ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས71པ་བསྡུས་ནས། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། འབྲེལ་ཡོད་བྱ་བའི་སྙན་ཞུ་ཉན་པ་དང་འབྲེལ་ཡོད་བྱ་བའི་བླང་བྱ་བཏོན་པ་རེད། རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མཱ་ཝེ་ཡིས་གཙོ་སྐྱོང་གནང་བ་རེད། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ། ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན་དང་ཏང་ཙུའི་ཁོངས་མི་དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས་པ་རེད། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་ཟུར་ཞུགས་གནང་བ་རེད།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན་གལ་ཆེན། བྱ་བའི་གཙོ་གནད། འཕེལ་རྒྱས་ཀྱི་དམིགས་ཚད་སོགས་ཀྱི་ནང་དོན་གལ་ཆེན་ལ་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་། མི་རིགས་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། སྤྱི་ཡོངས་རང་བཞིན། དུས་རབས་རང་བཞིན། ཆོས་ཉིད་རང་བཞིན་བཅས་སྟངས་འཛིན་ཡང་དག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས། ཞིང་ཆེན་ཨུ་ལྷན་བཅས་ཀྱི་བྱ་བའི་བླང་བྱ། “འདུ་ཤེས་བཞི”མཐོ་རུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་རང་སྐྱོང་ས་གནས་ཀྱི་འཐུས་མིའི་ལས་དོན་ལེགས་པོར་སྒྲུབ་པ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་ཞིང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆ་ལག་བསྟར་བྱེད་ཐབས་འགའ་ཞིག་གི་བསམ་འཆར་ལ་གྲོས་བསྡུར་བྱས་པ་དང་འབྲེལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་སྟེང་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་བཏོན་པའི་གྲོས་འགོའི་གྲོས་གཞི་དང་དེ་བཞིན་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།