མཚོ་སྔོན་ཞིང་ཆེན་གྱིས་སློབ་རའི་ཟས་རིགས་ལ་མགྱོགས་མྱུར་སྒོས་ཞིབ་བཤེར་ཚད་ལེན་བྱེད་ས་ཐོག་མ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚོད་དཀར་དང་ལ་ཕུག་སྟེང་ཞིང་སྨན་གྱི་ལྷག་འཕྲོ་ཅི་ཡང་མེད། ཟླ9པའི་ཚེས1ཉིན་གྱི་སྔ་དྲོ། སློབ་གྲྭའི་ཟས་རིགས་ལ་མགྱོགས་མྱུར་སྒོས་ཞིབ་བཤེར་ཚད་ལེན་བྱེད་ས་ཐོག་མ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མའི་ཟ་ཁང་གི་ཟུར་ཤིག་ཏུ་དངོས་སུ་བཙུགས་པ་རེད། མགྱོགས་མྱུར་ཞིབ་བཤེར་ཚད་ལེན་ཁང་གི་སྒེའུ་ཁུང་ལས་ཟས་རིགས་དག་ལ་མགྱོགས་མྱུར་སྒོས་ཞིབ་བཤེར་ཚད་ལེན་མཁན་ཧའེ་རོང་གིས་བྱང་ཆ་དོད་པའི་ལས་ཀའི་ཁྲོད་སྒྲིག་ཆས་དག་ལ་ལས་སྣོན་བྱེད་པ་དང་ཉོ་བསྡུ་བྱས་པའི་བཟའ་བཅའི་ཟས་རིགས་དག་ལ་ཞིང་སྨན་གྱི་ལྷག་འཕྲོ་དང་སྦགས་བཙོག་ཐེབས་ཡོད་མེད་ལ་ཞིབ་བཤེར་ཚད་ལེན་བྱེད་བཞིན་པ་མཐོང་ཐུབ།

གསར་འགོད་པས་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་ཁང་ནས་རིག་ནུས་ཚད་མཐོའི་ཟས་རིགས་བདེ་འཇགས་ཞིབ་བཤེར་ཚད་ལེན་འཕྲུལ་ཆས་དང་གློག་སྒུལ་འཕྲུལ་ཆས། མ་དཔེ་བསྡུ་རུབ་སྒམ་ཆུང་། མ་དཔེ་འཇོག་སའི་ཅོག་སྒྲོམ། འཁྱེར་བདེའི་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་འཕྲུལ་ཆས། ཞིབ་བཤེར་ཚད་ལེན་ཚོད་ལྟ་སོགས་འཐུས་ཚང་ཅན་གྱི་སྒྲིག་ཆས་འཐུས་ཚང་བཤམས་ཡོད་ལ། ཆ་འཕྲིན་དྲ་རྒྱ+གསོལ་ཁང་བརྙན་རིས་ཀྱི་མ་ལག་བརྒྱུད། ཞིབ་བཤེར་ཚད་ལེན་མཁན་གྱིས་ཉོ་བསྡུ་བྱས་པའི་ཟས་རིགས་རྒྱུ་ཆ་ལ་ཞིབ་བཤེར་ཚད་ལེན་བྱེད་པ་གསལ་བོར་མཐོང་ཐུབ།

ཟས་རིགས་རྒྱུ་ཆའི་མགྱོགས་མྱུར་ཞིབ་བཤེར་ཁང་བཙུགས་པའི་ཉིན་དེར། མཁར་བྱང་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཆེད་ལས་ལག་རྩལ་མི་སྣ་ཡིས་སྒྲིག་ཆས་དག་ལ་ཡུལ་དངོས་སྙོམས་སྒྲིག་ཚོད་ལྟ་བྱས་ཤིང་། དེར་མ་ཟད། སློབ་གྲྭའི་ཟ་ཁང་གི་ལས་བྱེད་མི་སྣ་དག་ལ་ཡང་ལག་རྩལ་མཛུབ་སྟོན་བྱས། ཟས་རིགས་བདེ་འཇགས་ཞིབ་བཤེར་ཚད་ལེན་འཕྲུལ་ཆས་བརྒྱུད་ཡུལ་དངོས་ནས་མགྱོགས་མྱུར་སྒོས་ཞིང་སྨན་གྱི་ལྷག་འཕྲོ་དང་ཤ་ནང་ལ་ཆུ་བརྒྱབ་པ། ནད་ཀྱིས་ཤི་བའི་ཤ། གསོལ་ཚིགས་ཀྱི་དཀར་ཡོལ་གྲལ་དག་མིན། ཟས་རིགས་སྣུམ་དང་སྐྱུར་གྱི་རིན་གོང་། དབྱང་འགྱུར་རིན་ཐང་ཚད་ལས་བརྒལ་ཡོད་མེད་སོགས་ཀྱི་ཞིབ་བཤེར་ཚད་ལེན་རྣམ་གྲངས་ལ་མགྱོགས་མྱུར་སྒོས་ལྟ་ཐུབ་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།