ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཁྱོན་ཡོངས་ནས་དམངས་གཙོའི་ཁྲིམས་འཛིན་དཔེ་སྟོན་སྡེ་བའི་བཅའ་ཁྲིམས་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན། ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་མ་དངུལ་བཏང་ནས་གསར་སྐྲུན་བྱས་པའི་འབྲི་ཆུའི་འགོ་ཁུངས་དང་པན་ཡན2ལ་ཁྱོན་ཡོངས་ནས་དམངས་གཙོའི་ཁྲིམས་འཛིན་དཔེ་སྟོན་སྡེ་བའི་ཁྲིམས་འཛིན་རིག་གནས་འཛུགས་སྐྲུན་རྣམ་གྲངས་དེ་ཉེ་ལམ་ཡོངས་འགྲུབ་བྱུང་ལ། ས་གནས་སྡེ་མི་དག་ལ་རྣམ་པ་གསར་པའི་བཅའ་ཁྲིམས་ཁྲིམས་འཛིན་རིག་གནས་ཉམས་ཞིབ་བྱེད་དུ་བཅུག་ཡོད།

རྒྱུས་ལོན་པ་ལྟར་ན། ན་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་རྒྱལ་ཁབ་ཀྱི་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ཀྱི་འབོད་སྐད་གཞིར་བཟུང་སྟེ། མཚོ་འཕགས་སྨི5000ཡོད་སའི་གདང་ལ་གྲོང་རྡལ་ནས་གནས་སྤར་བྱས་འོངས་པའི་བོད་རིགས་ཡུལ་སྤོས་སྡེ་གསར་ཞིག་ཡིན་ལ། སྐབས་བདུན་པའི་རྒྱལ་ཡོངས་དམངས་གཙོའི་ཁྲིམས་འཛིན་དཔེ་སྟོན་སྡེ་བའང་ཡིན། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་པན་ཡན་སྡེ་བ་ནི་དབུལ་ཐར་མཁྲེགས་གཏོར་སྐབས་རི་ངོས་ནས་ཡོངས་ཁྱབ་སྒོས་གནས་སྤར་བྱས་འོངས་པའི་ཧོར་རིགས་ཡུལ་སྤོས་སྡེ་གསར་ཞིག་ཡིན་ལ། སྐབས་བརྒྱད་པའི་རྒྱལ་ཡོངས་དམངས་གཙོའི་བཅའ་ཁྲིམས་དཔེ་སྟོན་སྡེ་བ་ཞིག་ཀྱང་ཡིན།

བཅའ་ཁྲིམས་གྲོང་གསེབ་འཛུགས་སྐྲུན་དེ་སྔར་ལས་གཏིང་ཟབ་དང་སྔར་ལས་དོན་དངོས་ཅན་ལ་འཇུག་ཆེད། སྲིད་ཁྲིམས་རུ་དཔུང་སློབ་གསོའི་དག་ཐེར་གྱི་མང་ཚོགས་ལ་དོན་དངོས་སྒྲུབ་པའི་དངོས་ཡོད་བྱ་འགུལ་ལ་ཟུང་འབྲེལ་སྒོས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དམངས་གཙོའི་ཁྲིམས་འཛིན་དཔེ་སྟོན་སྡེ་བ55ཡི་ཁྲོད་མ་དཔེ་གསར་སྐྲུན་དང་དམིགས་ཚད་ཡང་དག་སྒོས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་རྩ་འཛུགས་ཀྱིས་སྲ་འཐུས་སྒྲིག་ཆས་འཐུས་ཚང་དང་ཆ་རྐྱེན་ལ་འཚམ་པའི་འབྲི་ཆུའི་འགོ་ཁུངས་སྡེ་བ་དང་པན་ཡན་སྡེ་བ་གཉིས་མང་ཚོགས་ཀྱིས་དོན་དངོས་སྒྲུབ་པའི་རྣམ་གྲངས་ཁྲོད་བཅུག་ཤིང་། མ་དངུལ་སྒོར་ཁྲི35བཏང་ནས་སྡེ་བ་རིམ་པའི་བཅའ་ཁྲིམས་རིག་གནས་ཀྱི་གཡུལ་ས་འཛུགས་སྐྲུན་བྱས་ཡོད། དེའི་ཁོངས་སུ་ཞི་ཅིན་ཕིང་གི་བཅའ་ཁྲིམས་དགོངས་དོན་དང་རྩ་ཁྲིམས། དམངས་ཁྲིམས་མཛོད་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྡེ་ཁྲིམས་དམངས་ཆིངས་སོགས་འདུ། དུས་ཡུན་ལོ་ཕྱེད་རིང་ལ་སེམས་རྩེ་གཅིག་གིས་ཇུས་འགོད་དང་ལས་སྐྲུན་བྱས་པ་བརྒྱུད་རྣམ་གྲངས་དེ་བདེ་བླག་ངང་རྩིས་སྤྲོད་བེད་སྤྱད་བྱས་ཡོད།

ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྡེ་བ་འདི་གཉིས་ཀྱི་བཅའ་ཁྲིམས་རིག་གནས་ཀྱི་གཡུལ་སའི་ཁྱད་ལྡན་མངོན་གསལ་ཡིན་ཞིང་། སོ་སོར་བྱེ་བྲག་གི་ཁྱད་ཆོས་ལྡན། ད་ལྟར་ཡོད་པའི་ཡོངས་ཁྱབ་ཀྱི་བཟོ་སྐྲུན་རྒྱན་སྤྲས་འོག་བཅའ་ཁྲིམས་གཞི་རྒྱུ་དེ་བོད་རིགས་དང་ཧོར་རིགས་ཀྱི་སྲོལ་རྒྱུན་མཛེས་རིས་ཁྲོད་མཉམ་བསྲེས་བྱས་ཡོད་ལ། སྡེ་བའི་མདོ་རུ་རྒྱལ་ཡོངས་དམངས་གཙོའི་བཅའ་ཁྲིམས་དཔེར་སྟོན་སྡེ་བའི་མཚོན་རྟགས་བསླངས་ཡོད། སྡེ་བའི་ནང་ཁུལ་དུ་ཐང་ཆེན་ཆུང་ཆུང་ཡོད་ལ། གཞུང་ལམ་གཙོ་བོ་དེ་འཕྲོ་རིམ་འཕྲོར་བརྗོད་དོན་མངོན་གསལ་དོད་པོའི་གནས་སུ་བཤམས་ནས་ནང་དོན་སྟབས་བདེ་དང་ཇུས་འགོད་གསར་པ། མང་ཚོགས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་བཅའ་ཁྲིམས་དྲིལ་སྒྲོག་བྱང་བུ་དང་བཅའ་ཁྲིམས་གཞི་རྒྱུའི་མཚོན་རྟགས་ལ་མཉམ་བསྲེས་བྱས་ནས། སྒོར་བུད་པ་ན་བཅའ་ཁྲིམས་མཐོང་ཐུབ་པ་དང་མགོ་ཡར་དགྱེ་ན་བཅའ་ཁྲིམས་མཐོང་ཐུབ་པ། ཁོམ་པ་ཡོད་དུས་བཅའ་ཁྲིམས་སྦྱོང་ཐུབ་པའི་མཁའ་དབུགས་སྟུག་པོ་ཞིག་ཆགས་སུ་བཅུག་ཡོད་པས། མང་ཚོགས་ཀྱི་སེམས་ཀྱི་གཏིང་རིམ་དུ་བཅའ་ཁྲིམས་འདུ་ཤེས་ཆེས་ཆེར་བཏང་པ་དང་སྡེ་བ་གཉིས་ཀྱི་མང་ཚོགས་ཀྱི་དགའ་བསུ་ཡང་ཐོབ་ཡོད་པས། མཐོ་སྒང་གི་གྲོང་གསེབ་དུ་འགྱུར་རྒྱུར་མཛེས་སྡུག་གི་བཅའ་ཁྲིམས་ཡུལ་ལྗོངས་ལམ་ཐིག་ཤིག་བསྐྲུན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།