ཀོ་དྲུབས་ལག་ཤེས་ཀྱི་རྒྱུད་འཛིན་པ་རྒྱབ་ཚང་བན་དེ།


རྒྱབ་ཚང་ཀོ་དྲུབས་ལག་ཤེས་ཀྱི་རྒྱུད་འཛིན་པ་བན་དེ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་ངོ་བརྒྱ་ལྷག་གི་རིང་ལ་མ་ཉམས་རྒྱུད་འཛིན་བྱས་པའི་རྒྱབ་ཚང་ཀོ་དྲུབས་ལག་ཤེས་པ་མང་ཤོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་ཡོད། མ་ཟད་མཚོ་སྔོན་མི་རིགས་སྲོལ་རྒྱུན་ལག་ཤེས་ཀོ་དྲུབས་ཀྱི་བསྡུས་གཟུགས་སུ་གྲུབ་ཅིང་། མི་རྣམས་ཀྱི་འཚོ་བའི་ཉེར་སྤྱོད་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ལག་ཤེས་ཐོན་རྫས་སུ་གྱུར། ལྷག་པར་མཚོ་སྔོན་ཀོ་དྲུབས་ལག་ཤེས་འཕེལ་རྒྱས་ཀྱི་རྒྱབ་ཏུ་ཡོད་པ་ནི། མི་རབས་ནས་མི་རབས་སུ་རྒྱུད་འཛིན་བྱས་པའི་སྙིང་སྟོབས་དང་བློ་ཁོག་ཡངས་པོ་དེ་རེད།

མི་མང་པོ་ཞིག་གི་བག་ཆགས་སུ། ལག་ཤེས་པ་ནི་ནམ་ཡང་གཅིག་པུར་བསྡད་ནས་ཁ་ཁུ་སིམ་པོར་ལས་ཀ་གནང་མཁན་རེད། འོན་ཀྱང་བརྙན་མིག་བརྒྱུད་དེ། རྒྱབ་ཚང་ཀོ་དྲུབས་ལག་ཤེས་ཀྱི་རྒྱུད་འཛིན་མི་རབས་བཞི་པ་བན་དེས་རྒྱབ་ཚང་ཀོ་དྲུབས་ལག་ཤེས་དང་མི་རིགས་རིག་གནས་འདི་མི་མང་པོར་བསྟན་ནས་རྒྱུས་ལོན་བྱེད་དུ་བཅུག་ཡོད། བརྙན་ངོས་སུ་བན་དེས་མགོ་བོ་བསྒུར་ནས་བ་ཀོའི་ངོས་སུ་ཚེམས་དྲུབས་བྱས་བྱུང་ལ། ཅུང་ཙམ་འགོར་རྗེས་རི་དྭགས་ཆུང་ཆུང་ཞིག་གི་གཟུགས་བརྙན་རེ་རེ་ཀོ་ངོས་སུ་དྲུབས་པ་གསོན་ཉམས་ཀྱིས་ཀུན་ནས་ཕྱུག །མི་རིགས་ཀྱི་ཁྱད་ཆོས་མངོན་པའི་རི་མོ། ལོ་སྙིང་གི་སེམས་ཅན་བཅུ་གཉིས་སོགས་བན་དེའི་བརྩམས་ཆོས་བརྒྱུད། དྲ་གྲོགས་རྣམས་ཀྱིས་མཚོ་སྔོན་ས་གནས་སོ་སོའི་རིག་གནས་ལ་རྒྱུས་ལེན་བྱེད་ཐུབ་ཡོད།

“དྲ་འཕྲིན་བཀོལ་སྤྱོད”ནི་བན་དེའི་དུས་རབས་དང་བསྟུན་པའི་ཚོད་ལྟའི་ལག་ལེན་ཐེངས་ཤིག་ཡིན་ལ། ལག་ཤེས་བཟོ་རྩལ་གྱི་ལམ་ཁ་བསྒྱུར་བའི་དཀྱོགས་མཚམས་ཤིག་ཀྱང་ངོ་། ། ལོ12སྟེང་། ཁོ་རང་རྟ་ལས་ཟགས་ཏེ་རྨས་སྐྱོན་ཕོག་པ་དང་། ཨ་ཞང་ཚང་དུ་ནད་གསོ་དུས་ཐོག་དང་པོར་ཀོ་དྲུབས་མཐོང་། དུས་དེ་ནས་བཟུང་ལག་རྩལ་དེ་ལས་ཀྱི་བསྐོས་ཐང་དུ་གྱུར། ལོ42སྟེང་དུ་བན་དེ་ལ་གཤག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་རྐྱེན་ངན་བྱུང་ནས་ཞ་བོར་ཆགས། བློ་ཕམ་དང་ཡིད་ཆད་ཀྱི་མི་ཚེའི་གོ་རིམ་བརྒྱུད་པའི་ཁོས་ཡང་བསྐྱར་མེས་པའི་བཞག་པའི་ལག་ཤེས་ཀོ་དྲུབས་བཟོ་རྩལ་གྱི་མེ་སོན་སླར་གསོ་བར་སེམས་ཐག་བཅད། དུས་དེ་ནས་བཟུང་ཚེ་འཇུག་གི་འབད་བྱའི་བྱ་གཞག་འབའ་ཞིག་ཏུ་བརྩིས་ཏེ། ཁྲིའུ་འཁོར་སྟེང་ནས་ཁྱིམ་རྒྱུད་ཀྱི་ཀོ་བཟོ་ལག་ཤེས་རྒྱུད་འཛིན་ལ་གཞོལ་འགོ་བརྩམས།

ལོ་མང་རིང་། བན་དེས་ཀོ་དྲུབས་ལག་ཤེས་འཛིན་སྐྱོང་སྤེལ་གསུམ་ལ་བློ་གཅིག་སེམས་གཅིག་གིས་གཞོལ་ཞིང་། ལོ་བརྒྱའི་ལག་ཤེས་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་གཙག་དྲུབས་ལག་ཤེས་དང་། ལག་བྲིས་ལག་ཤེས་མཉམ་བསྲེས་གྱི་ཐོན་རྫས་གསར་གཏོད་བྱས་པར་མཚོ་སྔོན་ས་གནས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། མི་རབས་ནས་མི་རབས་སུ་རྒྱུད་འཛིན་དར་སྤེལ་བྱུང་བའི་ཀོ་དྲུབས་ལག་ཤེས་འདི་དུས་རབས་འཕེལ་འགྲོས་དང་བསྟུན་ཆེད། བན་དེས་མི་རིགས་ལོ་རྒྱུས་དང་ཆེད་ལས་རིས་འབྲི་ཤེས་བྱར་སྦྱངས་བརྩོན་ལྷོད་མེད་བྱས་པ་དང་ཆབས་ཅིག །བརྙན་ཕབ་སྟངས་ལ་ཚོད་ལྟའི་ཚུལ་དུ་སྦྱངས་ཏེ། རྒྱབ་ཚང་ཀོ་དྲུབས་ལག་ཤེས་ཀྱི་གོ་རིམ་དྲ་ལམ་དུ་བསྟན།

ལག་ཤེས་བརྩམས་ཆོས་རེ་རེར་མེས་པོའི་རིག་གནས་ཀྱི་ཉིང་བཅུད་འདུས་ཤིང་། མཚོ་སྔོན་མི་རིགས་རིག་གནས་དང་མང་ཚོགས་ཀྱི་འཚོ་བ་དང་གོམས་སྲོལ་གྱི་འཕེལ་འགྱུར་སྦྲུམ་ལ། མི་རབས་ནས་མི་རབས་སུ་བརྒྱུས་པའི་བཟོ་པའི་ཐོག་མའི་ཀུན་སློང་དང་འདུན་པ་ཉར་ཡོད། ཚོང་གཉེར་ཕྱོགས་ཀྱིས་བན་དེར་ལག་ཤེས་བཟོ་རྩལ་འདི་འཕྲུལ་ཆས་ལ་བརྟེན་ནས་ཐོན་སྐྱེད་བྱེད་པ་དང་། ཐོན་རྫས་ཀྱི་ནང་དུ་གླང་ཀོ་མ་ཡིན་པའི་རྒྱུ་ཆ་གཞན་སྤྱད་ན་ལེགས་པའི་བསམ་འཆར་བཏོན་ཡང་། བན་དེས་བསམ་འཆར་དེ་དང་ལེན་མ་བྱས།

བན་དེས་བཤད་རྒྱུར། ལག་ཤེས་རྐྱང་མའི་བཟོ་རྩལ་ནི་རྒྱབ་ཚང་ཀོ་དྲུབས་ལག་ཤེས་རྒྱུད་འཛིན་པའི་བསྙོན་དུ་མེད་པའི་འདུན་པ་ཡིན། སྲོལ་རྒྱུན་ལག་ཤེས་ཀྱི་ཀོ་དྲུབས་བཟོ་དབྱིབས་སྤུས་ལེགས་ལ་ལྷད་མ་འདྲེས་པའི་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན། ལྷག་པར་རྒྱབ་ཚང་ཀོ་དྲུབས་ལག་བཟོའི་གོ་རིམ་ནང་ཡི་གེ་དང་རྩྭ་རྩི་ཤིང་། རི་དྭགས་སྣ་ཚོགས་ལ་སོགས་ཀྱི་རི་མོ་བཀོད་ནས་ཚོན་ཕབ་པའི་ཁར། བརྐོས་རིས་དང་རྒྱན་སྣ་ཚོགས་སྤུད་པའི་བཟོ་ཐབས་སྤྱད་ཡོད་ཟེར།

ཁོའི་བརྩམས་ཆོས་ལ་ལོ་རྒྱུས་རིག་གནས་དང་། སྒྱུ་རྩལ་གཟུགས་འབུལ། འཚོ་བའི་ཉེར་སྤྱོད་ལ་སོགས་རིན་ཐང་མང་པོ་འདུས་པར་མ་ཟད། ས་ཁོངས་ཀྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་འདི་རིག་གནས་ཀྱི་མིང་བྱང་དུ་གྱུར། མཚོ་བྱང་གི་མདའ་བཞི་རྫོང་གསེར་དངུལ་ཐང་ཡུལ་ཚོ་དང་། མཚོ་སྔོན་པོ་ཡུལ་ཚོའི་ཀོ་ཐག་ཀོ་བཟོ་ལ་སོགས་རྒྱུད་འཛིན་གསར་གཏོད་དང་འཕེལ་རྒྱས་ཁྲོད་བཟོ་ཐབས་གསར་པ་ལག་ལེན་བྱས་ཡོད་ལ། དེ་ལས་རྒྱབ་ཚང་ཀོ་བཟོ་ལག་ཤེས་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཁྱད་གཤིས་ཅན་གྱི་མངོན་མིན་ཤུལ་བཞག་གི་ཡུལ་སྐོར་ཐོན་རྫས་སྤུས་ལེགས་སྐོར་ཞིག་ཐོན་པར་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པར་གྱུར་ཏོ། །

ཁོན་ཐར་འཚོས་བསྒྱུར།