ས་ཁོངས་དེ་གའི་རྨོ་ཞིང་དུ་འབྲུ་རིགས་འདེབས་པའི་གནས་ཚུལ་ལ་འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་བྱས་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་པ་དང་། གནས་ཚུལ་གལ་ཆེན་དག་དུས་ཐོག་ཏུ་རིམ་པ་བཞིན་སྙན་སེང་ཞུ་དགོས་པ་མ་ཟད། དུས་བཀག་ལྟར་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་གྱི་དམིགས་བྱའི་ལོ་ཏོག་འདེབས་འཛུགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་ནས། གློག་རྡུལ་ས་བཀྲ་དང་གཞི་གྲངས་མཛོད་དུས་ཐོག་ཏུ་གསར་སྒྱུར་བྱས་ཏེ་ཆ་འཕྲིན་ཅན་དང་ཞིབ་ཕྲ་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བར་བྱ་དགོས།

(བཞི)ཡུན་ཕན་ལམ་སྲོལ་གཟུག་དགོས། རྨོ་ཞིང“ཞིང་མིན་ཅན་དུ་བསྒྱུར་བ”དང“འབྲུ་མིན་ཅན་དུ་བསྒྱུར་བའི”གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཙུགས་ཐོག ཐེར་འདོན་བརྒྱུད་ལམ་ཤར་བགྲོད་ཡོང་བ་དང་། ཁུངས་སྣེ་དང་ལེན་བྱེད་པའི་ཁྱབ་ཁོངས་དང་བརྒྱུད་སྒྲུབ་སྐུལ་སྒྲུབ་ལས་རིམ་ཚད་ལྡན་དུ་གཏོང་བ། རྨོ་ཞིང་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེར་གཏོང་བ། འགན་འཛོལ་དང་འགན་འཁྲི་ཤོར་བའི་སྡེ་ཁག་དང་མི་སྣའི་འགན་འཁྲི་རྩད་གཅོད་ནན་མོ་བྱས་ནས་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཐོག འབྲུ་རིགས་འདེབས་པའི་བྱེད་པོ་དང་ཞིང་དུད་ཀྱིས་འབྲུ་རིགས་ཐོན་སྐྱེད་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བར་ཁྲིད་སྟོན་བྱེད་ཅིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”བྱ་བ་ཤེས་རྟོགས་བྱུང་ཚད་དང་དེའི་ནང་དུ་ཞུགས་ཚད་ཇེ་མཐོར་བཏང་སྟེ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་དང་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་གཏོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་བསྐྲུན་དགོས།

ཇུས་གཞི་འདི2021ལོའི་ཟླ2པའི་ཚེས22ཉིན་ནས་བཟུང་ལག་བསྟར་བགྱི་དགོས།

ཟུར་བཀོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)བཅས་ཀྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”གནས་ཚུལ་བརྟག་དཔྱད་རེའུ་མིག


ཟུར་བཀོད།

    ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)བཅས་ཀྱི་རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”གནས་ཚུལ་བརྟག་དཔྱད་རེའུ་མིག

                     ཁ་སྐོང་སྙན་ཞུ་འབུལ་བའི་སྡེ་ཚན། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)                          རྩིས་གཞི། མུའུ་ཁྲི།

གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)དེ་གའི་རྨོ་ཞིང་གཞི་རྩའི་གནས་ཚུལ།

1.རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན།

 

2.ཆུ་འདྲེན་པའི་ས་ཞིང་གི་རྒྱ་ཁྱོན།

 

3.སྐམ་སའི་རྒྱ་ཁྱོན།

 

གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)དེ་གའི་རྨོ་ཞིང་བེད་སྤྱོད་བྱས་ཚུལ།་

1.ལོ་ཏོག་རྨོ་འདེབས་ཀྱི་སྤྱིའི་རྒྱ་ཁྱོན།

 

འབྲུ་རིགས་ལོ་ཏོག་གི་རྒྱ་ཁྱོན།

 

སྣུམ་རིགས་ལོ་ཏོག་གི་རྒྱ་ཁྱོན།

 

སྔོ་ཚལ་ལོ་ཏོག་གི་རྒྱ་ཁྱོན།

 

ལོ་ཏོག་གཞན་དག་གི་རྒྱ་ཁྱོན།

 

2.རྨོ་ཞིང“འབྲུ་མིན་ཅན་དུ་བསྒྱུར་བའི”འདེབས་འཛུགས་རྒྱ་ཁྱོན།

 

3.བེད་མེད་དུ་བསྐྱུར་བའི་རྨོ་ཞིང་གི་རྒྱ་ཁྱོན།

 

4.ས་རྒོད་དུ་གྱུར་བའི་ས་ཞིང་གི་སྤྱིའི་རྒྱ་ཁྱོན།

 

གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)དེ་གའི་རྨོ་ཞིང་འཁོར་རྒྱུག་བྱས་ཚུལ།་

1.རྨོ་ཞིང་འཁོར་རྒྱུག་བྱས་ཚུལ།

 

2.རྨོ་ཞིང་འཁོར་རྒྱུག་དང་འདེབས་འཛུགས་བྱས་ཚུལ། 

འབྲུ་རིགས་ལོ་ཏོག

སྣུམ་རིགས་ལོ་ཏོག

ལོ་ཏོག་གཞན་དག

གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ།)དེ་གའི་ཞིང་ལས་ལས་གཉེར་བྱེད་པོ་གསར་བའི་གནས་ཚུལ།