སང་ཉིན་ནས་ཐད་གཏོང་བརྒྱུད་ནས་ཆང་འཐུང་རྗེས་རླངས་འཁོར་སྐོར་མཁན་ལ་ཆད་པ་ནན་མོ་གཅད་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་ལ་ཆང་འཐུང་བའམ་ར་བཟི་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ལ་གཅིག་བསྡུས་ཐོག་དག་ཐེར་གྱི་ལས་འགུལ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད།

ཟླ9པའི་ཚེས13ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་གིས་དུས་ཡུན་ཉིན10རིང་ཆང་འཐུང་བའམ་ར་བཟི་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ལ་ཐད་གཏོང་བརྒྱུད་ནས་རྩད་ཞིབ་བྱས་ཏེ། བཅའ་ཁྲིམས་ལག་བསྟར་དང་དྲིལ་སྒྲོག་བྱ་རྒྱུ་ཡིན་ཞིང་། ཚད་བཀག་མཐོ་ཤོས་ནས་ཁ་ལོ་པས་ཆང་འཐུང་བའམ་ར་བཟི་རྗེས་རླངས་འཁོར་བསྐོར་བར་བཀག་འགོག་བྱེད་པའི་ཉེན་བརྡ་དང་གསལ་འདེབས་བཏང་སྟེ། བདེ་འཇགས་ཀྱི་ཉེན་ཁ་སྔ་མོ་ནས་མེད་པར་བཟོས་ནས། མང་ཚོགས་ཀྱི་གུང་གསེང་རིང་གི་འགྲོ་འོང་བདེ་འཇགས་ཐད་ཁག་ཁུར་བྱ་རྒྱུ་རེད།

ལུགས་འགལ་དེ་རིགས་ལ་བསྟར་བྱའི་ཁྲིམས།

ཆང་འཐུང་རྗེས་རླངས་འཁོར་བསྐོར་ཏེ་དོན་རྐྱེན་བྱུང་བའི་རིགས་ལ། འགྲིམ་འགྲུལ་དོན་རྐྱེན་གྱི་ཆག་སྒོ་སློང་བའི་ནག་ཉེས་སུ་གྲུབ་པ་ཡིན་ན། ལོ3མན་གྱི་དུས་བཀག་བཙོན་འཇུག་གམ་བཀག་ཉར་བྱ་རྒྱུ་རེད། བྲོས་བྱོལ་ལམ་གནས་ཚུལ་ཚབས་ཆེན་ཡིན་ན། ལོ3ནས་ལོ7མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ། བྲོས་བྱོལ་བྱས་པར་མ་ཟད་གནོད་འཚེ་བཏང་ཡུལ་ཚེ་ལས་འདས་པའི་དོན་རྐྱེན་བྱུང་ཚེ། ལོ7ཡན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་རེད།

ཆང་འཐུང་རྗེས་རླངས་འཁོར་བསྐོར་རུང་དོན་རྐྱེན་མ་བྱུང་བའི་རིགས་ལ། ཉེན་ཁ་ཡོད་པའི་ཁ་ལོ་པའི་ནག་ཉེས་སུ་གྲུབ་པ་ཡིན་ན། ཉེས་ཁྲིམས་གཏན་འབེབས་ཨང་བརྒྱ་དང་སོ་གསུམ་ལྟར། ར་བཟི་རྗེས་རླངས་འཁོར་བསྐོར་བ་ལ། བཀག་ཉར་དང་དངུལ་ཆད་གཅད་རྒྱུ་རེད། ཐེངས་གཉིས་པར་ཆང་འཐུང་བའམ་ར་བཟི་རྗེས་རླངས་འཁོར་བསྐོར་བའི་གནས་ཚུལ་བྱུང་བ་ཡིན་ན། དོན་རྐྱེན་མ་བྱུང་ནའང་ཆེས་མཐོ་ན་ཉིན15རིང་གི་སྲིད་འཛིན་བཀག་ཉར་རམ་ཟླ6གི་རིང་ལ་བཀག་ཉར་བྱེད་པའི་ཉེས་དོན་ཁྲིམས་ཆད་གཅད་རྒྱུ་རེད།

ཁ་སྐོང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཨང་གོ་གཅིག་ལྟར་ན།

གཅིག ཐེངས་གཉིས་པར་ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་རིགས་ལ།

1.ཁ་ལོ་པའི་འཛིན་ཡིག་རྩིས་མེད་བཟོ་བ+དངུལ་ཆད་གཅོད་པ།

2.ཐེངས་གཉིས་པར་ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་གནས་ཚུལ་བྱུང་བ་ཡིན་ན། བཀག་ཉར+ཁ་ལོ་པའི་འཛིན་ཡིག་རྩིས་མེད་བཟོ་བ+དངུལ་ཆད་གཅོད་པ།

གཉིས། ར་བཟི་རྗེས་རླངས་འཁོར་བསྐོར་བའི་རིགས་ལ།

1.བཟི་དྭངས་རག་བར་དུ་བཀག་ཉར་བྱེད་པ+ཁ་ལོ་པའི་འཛིན་ཡིག་རྩིས་མེད་བཟོ་བ+ཁྲིམས་འགན་འཁུར་བ+ལོ5ནས10ནང་ཚུན་ཁ་ལོ་པའི་འཛིན་ཡིག་ལ་རྒྱུགས་སྤྲད་མི་ཆོག

གསུམ། ཆང་འཐུང་བའམ་ར་བཟི་རྗེས་རླངས་འཁོར་བསྐོར་ནས་དོན་རྐྱེན་ཚབས་ཆེན་བྱུང་བའི་རིགས་ལ།

1.ནག་ཉེས་སུ་གྲུབ་པའི་རིགས་ཀྱིས་ཉེས་འགན་འཁུར་བ+ཁ་ལོ་པའི་འཛིན་ཡིག་རྩིས་མེད་བཟོ་བ+ཚེ་གང་བོར་ཁ་ལོ་པའི་འཛིན་ཡིག་ལ་རྒྱུགས་སྤྲད་མི་ཆོག

བཞི། དོན་རྐྱེན་དེ་རིགས་ལ་དཔའ་འབྱོར་གྱི་ཆད་པ་གཅོད་ཐབས།

1.ཉེན་སྲུང་གིས་སྐྱིན་ཚབ་མི་འཇལ་བ། 2.སྨན་རིན་རང་གིས་སྤྲོད་པ། 3.དངུལ་འབོར་ཆེའི་སྐྱིན་ཚབ་དང་ལེན་བྱ་དགོས་པ།

ལྔ། ལས་གནས་ཀྱི་ཕྱོགས་ནས།

1.ཏང་ཡོན་ལ་ཏང་ཁོངས་ནས་ཆད་པ་གཅད་རྒྱུ་དང་། ཚབས་ཆེ་བའི་རིགས་ཏང་ནང་ནས་འཕུད་དགོས།

2.ལས་བྱེད་པར་སྲིད་དོན་ཆད་པ་གཅད་རྒྱུ་དང་། ཚབས་ཆེའི་རིགས་ལས་ཁུངས་ནས་འཕུད་དགོས།

ལོ་ཙཱ་པ། ལྷ་ཆེན་རྒྱལ།