ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གིས་ཞིབ་དཔྱད་ཞན་སར་དམིགས་ནས་གཞི་རིམ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ངས་མང་ཚོགས་ལ་དངོས་དོན་སྒྲུབ་པར་བྱེད”ཅེས་པའི་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། སྨན་བཅོས་ཡོ་བྱད་ཐོན་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྨན་བཅོས་ཡོ་བྱད་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉེ་ཆར། ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གིས་མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་སྨན་བཅོས་ཡོ་བྱད་ཞིབ་དཔྱད་ཚད་ལེན་དང་ཞིབ་དཔྱད་མི་སྣ་མངགས་གཏོང་གི་གསོ་སྦྱོང་སྤེལ་ནས། མཚོ་ཤར་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི“དཀའ་ཉེན་དང་རེ་འདུན”གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་རེད།

སྨན་བཅོས་ཡོ་བྱད་ཀྱི་སྤུས་ཀ་བདེ་འཇགས་ཀྱི་ཚད་གཞིར་ཡོད་པར་མ་ཟད་བེད་གོ་ཆོད་པ་ཞིག་ཡོང་རྒྱུར་ཁག་ཁུར་བྱས་ནས། མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་བཅོས་ཡོ་བྱད་ཐོན་རྫས་ཁག20ལ་བརྟག་དཔྱད་བྱས་ནས་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་ལ་ཞིབ་བཤེར་བྱ་རྒྱུའི་རེ་ཞུ་བྱས་པ་རེད། མཚོ་ཤར་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ད་སྔར་སྨན་བཅོས་ཡོ་བྱད་ཞིབ་བཤེར་ཚད་ལེན་གྱི་ལས་དོན་སྤེལ་མེད་ཅིང་། འབྲེལ་ཡོད་ཀྱི་སྨན་བཅོས་ཡོ་བྱད་ཞིབ་བཤེར་ཚད་ལེན་སྒྲིག་ཆས་དང་ཞིབ་བཤེར་ལག་རྩལ་མི་སྣ་སོགས་ཀྱི་གནས་ཚུལ་ལོན་རྗེས། ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གིས་འཕྲལ་མར་སྨན་བཅོས་ཡོ་བྱད་ཞིབ་བཤེར་ཚད་ལེན་ལས་དོན་ཁག20དང་ལེན་བྱས་ཤིང་། ཞིབ་བཤེར་རྩིས་ལེན་བྱེད་སྐབས་སྨན་སྤྱོད་ཁ་ཐུམ་དང་གྱོན་ཆས། སྨན་སྤྱོད་སྲིང་རས་ཡོ་བྱད་སོགས་དང་འབྲེལ། དེ་དང་ཆབས་ཅིག མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་ཀའི་ལས་སྒོ་རྒྱ་ཆེར་གཏོང་བ་དང་ཆེད་ལས་མི་སྣའི་ལས་སྒོའི་ནུས་པ་ཆེ་རུ་གཏང་ཆེད། ཞིབ་བཤེར་མི་སྣ་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་དུ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་གཏོང་བྱས་པ་དང་། ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གིས་སྨན་བཅོས་ཡོ་བྱད་ཞིབ་བཤེར་ལག་རྩལ་རྐང་འཛིན་པ་དམིགས་འཛུགས་བྱས་ནས་གསོ་སྦྱོང་མི་སྣ་ལ“གཅིག་གཏད་གཅིག”གི་མཛུབ་ཁྲིད་བྱས་ཤིང་། གསོ་སྦྱོང་གི་ནང་དོན་ཐད་སྨན་བཅོས་ཆེད་སྤྱོད་ཁ་ཐུམ་དང་། གཅིག་སྤྱོད་དུག་སེལ་ཡོ་བྱད་བེད་སྤྱོད་བྱེད་པ། སྨན་བཅོས་ལ་མཁོ་བའི་ལག་ཤུབས། སྨན་བཅོས་ལ་མཁོ་བའི་གྱོན་ཆས་སོགས་སྣ་ཁ8དང་རྣམ་གྲངས70ལྷག་ཙམ་གྱི་ཞིབ་བཤེར་ལག་རྩལ་ཚུད་ཡོད་པ་རེད།

ད་རེས་ཀྱི་ལས་སྒོའི་རོགས་སྐྱོར་དང་ལག་རྩལ་མཛུབ་ཁྲིད་ལས། མཚོ་ཤར་གྲོང་ཁྱེར་གྱི་སྨན་བཅོས་ཡོ་བྱད་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་དགོས་མཁོ་སྐོང་ཐུབ་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་སྨན་བཅོས་ཡོ་བྱད་ཞིབ་བཤེར་ཚད་ལེན་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས། ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གི“མང་ཚོགས་ལ་བྱ་བ་དངོས་སྒྲུབ་པར་བྱེད”ཅེས་པའི་བྱེད་སྒོའི་འདུ་ཤེས་བརྟན་པོ་དང་བྱས་རྗེས་ཆེན་པོ་འཇོག་པའི་སྙིང་སྟོབས་མངོན་ཡོད་པ་རེད།

ཀླུ་མོས་བསྒྱུར།