མཚོ་སྲིད་གཞུང་ལས་ཐིན[2021]ཨང4བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་གཏེར་ཆུའི་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

མཚོ་སྔོན་གྱི་གཏེར་ཆུ་ནི་སའི་གོ་ལའི་མཐའ་སྣེ་གསུམ་པ་དང་། འཛམ་གླིང་གི་ཆེས་གཙང་བའི་ས་ཁུལ་ཆེན་པོ་བཞི། ཀྲུང་ཧྭའི་ཆུ་གཏེར་བཅས་ཁྱད་འཕགས་ཀྱི་ཡུལ་ན་གནས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཏེར་ཆུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་རྐང་འཛིན་ཐོན་ལས་དང་དཔལ་འབྱོར་འཕར་གཞི་གསར་བ་ཞིག་ཆགས་པར་བྱེད་ཆེད། ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་བརྒྱུད། ད་ལྟ་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དུས་བསྟུན་བབ་བསྐྱོད་ངང་ལག་ལེན་མཐར་ཕྱིན་བྱེད་པ་དང། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ཏེ།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་དང “དཔལ་འབྱོར་རྣམ་པ་བཞི”ཡི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་བཟང་ཆ་དང་ཐོན་ལས་ཀྱི་རྨང་གཞི་རྒྱབ་རྟེན་དུ་བྱེད་པ་དང་། “གཞི་ཁྱོན་ཚོད་འཛིན་དང་། བསྡོམས་འབོར་གཏན་འཇགས། གྲུབ་ཚུལ་ལེགས་སྒྲིག ཚོང་རྟགས་གྲགས་ཅན་གཏོད་པ་”བཅས་ལྟེ་བར་འཛིན་པ། རྒྱུ་རྐྱེན་གཙོ་བོ་སྡེབ་སྒྲིག་དང་། ཁྱུ་ཚོགས་གསོ་སྐྱོང་། སྤུས་ཀ་ལེགས་སུ་གཏོང་བ། ཁྲོམ་ར་རྒྱ་སྐྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ་ཐོན་ལས་ཀྱི་ཞན་ཆ་ཁ་གསབ་དང་། རིག་གནས་ཡུལ་སྐོར་གྱི་བདེ་ཐང་ཐོན་ལས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱས་ནས། སྣེ་འདྲེན་ཁེ་ལས་ཁག་ཅིག་སྐྱེད་སྲིང་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་གྲགས་ཅན་ཁག་ཅིག་གསར་སྐྲུན་བྱེད་ཅིང་། གཞི་ཁྱོན་འོས་འཚམ་ཡིན་པ་དང་། སྤུས་ཀ་རྩེ་གྲས། སྣ་རིགས་མང་བ། ཕན་འབྲས་འབུར་དུ་ཐོན་པ། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གཏེར་ཆུ་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་དགོས།

(གཉིས)གཞི་རྩའི་རྩ་དོན།

1. ཁྲོམ་རས་གཙོ་ཁྲིད་དང་སྲིད་གཞུང་གིས་ཁྲིད་སྟོན་བྱ་དགོས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ཐོན་ཁུངས་དང་རྒྱུ་རྐྱེན་གཙོ་བོ་ལེགས་ཆ་ལྡན་པའི་ཁེ་ལས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱ་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་གང་ཐུབ་བྱས་ནས་སྲིད་ཇུས་ཐོག་ནས་རོགས་སྐྱོར་དང་། ཚད་གཞིའི་མ་ལག་འཛུགས་སྐྲུན། འཆར་འགོད་ཁྲིད་སྟོན། སྤུས་ཚད་ལྟ་སྐུལ། ཆ་འཕྲིན་ཡོངས་བསྒྲགས་བཅས་ཐད་དུ་སྲིད་གཞུང་གི་འགན་འཁྲི་ཤུགས་ཆེར་བཏང་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས།

2. སྐྱེ་ཁམས་སྔོན་ལ་འཇོག་པ་དང་གཞི་ཁྱོན་ཚོད་འཛིན་བྱ་དགོས། སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། ཐོན་ཁུངས་ཀྱི་བསྡོམས་འབོར་དང་། སྔོག་འདོན་བྱེད་ཆོག་པའི་ཚད། ཁྲོམ་རའི་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད་དང་། ཆ་འགྲིག་ཐོན་ལས་འཕེལ་རྒྱས། ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་མཐུན་སྦྱོར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏང་དགོས།

3. སྤུས་ཚད་ཨང་དང་པོར་འཇོག་པ་དང་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱ་དགོས། སྤུས་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། སྣ་རིགས་མང་དུ་གཏོང་རྒྱུ་དང་སྤུས་རྟགས་གཏོད་རྒྱུ་གཙོ་གནད་དུ་བྱས་ཏེ་ཁེ་ལས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་།“མཚོ་སྔོན་གྱི་སྐྱེ་ཁམས་གཏེར་ཆུ”ས་ཁོངས་ཀྱི་སྤུས་རྟགས་གཏོད་པ་བཅས་བྱས་ནས་གཏེར་ཆུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་དགོས།

4. མཉམ་འདྲེས་ངང་སྐུལ་འདེད་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏང་དགོས། སྒྲིག་ཆས་གསར་བ་དང་། ལག་རྩལ་གསར་བ། བཟོ་རྩལ་གསར་བ་བཅས་བེད་སྤྱོད་མགྱོགས་སུ་བཏང་ནས་ཅན་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས། རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་ཆ་འགྲིག་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཏེར་ཆུའི་ཐོན་ལས་དེ་རིག་གནས་ཡུལ་སྐོར་དང་བདེ་ཐང་ཐོན་ལས་བཅས་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།

(གསུམ)འཕེལ་རྒྱས་ཀྱི་དམིགས་འབེན།

1. ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གཏེར་ཆུའི་ཐོན་ནུས་ཏུན་ཁྲི100ཡན་ཟིན་པ་དང་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་80ཡན་མངོན་འགྱུར་ཐུབ་པ་བྱས་ནས་རྒྱལ་ཡོངས་ཀྱི་གཏེར་ཆུའི་ཐོན་ལས་ཁྲོད་ཀྱི་ཁྲོམ་རའི་ཐོབ་སྐལ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།

2. ཐོན་ལས་ཀྱི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱ་དགོས། སྟོབས་ཤུགས་ལྡན་པའི་གཏེར་ཆུ་རྩེ་གྲའི་ཁེ་ལས་ནང་འདྲེན་ཧུར་ཐག་བྱས་ནས་སྒོར་དུང་ཕྱུར་བཅུ་རིམ་པའི་རྐང་འཛིན་ཁེ་ལས3ནས5བར་སྐྱེད་སྲིང་བྱས་ཏེ། སྤུས་རྟགས་གྲགས་ཅན་དང་ཚོང་རྟགས གྲགས་ཅན1ནས2བར་གཏོད་ཐུབ་པར་བརྩོན་ལེན་བྱས་ནས་མཚོ་སྔོན་གཏེར་ཆུའི་མུ་འབྲེལ་ཚོང་རྟགས་བཟོ་དགོས།

3. གསར་གཏོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། གཏེར་ཆུའི་ཐོན་ལས་ལག་རྩལ་གསར་གཏོད་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། ཁེ་ལས་ཆུང་ འབྲིང་གི་ལག་རྩལ་གསར་གཏོད་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས1ནས2བར་འཛུགས་སྐྲུན་བྱ་དགོས།

4. ཐོན་ལས་ཆ་འགྲིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས། གཏེར་ཆུའི་ཐོན་ལས་གཙོ་གནད་ས་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་བ་དང་། འབྲེལ་ཡོད་ཆ་འགྲིག་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། གཙོ་གནད་ས་ཁུལ་གྱི་གཉེར་འཚོང་ལྟེ་གནས་རིམ་བཞིན་གཟུག་དགོས།

གཉིས། ལས་འགན་གཙོ་བོ།

(གཅིག)ཆུའི་ཐོན་ཁུངས་དངོས་གཉེར་བྱ་དགོས།

1. ཆུའི་ཐོན་ཁུངས་ལ་ཡོངས་ཁྱབ་ཞིབ་བཤེར་བྱ་དགོས། ཡོངས་ཁྱབ་ཞིབ་བཤེར་གྱི་རྨང་གཞིར་གཞི་ཚུགས་ནས་སྤུས་ལེགས་གཏེར་ཆུ་ཆུ་མགོའི་འབེན་ཁུལ་ཁག་གཅིག་གཏན་འཁེལ་བྱེད་པར་བརྩོན་ལེན་བྱས་ཏེ་རྩད་ཞིབ་བྱེད་པ་དང་། གཏེར་ཆུའི་ཆུ་མགོའི་ཆུ་དཔྱད་ས་གཤིས་ཀྱི་ཆ་རྐྱེན་གཞི་རྩའི་ཆ་ནས་རྩད་ཆོད་ཐུབ་པ་བྱས་ཏེ་གཏེར་ཆུའི་ཐོན་ཁུངས་ལ་གདེང་འཇོག་རགས་ཙམ་བྱེད་དགོས་པ་མ་ཟད། ད་དུང་གཏན་འཁེལ་བྱས་པའི་གཏེར་ཆུའི་ཆུ་མགོའི་འབེན་ཁུལ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ལོ་འཁོར་དབྱེ་ནས་རྩད་ཞིབ་བྱ་བ་སྤེལ་དགོས།

2. ཆུ་མགོའི་ས་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། སྲུང་སྐྱོང་དང་གསར་སྤེལ་མ་ལག་བཙུགས་ཐོག་གཏེར་ཆུའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པ་དང་། གཏེར་ཆུའི་ཐོན་ཁུངས་གསར་སྤེལ་བྱེད་ཚད་དེ་ཆུའི་ཐོན་ཁུངས་ཀྱི་དམར་ཐིག་ལས་རྒལ་མི་ཆོག གཏེར་ཆུའི་ཐོན་ལས་ལས་གཞིའི་དུས་མགོའི་ས་ཆ་འདེམས་སྐབས་གཏན་འབེབས་ལྟར་སྐྱེ་ཁམས་ཁོར་ཡུག་དང་། ཆུ་བེད། ནགས་ཚལ་དང་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས། གསར་སྤེལ་བྱས་ཟིན་པའི་ཆུ་མགོའི་ས་ཁུལ་གྱི་སྐྱེ་ཁམས་འགྱུར་ལྡོག་ལ་འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་དང་། ཆུ་མགོའི་ས་ཁུལ་གྱི་འཕྲོད་བསྟེན་འགོག་སྲུང་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཉིས) ཆུའི་ཐོན་ལས་ཧུར་པོར་གཏང་དགོས།

1. ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་བྱ་དགོས། ས་གནས་སོ་སོའི་ཐོན་ཁུངས་ལྷན་གནས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ། གཏེར་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དུ་ཐོན་ལས་ཁྱུ་ཚོགས་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་པ་དང་། ས་ཁོངས་ཐོན་ལས་ཀྱི་ཆ་འགྲིག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཁྱད་ཆོས་འབུར་ཐོན་དང་ཐབས་སྒྱུར་འཕེལ་རྒྱས་ཀྱི་གཏེར་ཆུའི་ཐོན་ལས་བཀོད་པ་ཆགས་པར་སྐུལ་འདེད་གཏང་དགོས། ཟི་ལིང་གྲོང་ཁྱེར་གྱིས་ས་བབ་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་སྤྱད་དེ་གཏེར་ཆུའི་ཐོན་ལས་དང་འབྲེལ་བ་ཡོད་པའི་པར་འདེབས་ཐུམ་སྒྲིལ་དང་། ཞིབ་བཤེར་ཚད་ལེན། ཐོན་རྫས་ཞིབ་འཇུག་གསར་སྤེལ། ལག་རྩལ་ཞབས་ཕྱི་སོགས་ཆ་འགྲིག་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་གཏང་དགོས། མཚོ་ཤར་གྲོང་ཁྱེར་གྱིས་རིམ་པ་མཐོ་འབྲིང་གི་ཁྲོམ་རར་ཕྱོགས་པའི་སི་དང་གཞི་རྒྱུ་གཞན་དག་ལྡན་པའི་གཏེར་ཆུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དེང་རབས་ཀྱི་མཛོད་ཉར་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་གཏོང་བ། ཟོག་འགྲེམས་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་མགྱོགས་སུ་གཏང་དགོས། མཚོ་ནུབ་ཁུལ་གྱིས་རྩེ་གྲའི་ཁྲོམ་རར་ཕྱོགས་པའི་བཏུང་བྱའི་རང་བྱུང་གཏེར་ཆུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བར་མཐོངས་གཅིག་སྡུད་གསར་སྤེལ་དང་། ཐོན་ཁུངས་ལེགས་བསྡུས་བེད་སྤྱོད། ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས། ཞབས་ཕྱི་གཅིག་སྡུད་དང་ཆ་འགྲིག་བཅས་ཀྱི་ཐོན་ལས་འདུས་ཁུལ་ཁག་ཅིག་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་དགོས། རྨ་ལྷོ་ཁུལ་གྱིས་རང་བྱུང་ལྦུ་ཆུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཏེར་ཆུ་ཐོན་ལས་ཀྱི་ཚོགས་སྤྱི་གཏོད་དེ“ཆུ་མགོ་གཅིག་ལ་རྡོལ་མིག་གཉིས”ཀྱི་ཆུའི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་ཆུ་ཐོག་གི་བརྗོད་བྱ་གཙོ་བོའི་སྐྱེ་ཁམས་གླིང་འཛུགས་སྐྲུན་བྱ་དགོས། མཚོ་བྱང་ཁུལ་གྱིས་བཏུང་བྱའི་རང་བྱུང་ལྦུ་ཆུ་རྩེ་གྲ་དང་། གཏོར་ཆུ། བྱིས་པའི་འཐུང་ཆུ། ཇ་སྦངས་ཆུ་སོགས་ཆེད་སྤྱོད་ཆུ་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏང་དགོས། མཚོ་ལྷོ་ཁུལ་གྱིས་ཐཱན་སྐྱུར་གཏེར་ཆུ་དང་འཚོ་བཅུད་ཆུའི་འཕེལ་རྒྱས་ཐད་ལ་ཤུགས་བརྒྱག་དགོས། མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ་གྱིས་ཐཱན་སྐྱུར་ནཱ་མཱེ་ཅན་གྱི་སི་འདུས་པའི་བཏུང་བྱའི་རང་བྱུང་གཏེར་ཆུ་འཕེལ་རྒྱས་ཐད་ལ་ཤུགས་ཆེན་བཏང་ནས། ཚ་གཏེར་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་ཀྱིས་སྤྱད་དེ་མཚོ་བྱང་ཁུལ་དང་། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ་བཅས་སུ་དངོས་བཅོས་གཏེར་ཆུའི་ཐོན་ལས་འཕེལ་རྒྱས་གཏང་དགོས།

2. ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ཚན་རིག་ཞིབ་འཇུག་ལ་མ་དངུལ་འཇོག་པ་དང་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་བྱས་ཏེ། བྱེད་ནུས་ཆུ་དང་། རང་གཤིས་ཅན་གྱི་འཐུང་ཆུ་རྩེ་གྲ། རབ་དང་རིམ་པ་མཐོ་འབྲིང་གི་གཏེར་ཆུའི་ཐོན་རྫས་བཅས་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་ཁུངས་གསར་སྤེལ་གྱི་སྤུས་ཚད་མཐོ་རུ་གཏང་དགོས། ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་དང་། སྣེ་འདྲེན་རྐང་འཛིན་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་འཛུགས་པར་རྒྱབ་སྐྱོར། ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་ལས་བྱེད་པར་ཤུགས་སྣོན་བཅས་བྱས་ཏེ་གཏེར་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་བཟོ་བའི་འགག་རྩའི་ལག་རྩལ་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་ཁག་ཅིག་འགག་སྒྲོལ་བྱ་དགོས། ཚན་རྩལ་རྣམ་གྲངས་གསོ་སྐྱོང་ལས་སྟེགས་བསྐྲུན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏང་དགོས།

3. སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་གཞི་ཁྱོན་ཡན་གྱི་གཏེར་ཆུ་ལས་རིགས་ཁེ་ལས་གཙོ་གནད་དུ་བཟུང་སྟེ། ཁེ་ལས་ཀྱིས་ཁྲོམ་ར་ཅན་གྱི་བྱེད་སྟངས་བརྒྱུད་དེ་མ་དངུལ་མཉམ་འཇོག་དང་མཉམ་ལས་བྱེད་པའམ་ཡང་ན་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པར་བསྔགས་སྐུལ་བྱས་ནས། ལག་རྩལ་དང་། འཇོན་མི། ཁྲོམ་ར་སོགས་ཀྱི་ཐོན་ཁུངས་དེ་ལེགས་ཆ་ལྡན་པའི་ཁེ་ལས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། རིན་ཐང་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དངོས་མང་སྟོན་ཚོགས་དང་། མཉམ་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ། ཚོགས་པ་སྒྲིག་འཛུགས་ཀྱིས་ཚོང་འགུག་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་འཐབ་ཇུས་མ་དངུལ་འཇོག་མཁན་དང་དམངས་ཁྲོད་མ་རྩ་འགུག་ཐབས་བྱས་ཏེ་རང་ཞིང་གི་གཏེར་ཆུའི་ཐོན་ལས་ལ་མ་དངུལ་བཞག་ནས། མགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་གཞི་ཁྱོན་ཏུན་ཁྲི་20ཡན་གྱི་སྤུས་ལེགས་ལས་གཞི་ཁག་གཅིག་འཛུགས་སྐྲུན་བྱ་དགོས།

(གསུམ)གྲགས་ཆེ་བའི་ཆུའི་ཚོང་རྟགས་བཟོ་དགོས།

1. ཚོང་རྟགས་གྲགས་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ས་མཐོའི་རང་བྱུང་གཏེར་ཆུའི་རིག་གནས་ནང་དོན་དང་སྐྱེ་ཁམས་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱས་ནས།“སྐྱེ་ཁམས་མཚོ་སྔོན་དང་སྤུས་ལེགས་གཏེར་ཆུའི”སྤྱི་པའི་སྤུས་རྟགས་དང་སྐྱེ་ཁམས་ཤོག་བྱང་བཏོད་དེ་མཚོ་སྔོན་གྱི་རང་བྱུང་གཏེར་ཆུའི་སྤུས་རྟགས་ཧྲིལ་པོའི་གཟུགས་བརྙན་བསྐྲུན་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དང་ཁེ་ལས་ཀྱིས་ཀྲུང་གོའི་ཡོངས་ཁྱབ་ཚོང་རྟགས་གྲགས་ཅན་དང་། ས་གཤིས་མཚོན་རྟགས་ར་སྤྲོད་ཚོང་རྟགས། སྲུང་སྐྱོང་ཐོན་རྫས་བཅས་ཧུར་ཐག་གིས་གསོ་སྐྱོང་དང་ཡིག་ཐོག་སྙན་ཞུ་འབུལ་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཡོངས་ཁྱབ་ཚོང་རྟགས་གྲགས་ཅན་དང་ས་གཤིས་མཚོན་རྟགས་ཀྱི་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱེད་པའི་སྤུས་རྟགས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་དགོས། མཚོ་སྔོན་གྱི་གཏེར་ཆུ་ཚོང་རྟགས་བེད་སྤྱོད་བྱེད་པའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས། ཐོན་རྫས་རྫུན་མ་དང་ཚུལ་མིན་འགྲན་རྩོད་ཀྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏང་དགོས།

2. ཐོན་རྫས་ཀྱི་སྤུས་ཀ་ལེགས་སུ་གཏང་དགོས། རྐང་འཛིན་ཁེ་ལས་ལ་བསྔགས་སྐུལ་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཚད་གཞི་ལས་ནན་པའི་རང་བྱུང་གཏེར་ཆུ་ཁེ་ལས་ཀྱི་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱས་ནས། རང་བྱུང་གཏེར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་དང་། འཕྲོད་བསྟེན་བདེ་འཇགས། བཙན་ཤེད་ཀྱིས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ཁེ་ལས་རྒྱལ་སྤྱིའི་འབྲེལ་ཡོད་རྩ་འཛུགས་ཀྱིས་སྤེལ་བའི་གཏེར་ཆུའི་ཆུ་སྤུས་ལ་གདེང་འཇོག་བྱེད་པར་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཡོ་རོབ་མནའ་འབྲེལ་སོགས་གཏེར་ཆུ་རྩེ་གྲའི་སྤུས་ཚད་ཚད་གཞིར་སླེབས་པའི་ཁེ་ལས་ལ་བྱ་དགའ་སྟེར་དགོས། ཕྱིར་འཚོང་ཁས་ལེན་ངོས་འཛིན་མ་ལག་དང་ཐོན་རྫས་ཁུངས་འདེད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཁེ་ལས་ཀྱིས་བསྐྲུན་ཟིན་པའི་ཁུངས་འདེད་མ་ལག་དེ་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་གལ་ཆེན་ཁུངས་འདེད་ཆ་འཕྲིན་ལས་སྟེགས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏང་དགོས། ཆུ་མགོའི་གནས་ཚུལ་ལ་འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་དང་ཆུ་ལེན་པར་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་དང་། ཕྱིར་འཚོང་། འཛད་སྤྱོད་སོགས་ཀྱི་ལྷུ་ཚིགས་གཞི་གཅིག་ཏུ་འདུས་པའི་གཞི་གྲངས་ཆེན་པོའི་དོ་དམ་མ་ལག་ཆགས་པར་བྱ་དགོས།

(བཞི)ཆུའི་རིག་གནས་བཀྲག་མདངས་འཚེར་བར་བསྐྲུན་དགོས།

1. ཆུའི་རིག་གནས་ཀྱི་ཁོར་ཡུག་བསྐྲུན་དགོས། མཚོ་སྔོན་ཁུ་ནུ་རི་བོའི་གཏེར་ཆུའི་རྟེན་གཞི་དང་། ཆུ་ཐོག་བརྗོད་དོན་གཙོ་བོའི་སྐྱེ་ཁམས་གླིང་། དྭངས་གཙང་ཆུའི་སྐྱེམས་ཁམས་རྟེན་རྫས་བཤམས་མཛོད་ཁང་བཅས་བསྐྲུན་ནས། ཕྱི་ཕྱོགས་དང་སྤེལ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་གཏོང་རྒྱ་ཆེ་རུ་བཏང་སྟེ། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏང་དགོས། “ཀྲུང་ཧྭའི་ཆུ་གཏེར་གཏེར་ཆུའི་རིག་གནས”ལ་དམིགས་ནས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱའི་སྨྱན་སྦྱོར། སྐད་འཕྲིན་སྤྱི་རྟགས། བརྙན་ཐུང་ལས་སྟེགས་བཅས་སྤྱད་དེ་མཚོ་སྔོན་གྱི་གཏེར་ཆུའི་སྤུས་ཚད་དྲིལ་བསྒྲགས་དང་། ཆུའི་ཤེས་བྱ་བརྒྱུད་བསྒྲགས། སྐྱོན་བྲལ་ངང་ཆུ་འཐུང་བའི་འདུ་ཤེས་བརྒྱུད་སྤྲོད་བཅས་བྱས་ཏེ་གཏེར་ཆུའི་ཐོན་ལས་དེ་ས་མཐོའི་ཡིད་དབང་འཕྲོག་ཤུགས་མངོན་པའི་རིག་གནས་ཀྱི་ཆུ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།

2. ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏང་དགོས། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གཏེར་ཆུའི་ཐོན་ལས་དེ་བདེ་ཐང་ཆེན་པོ་དང་། རིག་གནས་ཡུལ་སྐོར་ཆེན་པོ། དབུལ་སྐྱོར་ཆེན་པོ་བཅས་དང་མཉམ་འདྲེས་གཏིང་ཟབ་བྱ་བར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་སྦྱོར་དང་། མཛེས་བཟོ་ལུས་གསོ། སྦྲུམ་མ་དང་ཕྲུ་གུ་བདག་སྐྱོང་སོགས་ཀྱི་ནུས་པ་རྣམ་པའི་ཐོན་རྫས་སྣུར་སྲིང་གསར་སྤེལ་བྱེད་པ། སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་“ཆུ་བཟང་དེ་ལས་རིགས་མང་པོ་དང་མཉམ་དུ་འདྲས་པའི”འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་དགོས། ཆུ་ཚན་གྱི་ས་འོག་ཚ་ནུས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཆུ་ཚན་སོས་དལ་དངོས་གསོའི་ཐོན་ལས་གཏོད་པ་དང་། ཆུ་ཚན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་(སྡེ་བ)བསྐྲུན་ནས་ཆུ་ཚན་གྱི་ཁམས་བདེའི་ལུས་གསོ་དང་། སྤྲོ་གསེང་ལུས་གསོ། ལྟ་སྐོར། སྤྲོ་གསེང་ཡུལ་སྐོར་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་མཉམ་འདུས་རྣམ་པའི་ནུས་པ་ཞིག་ཆགས་པར་བྱས་ཏེ་ཁྱད་ལྡན་ཆུའི་ཐོན་ལས་རྒྱ་ཆེར་གཏང་དགོས།

(ལྔ)ཆུའི་ཁྲོམ་ར་རྒྱ་ཆེར་སྤེལ་དགོས།

1. ཞིང་ཆེན་ནང་ཁུལ་གྱི་ཕྱིར་འཚོང་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ལས་དོན་སྡེ་ཚན་དང་། རྒྱལ་དབང་ཁེ་ལས། སློབ་གྲྭ སྡེ་ཁུལ་བཅས་སོ་སོ་དང་དེ་བཞིན་འགྲེམས་ཚོགས་དང་བྱེད་སྒོའི་ཆེ་གྲས་ཐོག་རང་ཞིང་གི་གཏེར་ཆུའི་ཐོན་རྫས་བེད་སྤྱོད་བྱེད་པར་སྐུལ་མ་གཏང་དགོས། རང་ཞིང་གི་གཏེར་ཆུའི་སྤྱི་པའི་སྤུས་རྟགས་རབ་དང་རིམ་པའི་ཐོན་རྫས་དེ་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། མྱུར་བགྲོད་གཞུང་ལམ་ཞབས་ཕྱི་ཁུལ། མྱུར་བགྲོད་ལྕགས་ལམ་ས་ཚིགས། གནམ་གྲུ་ཐང་། ཚོང་ཁང་ཆེ་གྲས། མགྲོན་ཁང་། སྡེ་ཁུལ་གྱི་སྟབས་བདེའི་ཚོང་ཁང་སོགས་སུ་སྤྱོད་པར་སྐུལ་འདེད་གཏང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་རང་བྱུང་གཏེར་ཆུ་ཐད་ཀར་འཐུང་རྒྱུའི་ལས་གྲྭ་འཚོལ་ཞིབ་བྱས་ནས་སྤེལ་དགོས་པ་དང་། གསར་དུ་བསྐྲུན་པའི་སྡོད་ཁང་ལས་གྲྭ་ལ་རང་བྱུང་གཏེར་ཆུ་ཐད་ཀར་དུད་ཚང་དུ་སྤྱོད་རྒྱུར་སྐུལ་མ་གཏང་དགོས།

2. ཕྱི་ཕྱོགས་སུ་ཕྱིར་འཚོང་བའི་ཐབས་ལམ་རྒྱ་བསྐྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་གཏེར་ཆུའི་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་འོས་སྦྱོར་ཚོགས་འདུ་དང་། ཀྲུང་གོའི་ཟས་རིགས་དངོས་མང་སྟོན་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་གཏེར་ཆུ་རྩེ་གྲའི་ཐོན་ལས་འགྲེམས་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་ གྲགས་ཅན་ནང་ཞུགས་སུ་བཅུག་ནས། ཐབས་ལམ་མང་པོ་ནས་སྤུས་རྟགས་དྲིལ་བསྒྲགས་བྱས་ཏེ་མཚོ་སྔོན་གྱི་གཏེར་ཆུའི་ཐོན་རྫས་ཀྱི་ཁྲོམ་རའི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་གཏང་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་སྤྱད་དེ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཐོན་རྫས་ཕྱིར་འཚོང་རྒྱ་ཆེ་རུ་གཏང་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རང་ཞིང་གི་གཏེར་ཆུའི་ཐོན་ལས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་མགྱོགས་མྱུར་གྱིས་ཞུགས་དགོས། ཁེ་ལས་ཀྱིས་སྐད་གྲགས་ཆེ་བའི་གློག་རྡུལ་ཚོང་དོན་སྟེགས་སོགས་དང་མཉམ་ལས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་དྲ་ཐོག་ཉོ་ཚོང་དང་། ལས་སྣོན་སྡེབ་སྐྱེལ། ལག་རྩལ་ཞབས་ཕྱི། གཏོང་སྤྲོད་རྩིས་རྒྱག་སོགས་ཀྱི་ཕྱོགས་བསྡུས་ཞབས་ཕྱི་འཕེལ་རྒྱས་གཏང་དགོས།

གསུམ། འགན་སྲུང་བྱེད་ཐབས།

(གཅིག) ས་ཆ་དང་གཏེར་ལས་དབང་ཆའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ཆེན་རིམ་པ་ཡན་གྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཆར་གཞིའི་དམིགས་ཚད་ཐད་སྔོན་ལ་འགན་སྲུང་བྱ་དགོས། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལུགས་མཐུན་ངང་ལེགས་སྒྱུར་དང་། ཁེ་ལས་སྣ་ཚོགས་ཀྱིས་དྲང་བདེན་ངང་འགྲན་རྩོད་བྱེད་པར་བསྔགས་སྐུལ་དང་། ཁྲིམས་ལྟར་གཙོ་གཉེར་སྡེ་ཁག་ལ་འབྲེལ་ཡོད་འགྲོ་ལུགས་སྒྲུབ་པར་རེ་ཞུ་བྱས་ཏེ། རང་ཞིང་གི་གཏེར་ཆུ་གསར་སྤེལ་བྱེད་པར་ཞུགས་དགོས།

(གཉིས)ནོར་ཁྲལ་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ལས་གཞིའི་མཛོད་འཐུས་ཚང་དུ་བཏང་ཐོག་གཙོ་གནད་ལས་གཞི་ཁག་གཅིག་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་། གསོག་འཇོག ལག་བསྟར་བཅས་བྱས་ཏེ་ཞིང་ཆེན་རིམ་པའི་བཟོ་ལས་རིགས་སྒྱུར་རིམ་སྤོར་དང་། ཁེ་ལས་ཆུང་འབྲིང་འཕེལ་རྒྱས། ཚན་རྩལ་གསར་གཏོད། སྤུས་རྟགས་འཛུགས་སྐྲུན་སོགས་ཀྱི་ཆེད་སྤྱོད་མ་དངུལ་གྱིས་རྒྱབ་སྐྱོར་བྱ་དགོས། ས་ཁུལ་ལས་བརྒལ་བའི་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་གི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་དཔྱད་དཔོག་གི་གནས་ཐང་འཕར་སྣོན་དང་། བུ་ལོན་བསྐྱར་སྒྲིག་གི་ཁེ་བཟང་། ས་ཆ་དང་ཁང་པའི་བདག་དབང་སྤོ་སྒྱུར་སོགས་ལ་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་དོན་འཁྱོལ་ཡག་པོ་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་གསར་དུ་ཉོས་པའི་སྒྲིག་ཆས་ཀྱིས་རིན་ཐང་འཕར་མའི་དཔྱ་ཁྲལ་འཕྲི་གཅོག་བྱེད་པ་དང་། ཕྱིར་གཏོང་ཁྲལ་སློག་བྱེད་པ། ་སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་ཚད་དུས་རིམ་རང་བཞིན་གྱི་སྒོ་ནས་དམའ་རུ་གཏོང་བ། གཏན་འཇགས་རྒྱུ་ནོར་མགྱོགས་མྱུར་གྱིས་རྙིང་གཅོག་བྱེད་པ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ལུགས་མཐུན་མིན་པའི་སྲིད་འཛིན་གྱི་གྲོན་དངུལ་གཙང་བཤེར་བྱ་དགོས།

(གསུམ)དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་གཏེར་ཆུའི་ཐོན་ལས་ལ་ཕྱོགས་བསྡུས་ཀྱིས་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་བུན། ཐོན་ལས་ཀྱི་ཐེབས་རྩ་སྣ་ཚོགས་བཅས་ཀྱིས་རང་བྱུང་གཏེར་ཆུའི་གཙོ་གནད་ལས་གཞི་ལ་རྒྱབ་སྐྱོར་བྱེད་ཐད་སྔོན་ལ་བརྩོན་ལེན་བྱེད་ཅིང་། དམངས་ཁྲོད་ཀྱི་མ་རྩ་དང་བྱ་གཞག་གསར་གཏོད་ཀྱི་མ་འཇོག་ཐེབས་རྩས་གཏེར་ཆུའི་ཐོན་ལས་ལ་ཞབས་ཕྱི་སྒྲུབ་པར་འགུགས་ཐབས་ཧུར་ཐག་བྱ་དགོས། ཆ་རྐྱེན་དང་མཐུན་པའི་སྣེ་འདྲེན་རྐང་འཛིན་ཁེ་ལས་ཀྱིས་ཁེ་ལས་ཀྱི་བུན་འཛིན་དང་། དུས་ཐུང་གི་མ་དངུལ་བསྡུ་སྒྲིལ་གྱི་འཛིན་ཤོག་དང་དུས་འབྲིང་གི་འཛིན་ཤོག་བཅས་འགྲེམས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྟོབས་ཤུགས་ངེས་ཅན་ལྡན་པའི་གཏེར་ཆུ་ཁེ་ལས་འབྲིང་ཆུང་བདམས་ནས་སྒེར་བུན་འགྲེམས་སྤེལ་བྱ་དགོས།

(བཞི)ཆ་འགྲིག་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གཙོ་གནད་དུ་འཆར་འགོད་བྱས་པའི་གཏེར་ཆུའི་ཐོན་སྐྱེད་རྟེན་གཞིར་མ་དངུལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དགོས་ངེས་ཀྱི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་འཛུགས་སྐྲུན་སྔོན་ལ་བཀོད་སྒྲིག་བྱ་དགོས། གཙོ་གནད་ཁེ་ལས་སམ་ཕྱོགས་གསུམ་པའི་ཟོག་འགྲེམས་ཁེ་ལས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ་ཟི་ལིང་དང་། མཚོ་ཤར། ན་གོར་མོ་བཅས་ས་ཁུལ་དུ་གཏེར་ཆུའི་ཐོན་ལས་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གཏེར་ཆུ་ཐོན་སྐྱེད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་བར་དུས་ཡུན་རིང་ཐུང་གི་གན་རྒྱ་འཇོག་པར་རྒྱབ་སྐྱོར་བྱ་དགོས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་བཟོ་ལས་རིགས་བལྟོས་བཅས་ཀྱིས་ཆ་ཚང་ཞིང་རྨང་གཞི་ཅུང་ལེགས་པའི་མཐུན་རྐྱེན་ལ་བརྟེན་ནས་གཏེར་ཆུའི་ཆ་འགྲིག་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏང་དགོས། ད་ཡོད་ཀྱི་སྤྱི་པའི་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་ཐོན་རྫས་ཐོ་འགོད་དང་། བདེན་དཔང་ར་སྤྲོད། སྤུས་ཚད་ཞིབ་བཤེར་ཚད་ལེན་དང་ཁུངས་འདེད་དང་། གཞི་གྲངས་དབྱེ་ཞིབ། ཁྲོམ་རའི་ཆ་འཕྲིན་འཚོལ་བསྡུ། གློག་རྡུལ་ཚོང་དོན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་གཏེར་ཆུའི་ཐོན་ལས་ཀྱི་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་གཙོ་གནད་དུ་འཛུགས་སྐྲུན་བྱ་དགོས།

(ལྔ)འཇོན་མི་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཁེ་ལས་ཀྱིས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་མཉམ་ལས་བྱས་ཏེ་གཏེར་ཆུའི་ཐོན་ལས་ལ་དཀོན་པའི་འཇོན་མི་གསོ་སྐྱོང་བྱ་རྒྱུར་སྐུལ་ལྕག་དང་། ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་དང་ལས་རིགས་ལག་རྩལ་སློབ་གླིང་ལ་བརྟེན་ནས་ཚད་གཞིའི་བདེན་དཔང་ར་སྤྲོད་དང་། ཕྱི་ཕྱོགས་ཉོ་ཚོང་། ཚོང་གཉེར་དོ་དམ། བཟའ་བཅའི་བདེ་འཇགས། ནད་ཡམས་ཞིབ་བཤེར་ཚད་ལེན། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་ཞུགས་འཐུས་དང་མ་འཇོག་སྲིད་ཇུས་སོགས་ཐད་ཀྱི་ལས་རིགས་སློབ་གསོའི་གསོ་སྦྱོང་གཙོ་གནད་དུ་སྤེལ་དགོས། ཁེ་ལས་ཀྱི་མཐོ་རིམ་དོ་དམ་འཇོན་མིར་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ལས་བཟོ་པའི་སྤྱི་ཡོངས་ཀྱི་བྱང་ཚད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གནས་ཀྱི་ནུས་རྩལ་དང་ཆུ་ཚད་མཐོ་རུ་གཏང་དགོས།

(དྲུག)ལས་རིགས་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས། གཏེར་ཆུ་ཐོན་སྐྱེད་ཁེ་ལས་ཀྱི་ཞུགས་འཐུས་ཚད་གཞི་ནན་པོ་བཟོ་བ་དང་། གཏེར་ཆུ་ཐོན་ཁུངས་ཕན་འབྲས་དམའ་བའི་ངང་གསར་སྤེལ་དང་ཐོན་ནུས་ཕན་འབྲས་དམའ་བའི་ངང་བེད་སྤྱོད་བྱེད་པར་བཀག་འགོག་བྱ་དགོས། རྩ་དོན་ཐོག་གསར་སྐྲུན་དང་རྒྱས་སྐྲུན་ལས་གཞིའི་གཞི་ཁྱོན་ཏུན་ཁྲི10ལས་མི་དམའ་བ་དང་། ཏུན་ཁྲི5མན་གྱི་གཏེར་ཆུའི་ཁེ་ལས་ཀྱིས་སྔར་བས་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པར་བསྔགས་སྐུལ་བྱས་ཏེ་ཐོན་ལས་གཅིག་སྡུད་བྱེད་ཚད་མཐོ་རུ་གཏང་དགོས། ཁོར་ཡུག་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་ཆུ་ཁུངས་སྔོག་འདོན་དང་ཐོན་སྐྱེད་བྱེད་རིམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལས་བརྒལ་བའི་སྔོག་འདོན་བྱེད་རིགས་གཏན་འགོག་བྱ་དགོས། ཆོག་འཐུས་ལག་ཁྱེར་ཐོབ་མེད་པའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་མི་ཆོག་པ་དང་། ཆུ་མགོའི་ས་ཁུལ་འགོག་སྲུང་ལས་གྲྭར་མ་འཇོག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས།

(བདུན)གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་དགོས། སྡེ་ཚན་བར་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་དང་། འཆར་འགོད། ཚད་གཞི་སོགས་ཐད་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱག་དགོས། 《མཚོ་སྔོན་ཞིང་ཆེན་གྱི་གཏེར་ཆུའི་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་མཛུབ་སྟོན་བསམ་འཆར》ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ་བཅས་བྱས་ཏེ་འབྲེལ་ཡོད་སྡེ་ཁག་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་མཛུབ་ཁྲིད་བསམ་འཆར་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ནས་བྱ་བ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་དགོས། གཏེར་ཆུ་ལས་རིགས་མཐུན་ཚོགས་བཙུགས་ནས་དེས་ཁེ་ལས་དང་སྲིད་གཞུང་མཉམ་འབྲེལ་བྱེད་པའི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་དང་། ཁེ་ལས་ཀྱིས་ལག་རྩལ་དང་ཁྲོམ་ར་སོགས་སྦྲེལ་མཐུད་བྱེད་པར་རོགས་བྱས་ནས་ཐོན་ལས་སྔར་ལས་ལེགས་ཤིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།

བསམ་འཆར་འདི2021ལོའི་ཟླ3པའི་ཚེས2ཉིན་ནས་བཟུང་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ2པོའི་ཚེས3ཉིན།