ཁྲེན་རུའེ་ཧྥུན་གྱིས་གྲོང་ཁྱེར་བདེ་འཇགས་འཕེལ་རྒྱས་ཀྱི་གྲོས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།སྤྱི་ཟླ9པའི་ཚེས13ཉིན་ཞིང་ཨུད་ཀྱི་རྒྱུན་ཨུ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་རུའེ་ཧྥུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་བདེ་འཇགས་འཕེལ་རྒྱས་ཀྱི་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་བླ་ན་མེད་པའི་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་སྟེ། བདེ་འཇགས་དང་འཕེལ་རྒྱས་གཅིག་གྱུར་ཐོག་འཆར་འགོད་བྱེད་པ། རྩ་བ་ནས་བཅོས་སྐྱོང་དང་། བརྒྱུད་རིམ་ལ་དོ་དམ་ཚོད་འཛིན། རྨང་གཞིའི་འགན་ལེན། འཕྲལ་བསྟུན་དོ་དམ་བཅས་བྱེད་པར་ཤུགས་སྣོན་རྒྱག་པ། རྒྱུད་ཁོངས་ཅན་དང་དེང་རབས་ཅན་གྱི་གྲོང་ཁྱེར་བདེ་འཇགས་འགན་སྲུང་མ་ལག་འཛུགས་པར་ཤུགས་རྒྱག་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱ་དགོས་ཟེར།

གྲོས་མོལ་ཚོགས་འདུའི་སྟེང་།གྲོང་ཁྱེར་གྱི་འགོ་ཁྲིད་ཧན་ཤང་ཧུའེ་དང་། ནན་ཧེན་ཡན། ཝུའུ་ཀྲི་ཁྲེང་། ཁྲེན་ཞུའེ་པང་། ཝང་ཀང་བཅས་ཀྱིས་རང་སོ་སོའི་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་བྱས་པ་རེད། གྲོང་ཁྱེར་གྱི་འཕྲལ་སྡོམ་དོ་དམ་ཅུའུ་དང་། གྲོང་ཁྱེར་རང་བྱུང་ཐོན་ཁུངས་འཆར་འགོད་ཅུའུ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུའུ། གྲོང་ཁྱེར་དོ་དམ་ཅུས། ཙོང་ཐུའུ་ཀུང་སི། ཟི་ལིང་ཀྲུང་སྣུམ་འབར་རླངས་ཚད་ཡོད་ཀུང་སི་བཅས་ཀྱིས་སོ་སོའི་ལས་ཀའི་འགན་འཁྲི་ལ་དམིགས་ནས། ལྷག་པའི་གནད་དོན་དང་མི་འདང་སར་དམིགས་ནས་གཏམ་བཤད་བྱས། ཁྲེན་རུའེ་ཧྥུན་གྱིས་ཉན་ཞོར་དུ་ཟིན་བྲིས་བཀོད་པ་དང་།ཚོགས་ཞུགས་མི་སྣ་དང་བསམ་བློ་བརྗེ་རེས་ཡང་ཡང་གནང་བར་མ་ཟད། ཁོང་གིས་བཏོན་པའི་དཀའ་ངལ་ཡོད་པའི་གནད་དོན་རེ་རེ་བཞིན་བརྟག་དཔྱད་དང་ས་ཡུལ་དངོས་སུ་ཞིབ་འཇུག་བྱས་ནས་ཐག་གཅོད་ཀྱི་ཇུས་གཞིར་ཞིབ་འཇུག་གནང་བ་རེད།

ཁྲེན་རུའེ་ཧྥུན་གྱིས་བཤད་རྒྱུར། གྲོང་ཁྱེར་འཕེལ་རྒྱས་ཀྱི་བདེ་འཇགས་ཨང་དང་པོར་བཞག་སྟེ། རང་འགུལ་ངང་ཚད་གཞིའི་ཐད་ནས་བལྟ་དགོས་པ་སྟེ། བསམ་བློ་དང་བྱ་སྤྱོད་ཉིས་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གོང་འཕེལ་དང་བདེ་འཇགས་གཅིག་གྱུར་བྱེད་དགོས་པའི་གལ་ཆེའི་བླང་བྱ་ཐོག་གཅིག་གྱུར་བྱེད་དགོས་པ། བདེ་འཇགས་གོང་འཕེལ་གྱི་འདུ་ཤེས་བརྟན་པོར་བཙུགས་པ་བརྒྱུད། གཅིག་ནས“ནང”དགོས་ལ་གཉིས་ནས“ཕྱི”ཡང་དགོས་པ། “མངོན་གསལ་དོད་པའི་གྲུབ་འབྲས”དང་། “མངོན་མེད་གྲུབ་འབྲས”ཀྱི་སྒོ་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི“རྨང་གཞི”ཇེ་བརྟན་དུ་བཏང་སྟེ།གྲོང་ཁྱེར་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་སྲུང་བྱ་དགོས་ཟེར། གདེང་ཚོད་ཡོད་པའི་སྒོ་ནས་ལྷག་པའི་གནད་དོན་དང་ཞན་ཆ་སྔར་བས་མཐིལ་རྟོགས་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་བ་དམ་འཛིན་ཏན་ཏིག་བཅས་བྱ་དགོས་ཟེར།

ཚོགས་འདུའི་སྟེང་།ཐད་ཀར་བརྗོད་དོན་གཙོ་བོར་དམིགས་པ་ལས་གྲུབ་འབྲས་མི་གླེང་བ་དང་གནད་དོན་ཁོ་ན་གླེང་བས་སྤུས་ཚད་དང་ཕན་འབྲས་ཐོན་པ། གྲོང་ཁྱེར་ཏང་ཨུའི་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁེ་ལས། རྫོང་དང་ས་ཁུལ་སོ་སོའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཤ་མོ་འཚོས་བསྒྱུར།