མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་མཐུན་ཚོགས་ཀྱིས་བསྒྲགས་པའི་ཟླ་མཆོད་དུས་ཆེན་སྐབས་ཀྱི་འཛད་སྤྱོད་གསལ་འདེབས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྟེ་ཟླ་མཆོད་དུས་ཆེན་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་ཆེའི་འཛད་སྤྱོད་པ་དག་གིས་དགའ་སྤྲོ་མཛའ་མཐུན་དང་སྤྲོ་སྐྱིད་ལྷན་འཛོམས་ཀྱི་ཟླ་མཆོད་དུས་ཆེན་ལ་རོལ་ཆེད། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས་དུས་ཆེན་སྐབས་ཀྱི་འཛད་སྤྱོད་གསལ་འདེབས་ཁྱབ་བསྒྲགས་བྱས་ཡོད།

ཟླ་གོར་ཉོ་འདེམས་ལ་ངེས་པར་དུ་ནན་ཏན་བྱ་དགོས།

འཚོང་མཁན་འདེམས་རྒྱུར་ཡིད་འཇོག་བྱེད་པ། ཟླ་གོར་ཉོ་སྐབས་དཔང་ཡིག་འཐུས་ཚང་ཅན་གྱི་སྒོ་རྩིས་ཁང་ཆེ་འབྲིང་དང་ཟས་རིགས་ལས་གཉེར་ཚོང་ཁང་། སྒྲིག་སྲོལ་ཅན་གྱི་ཞིང་ཞོར་ཉོ་འཚོང་ཁྲོམ་རྭ་སོགས་དཔང་ཡིག་འཐུས་ཚང་ཡིན་པའི་ས་གནས་ནས་ཉོ་འདེམས་བྱེད་རྒྱུ་ནི་རབ་ཀྱི་མཆོག དྲ་ལམ་ནས་ཟླ་གོར་ཉོ་བསྡུ་བྱེད་པ་ལ་རང་ནུས་ཅི་ལྕོགས་ཀྱིས་ཚོང་གཉེར་ཐོབ་ཐང་རྒྱུ་སྤུས་བདམས་ཐོན་དང་ཡིད་རྟོན་དཔྱད་འཇོག་མཐོ་པའི་དྲ་ཚིགས། ཚོང་གཉེར་བ་བཅས་ལས་ཉོ་འདེམས་བྱ་དགོས་ཤིང་ཟུར་མཆན་སོགས་ལ་གསལ་བོར་ལྟ་དགོས། ཉོ་འདེམས་སྐབས་སུ་ཐུམ་སྒྲིལ་མཚོན་རྟགས་ཀྱི་ཐོན་སྐྱེད་དུས་ཚོད་དང་རྒྱུ་སྤུས་འགན་ལེན་དུས་ཡུན། ཉར་ཚགས་གསོག་འཇོག་ཆ་རྐྱེན། རྒྱུ་ཆའི་རེའུ་མིག ཐོན་སྐྱེད་བཟོ་གྲྭའི་མིང་། བཟོ་གྲྭའི་སྡོད་གནས། འབྲེལ་གཏུག་ཨང་གྲངས་འཐུས་ཚང་ཡིན་མིན། ནང་སྒོས་སུ་ཟུར་མཆན་གྱིSCཅན་གྱི་ཟས་རིགས་ཐོན་སྐྱེད་ལས་གཉེར་ཆོག་མཆན་དཔང་ཡིག་ལ་མཉམ་འཇོག་བྱ་དགོས། དྲ་ལམ་ནས་ཟླ་གོར་ཉོ་བ་ལ་ཚོང་བའི་འགན་ལེན་རྒྱུ་སྤུས་དུས་ཡུན་ལ་ཁག་ཐེག་ཐུབ་པ་དང་སྦྲགས་བསྐུར་དུས་ཚོད་དུས་བརྒལ་བྱུང་ཡོད་མེད་ལ་ཡང་དོགས་ཟོན་བྱ་དགོས།

ལྷད་མེད་འཛད་སྤྱོད་ལེགས་བདམས་བྱེད་པ།

སྲི་ཆགས་སྤྱོད་གཙང་གྲོན་ཆུང་གི་གོམས་གཤིས་ལེགས་པོ་དར་སྤེལ་གཏོང་བ། རྒྱས་ཟ་རྒྱས་འཐུང་དང་བག་མེད་ཆུད་ཟོས་ཀྱིས་སྲོལ་རྒྱུན་ཀུན་སྤྱོད་ལ་རྒྱབ་འགལ་བྱས་པ་མ་ཟད། ལུས་པོའི་བདེ་ཐང་ལ་ཡང་མི་ཕན། དུས་ཆེན་གྱི་སྐབས་སུ་འཛད་སྤྱོད་མཁན་གྱིས་དཔལ་ཡོན་དང་བདེ་ཐང་། དཔྱོད་ཤེས། ལྷད་མེད་ཀྱི་འཛད་སྤྱོད་ཟས་རིགས་དར་སྲོལ་གསར་པ་གཞིར་བཟུང་སྟེ། ཕྱི་རོལ་དུ་ཟ་མ་ཟ་བ་ལ་མི་སྒེར་གྱི་བདེ་ཐང་གནས་ཚུལ་གཞིར་བཟུང་ཤིང་། བཟའ་བཏུང་གོམས་སྲོལ་དང་ཟ་མ་ཟ་དུས་ཀྱི་ལུགས་མཐུན་དགོས་མཁོ་གཞིར་བཟུང་ནས། རང་འགུལ་སྒོས་ཟས་ལྷག་འཁྱེར་བ་དང་དཀར་ཡོལ་གཙང་མ་བཟོ་པ། ཆུད་ཟོས་སུ་མི་གཏོང་པ། རྣམ་དཔྱོད་ཡོད་པའི་སྒོ་ནས་ཟླ་གོར་གྱི་ཐུམ་སྒྲིལ་ལ་གསལ་བོར་བལྟ་ཤེས་དགོས། ཉེ་ལམ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གསར་དུ་ཞུ་དག་ཁྱབ་བསྒྲགས་བྱས་པའི་བཙན་ཤུགས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ཐུམ་སྒྲིལ་གྱི་རིམ་པའི་ཁ་གྲངས། རྒྱུ་ཆའི་སྤུས་ཚད། སྟོང་གསུབ་ཚད་གཞི་སོགས་ལ་གཏན་འབེབས་གསལ་བོར་བཟོས་ཡོད། རྒྱས་སྤྲོས་དང་བར་བརྒལ་ཐུམ་སྒྲིལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོ་པ་མ་ཟད། ཐོན་ཁུངས་ཆུད་ཟོས་སུ་གཏོང་ངེས། དེའི་མི་ཚད་རིན་གོང་མཐོན་པོ་ཡང་འཛད་སྤྱོད་པའི་རང་སྟེང་གི་ཁེ་ཕན་གནོད་འཚེ་ཡང་ཡིན། ཟླ་གོར་གྱི་དོན་དངོས་རྒྱུ་ཆ་ངོ་མ་ཡིན་དགོས་པ་མ་ཟད། དངོས་པོ་ངོ་མ་ལ་བརྟེན་ནས་སེམས་འདུན་མཚོན་པ་བྱ་དགོས། དེའི་མི་ཚད་རྒྱ་ཆེའི་འཛད་སྤྱོད་པ་དག་གིས་ལྷད་མེད་ཐན་དམའ་བའི་འཛད་སྤྱོད་འདུ་ཤེས་ལག་བསྟར་གྱིས་ཐུམ་སྒྲིལ་སྟབས་བདེ་དང་ཐུམ་སྒྲིལ་ཡང་མོ་དར་སྤེལ་གྱིས་ཟླ་གོར་ལེགས་པོ་ཞིག་བཟོ་དགོས།

རིམས་ནད་འགོག་ཟོན་ལ་ལྷོད་གཡེང་བྱ་མི་རུང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་འགོག་ཟོན་དང་ཚོད་འཛིན་མཉམ་འབྲེལ་ལས་ཁུངས་ཀྱི་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་འཛད་སྤྱོད་ཚོང་མཐུན་གྱིས་རྒྱ་ཆེའི་འཛད་སྤྱོད་མི་སྣ་ལ་གསལ་འདེབས་བྱ་རྒྱུར། དུས་ཆེན་གྱི་སྐབས་སུ་འདུ་རུབ་དང་འདུ་འཛོམས་མི་བྱེད་པ། ནང་སྒོས་སུ་གཞི་ཁྱོན་ཆེ་བའི་གསོལ་སྟོན་ཆེ་གྲས་མི་བཤམ་པ། འགྲོ་སྐྱོད་མ་བྱས་པའི་ཡར་སྔོན་དུ་ཐོག་མར་དམིགས་འབེན་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གོ་རིམ་ལ་རྒྱུས་ལོན་བྱ་དགོས་ཤིང་། ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བ། འགྲོ་སྐྱོད་སྐབས་སུ་མི་སྒེར་གྱི་འགོག་སྲུང་ནན་མོར་སྒྲུབ་དགོས། དུས་ཆེན་གྱི་འཛད་སྤྱོད་ཐད་ལ་རང་འགུལ་གྱིས་འཛིན་བྱང་དང་འབྱོར་ཡིག་སོགས་འཛད་སྤྱོད་དཔང་ཡིག་ལེན་དགོས། འཛད་སྤྱོད་ཐད་ཀྱི་རྩོད་ཉོག་ལ་འཕྲད་སྐབས་ཐོག་མར་ཚོང་བ་ལ་གྲོས་བྱས་ཏེ་ཐག་གཅོད་བྱ་དགོས་ཤིང་། གྲོས་མཐུན་མི་ཡོང་ཚེ་དུས་ལྟར12315ལ་ཁ་པར་བཏང་ནས་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་སུ་ཞུ་གཏུག་བྱས་ཏེ་རང་ལུས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འགེབས་སྲུང་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།