མཚོ་སྲིད་གཞུང་ལས་ཐིན〔2021〕ཨང20བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན〔2020〕ཨང31པ)ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ནས། རང་ཞིང་གི་མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ཆེད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད་དེ། ལག་བསྟར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དེ་སྣེ་འཁྲིད་དང་འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་སྐྲུན་པ་དེ་གོ་སྐབས་སུ་འཛིན་པ། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་རྒྱུ་དམིགས་འབེན་དུ་བྱས་ཏེ། ཞིང་ཕྱུགས་ལས་གཉེར་སྟངས་སྒྱུར་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས་ཤིང་། ཚན་རྩལ་གྱིས་འདེགས་སྐྱོར་དང་སྲིད་ཇུས་ཀྱིས་རྒྱབ་སྐྱོར། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ལས་སྣོན་འཁོར་རྒྱུག་གི་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས། ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་འགྲན་རྩོད་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། མཐོ་སྒང་གི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་ཆགས་སུ་འཇུག་དགོས།

(གཉིས) གཞི་རྩའི་རྩ་དོན།

འབྱུང་ཁམས་དང་འཕྲོད་པར་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། “སྐྱེ་ཁམས་ཀྱི་མཚོ་སྔོན་དང་འབྱུང་འཕྲོད་ཀྱི་ཞིང་ཕྱུགས”ལ་དམིགས་ནས། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ས་སྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། རྩྭ་སའི་ཐོན་ཁུངས་འོས་འཚམ་གྱིས་བེད་སྤྱད་ནས། མི་རྩྭ་ཕྱུགས་གསུམ་སྙོམ་སྒྲིག་དོ་མཉམ་དང་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་གསུམ་ལ་མཉམ་དུ་ཕན་པའི་འབྱུང་ཁམས་དང་འཕྲོད་པའི་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་འགྲོ་དགོས།

ཁྲོམ་རས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་ཀྱི་རྨང་གཞི་ལ་རྐང་བཙུགས་ནས་ཞིང་ཆེན་ཕྱི་ནང་གཉིས་ཀྱི་ཁྲོམ་རར་རྒྱུས་ལོན་གསལ་བོར་བྱེད་པ་དང་། ཁྱད་ལྡན་ཕྱུགས་ལས་ཀྱི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ལ་བརྩི་འཇོག་དང་འདོན་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་བཀག་རྒྱ་མེད་པར་གཏོང་བ་དང་ནང་གི་སྟོབས་ཤུགས་གསོག་འཇོག་བྱེད་ཅིང་། ཐོན་ལས་ཀྱི་གསོན་ཤུགས་བསྐྱེད་པ་དང་ཐོན་རྫས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་བཏང་ནས། འབྱུང་འཕྲོད་སྐྱེ་ལྡན་གྱི་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་གི་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས།

རིམས་འགོག་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་པ། སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་དེ་ཕྱུགས་ལས་སྤུས་ཚད་མཐོན་པའི་ངང་ནས་འཕེལ་རྒྱས་སུ་འགྲོ་བའི“རྨང་རྡོ”དང་མི་ཕྱུགས་གཉིས་ལ་འབྱུང་བའི་ནད་རིགས་འགོག་བཅོས་ཀྱི“འགག་སྒོ་སྔོན་མ”རུ་འཛིན་པ་དང་། རིམས་འགོག་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་ཐོག འགོག་སྡོམ་མཉམ་ཤུགས་ཆགས་སུ་བཅུག་ནས་ཕྱུགས་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱ་དགོས།

སྲིད་ཇུས་ཀྱིས་སྣེ་འཁྲིད་རྒྱུན་འཁྱོངས་བྱེད་པ། ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཁྱབ་ཁོངས་བཀོད་སྒྲིག་ལ་དམིགས་ནས་ཕྱུགས་ལས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སྲིད་གཞུང་གིས་གནོད་འགོག་གནོད་འཕྲི་སོགས་སྤྱི་ཕན་རང་བཞིན་གྱི་ལས་དོན་གལ་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་ནུས་ཇེ་དྲག་ཏུ་གཏང་དགོས།

(གསུམ)གོང་སྤེལ་གྱི་དམིགས་འབེན།

2025ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཀྱི་འགྲན་རྩོད་ནུས་ཤུགས་བསྟུད་མར་ཇེ་དྲག་ཏུ་འགྲོ་བ་དང་། སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་འགྲོ་བ། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་འདོན་སྤྲོད་ནུས་ཤུགས་དང་སྤུས་ཚད་བརྟན་འཇགས་ངང་མཐོར་འདེགས་སུ་འགྲོ་རུ་འཇུག་པ་དང་། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པར་གྲུབ་འབྲས་མངོན་གསལ་ལེན་དགོས། ཤའི་ཐོན་ཚད་ཏུན་ཁྲི40ལ་བསླེབ་དགོས་ལ། སྐམས་ལུག་གི་ཤ་རང་སྤྲོད་བྱེད་ཐུབ་པའི་ཁར་ལྷག་མ་ཡོད་པ། འོ་མ་རྩ་བའི་ཆ་ནས་རང་མཁོ་རང་སྤྲོད་བྱེད་ཐུབ་པ། ཕག་ཤ་དང་བྱ་སྒོང་རང་མཁོ་རང་སྤྲོད་བྱེད་ཚད70%ཡན་དུ་སྲུང་འཛིན་བྱ་དགོས། རོང་ཁུལ་དུ་གཞི་རྒྱ་ཅན་གྱི་གསོ་སྤེལ་གྱི་ཚད70%ཡན་དང་སྒོ་ཟོག་དང་ཁྱིམ་བྱའི་རྟུག་ལུད་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚད85%ཡན་དུ་བསླེབ་དགོས། 2030ལོར་སླེབས་དུས། མཐོ་སྒང་གི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་རྩ་བའི་ཆ་ནས་ཆགས་པར་བྱ་དགོས།

གཉིས། མཐོ་སྒང་གི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་དགོས།

(བཞི) རིགས་རྒྱུད་ལས་རིགས་སྟོབས་ཆེར་གཏང་དགོས། སྒོ་ཟོག་དང་ཁྱིམ་བྱའི་རྒྱུན་འཛིན་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་བཙུགས་ནས། སྒོ་ཟོག་དང་ཁྱིམ་བྱའི་རྒྱུན་འཛིན་ཐོན་ཁུངས་ཀྱི་རིགས་རྒྱུད་སྲུང་སྐྱོབ་ར་བ(ཁུལ)དང་གཞི་རྒྱུའི་མཛོད་སྐྲུན་པར་ཤུགས་སྣོན་པ་དང་། ཕག་ཐོད་གཉེར་སོགས་ས་གནས་ཀྱི་རིགས་རྒྱུད་དང་འདྲེས་སྦྱོར་བྱས་ནས་བེད་སྤྱོད་པར་སྐུལ་འདེད་གཏང་དགོས། ས་གནས་ཀྱི་ཁྱད་ལྡན་སྒོ་ཟོག་དང་ཁྱིམ་བྱའི་རིགས་རྒྱུད་གསོ་སྐྱོང་གི་འགག་སྒོ་གཏོར་ནས། འབྲི་གཡག་དང་བོད་ལུག་གི་དཀྱིལ་སྙིང་རྒྱུད་གསོ་ར་བ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བསྐྲུན་དགོས། རྒྱུད་ལེགས་པའི་སྒོ་ཟོག་གི་ཁ་གསབ་རོགས་དངུལ་ཁྱབ་བརྡལ་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་ནས། རིགས་རྒྱུད་ལེགས་པོ་མགྱོགས་མྱུར་ངང་ཁྱབ་བརྡལ་བཏང་ནས་བཀོལ་སྤྱོད་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ལས་སྡེ་ཁག་དང་པོ་ནི་སྣེ་འཁྲིད་མཁན་སྡེ་ཚན་དང་། སྡེ་ཁག་གཞན་དག་གིས་སོ་སོའི་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དོན་འཁྱོལ་གྱི་འགན་འཁུར་དགོས། གཤམ་དུའང་དེ་ལྟར་ཡིན)

(ལྔ)བཀོད་སྒྲིག་ལ་ཤུགས་བསྣོན་དགོས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་གཙོ་བོ་འབྲི་གཡག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། གཙོ་བོ་འབྱུང་འཕྲོད་ཚད་ལྡན་གྱི་ཐོན་སྐྱེད་རྟེན་གཞི་སྐྲུན་པ་དང་འབྱུང་འཕྲོད་སྐྱེ་ལྡན་གྱི་སྐམས་ཤ་ཐོན་སྐྱེད་བྱ་དགོས། མཚོ་སྐོར་ས་ཁུལ་དུ་གཙོ་བོ་བོད་ལུག་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་ཕྱུགས་ར་སོགས་བདེ་ཐང་གི་དཔེ་སྟོན་ར་བ་སྐྲུན་པར་སྐུལ་འདེད་བཏང་ནས། སྤུས་ལེགས་ཀྱི་བོད་ལུག་གི་ཤ་འབུར་དུ་དོད་ནས་ཐོན་སྐྱེད་བྱ་དགོས། ཤར་རྒྱུད་རོང་ཁུལ་དུ་ཕག་དང་བཞོན་མ། སྐམས། ཤ་བཟན། སྒོ་ཟོག་དང་ཁྱིམ་བྱ་བཅས་གཞི་རྒྱ་ལྡན་པའི་སྒོ་ནས་གསོ་སྤེལ་བྱེད་པ་གཙོ་བོར་བཟུང་ནས། གསོ་སྤེལ་བཟོ་རྩལ་གྱི་ཆུ་ཚད་འབུར་དུ་ཐོན་པའི་སྒོ་ནས་མཐོར་འདེགས་གཏང་དགོས། ཚྭ་འདམ་གཞོངས་ས་ཁུལ་དུ་ཕྱུགས་ལས་རེས་འཁོར་གཙོ་ཐིག་ཏུ་བཟུང་ནས། སྐམས་དང་ཤ་བཟན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཕག་ཐོན་སྐྱེད་ནུས་པ་སྤོ་སྒྱུར་གྱི་འགན་འོས་འཚམ་གྱིས་དང་ལེན་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན)

(དྲུག) ཐོན་ལས་སྟོབས་ཆེར་གཏང་དགོས། འབྲི་གཡག་དང་བོད་ལུག་གི་ས་གནས་ཀྱི་ཐོན་ལས་ལེགས་ཆ་ལ་གཞི་བཅོལ་ནས། ཕྱུགས་ལས་སྤུས་ཚད་མཐོན་པའི་སྒོ་ནས་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། འབྲི་གཡག་དང་བོད་ལུག་གི་ཐོན་སྐྱེད་རྟེན་གཞི་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ཐོག ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་སྣེ་ཁྲིད་ཁེ་ལས་ཤུགས་ཆེན་པོས་གསོ་སྐྱོང་དང་ནང་འདྲེན་བྱེད་པ་དང་། འབྲི་གཡག་དང་བོད་ལུག་ཐོན་ལས་གླིང་དང་ཐོན་ལས་རུབ་བསྡུ་དང་དེང་རབས་ཕྱུགས་ལས་དཔེ་སྟོན་ཁུལ་སྐྲུན་པར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོ་གཞི་གཅིག་ཅན་དུ་གཉེར་སྐྱོང་ཐུབ་པའི་རྣམ་པ་ཆགས་སུ་འཇུག་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན)

(བདུན) གཟན་རྩྭའི་ལས་རིགས་སྟོབས་ཆེར་གཏང་དགོས། སྤུས་ལེགས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ མ་རྨོས་ལོ་ཏོག་དང་ཡུག་པོ་སོགས་སྔོ་གཟན་གྱི་རིགས་གསོག་ཉར་བྱེད་པ་ཁྱབ་བརྡལ་དུ་གཏང་དགོས་ཤིང་། ཡུང་མ་དང་ཞིང་ལས་ལོ་ཏོག་གི་སོག་མ་སོགས་གཟན་ཆས་ཀྱི་ཐོན་ཁུངས་གསར་སྤེལ་བྱས་ཐོག ཚད་ལྡན་ཅན་གྱི་འདེབས་འཛུགས་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་གཟན་རྩྭ་གཟན་ཆས་ཆེད་ལས་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏང་དགོས། འབྲོག་ཁུལ་དུ“ཕྱུགས་ལས་གནོད་གཟབ”ཀྱི་འདུ་ཤེས་ཆགས་པར་བྱས་ཏེ། གཟན་ཆས་གྲབས་གསོག་མཛོད་ཀྱི་མ་ལག་བསྐྲུན་དགོས། གཟན་རྩྭ་གཟན་ཆས་ཀྱི་མ་བཅོས་རྒྱུ་ཆའི་འཚོ་བཅུད་གཞི་གྲངས་མཛོད་བསྐྲུན་ནས། གཟན་ཆས་ཀྱི་སྤུས་ཚད་དཔྱད་དཔོག་མ་ལག་གི་ཚོད་ལྟ་བྱེད་གནས་བསྐྲུན་དགོས། འབྲི་གཡག་དང་བོད་ལུག་གི་ཆེད་སྤྱོད་གཟན་ཆས་གསར་སྤེལ་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དབུལ་སྐྱོར་ཅུས)

(བརྒྱད) སྒྲིག་ཆས་སྟོབས་ཆེར་གཏང་དགོས། སྒོ་ཟོག་དང་ཁྱིམ་བྱ་གཙོ་བོའི་རིགས་རྒྱུད་གཞི་རྒྱ་ཅན་དུ་གསོ་སྤེལ་གྱི་སྒྲིག་བཀོད་སྒྲིག་ཆས་ཆ་ཚང་བར་སྒྲིག་པའི་ལག་རྩལ་ཚད་གཞི་གཏན་འབེབས་བྱས་ཏེ། གསོ་སྤེལ་ལག་རྩལ་དང་སྒྲིག་བཀོད་སྒྲིག་ཆས་ཕྱོགས་བསྡུས་ཆ་འགྲིག་ཡོང་བར་སྐུལ་འདེད་གཏང་དགོས། གོ་རིམ་ཡོངས་སུ་འཕྲུལ་ཆས་ཀྱིས་གསོ་སྤེལ་བྱེད་པའི་ར་བ་དང་དཔེ་སྟོན་རྟེན་གཞི་སྐོར་ཅིག་བསྐྲུན་དགོས། ཕྱུགས་ལས་འཕྲུལ་ཆས་ཀྱི་ཁ་གསབ་རོགས་དངུལ་སྟེར་ཤུགས་ཇེ་ཆེར་གཏང་དགོས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་སྒྲིག་ཆས་མཐུན་ཚོགས་སྒྲིག་འཛུགས་བྱེད་པ་དང་། འོས་མཐུན་གྱི་སྒྲིག་ཆས་སྒྲིག་བཀོད་གསར་བ་ཞིབ་འཇུག་གསར་སྤེལ་བྱས་ནས་ཁྱབ་བརྡལ་དུ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ནོར་སྲིད་ཐིན)

(དགུ) བྱེད་པོ་སྟོབས་ཆེར་གཏང་དགོས། རོང་ཁུལ་གྱི་གསོ་སྤེལ་ཁང་ཆུང་འབྲིང་ལ་མཛུབ་སྟོན་དང་རོགས་སྐྱོར་བྱེད་པ་ལས་སྲིད་འཛིན་བྱེད་ཐབས་ལ་བརྟེན་ནས་བཙན་གྱིས་གཙང་འཐེན་བྱེད་མི་ཆོག འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་མ་རྐང་ལམ་ལུགས་སུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་ནས། ཁྱིམ་ཚང་གི་ཕྱུགས་ར་གསོ་སྐྱོང་དང་ཚད་ལྡན་དུ་གཏོང་བ་དང་། སྤུས་ཚད་མཐོན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་དང་འཚམ་པའི་རྣམ་པ་གསར་བའི་གཉེར་སྐྱོང་བྱེད་པོ་ཁག་ཅིག་གསོ་སྐྱོང་བྱ་དགོས། ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རིམ་པ་གསུམ་པའི་སྟེགས་བུ་ལ་གཞི་བཅོལ་ནས། ཞིང་ཆེན་རིམ་པའི་ཕྱུགས་འབྲེལ་ལག་རྩལ་སྡེ་ཚན་གྱི་ཁྱབ་བརྡལ་འགན་ནུས་ འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་གྱི་ཕྱུགས་ནད་སྨན་པའི་ལག་རྩལ་ཁྱབ་བརྡལ་མ་ལག་འཐུས་ཚང་དུ་བཏང་ནས། རྣམ་པ་གསར་བའི་ལག་རྩལ་ཞབས་ཕྱིའི་མ་ལག་བསྐྲུན་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན)

གསུམ། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་མ་ལག་འཐུས་ཚང་དུ་བསྐྲུན་དགོས།

(བཅུ) དོ་དམ་ལེགས་འཛིན་བྱ་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྤྱིའི་འགན་འཁུར་ནས། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་དེ་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འཚུབ་ཟློག་དོ་དམ་མ་ལག་ནང་དུ་གཞུག་དགོས། རིམ་པ་སོ་སོའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་འགོག་སྡོམ་བཀོད་འདོམས་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་འགོག་མཉམ་སྡོམ་དང་མཉམ་དུ་བཅོས་སྐྱོང་གི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཞུང་ཕྱོགས་ཀྱི་ཕྱུགས་ནད་སྨན་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཕྱུགས་ནད་སྨན་པར་འཕྲོད་བསྟེན་ཞོར་ཕོགས་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། གཞི་རིམ་ཞང་དང་གྲོང་རྡལ་གྱི་ཕྱུགས་ནད་སྨན་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཟུག་དགོས། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིམས་བབ་སྙན་ཞུའི་མ་ལག་འཐུས་ཚང་དུ་གཏང་དགོས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་འགོག་སྡོམ་གྱི་དམིགས་འབེན་ལས་ཕྱོད་དཔྱད་དཔོག་ལ་ཤུགས་བསྣན་ནས། གྲུབ་འབྲས་འབུར་དུ་ཐོན་པར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན)

(བཅུ་གཅིག) རྨང་གཞི་ལེགས་འཛིན་བྱ་དགོས། གཞི་རིམ་གྱི་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཀྱི་རྨང་གཞིའི་ཆ་རྐྱེན་མགྱོགས་མྱུར་ངང་ལེགས་སྒྱུར་བྱས་ནས། འཚུབ་ཟློག་རིམས་འགོག་གི་རྒྱུ་དངོས་དུས་ཐོག་ཏུ་གསར་སྒྱུར་བྱ་དགོས་ཤིང་། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཆ་འཕྲིན་ཅན་དུ་སྐྲུན་པར་ཤུགས་བསྣན་ནས། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཆ་འཕྲིན་ཅན་དུ་སྒྱུར་བའི་ནུས་ཤུགས་ཇེ་ཆེར་གཏང་དགོས། ནད་ཀྱིས་ཤི་བའི་སྒོ་ཟོག་དང་ཁྱིམ་བྱ་གནོད་མེད་ཅན་དུ་ཐག་གཅོད་པའི་མ་ལག་སྐྲུན་པར་སྐུལ་འདེད་གཏོང་བ་དང་། སྒོ་ཟོག་དང་ཁྱིམ་བྱ་གནོད་མེད་ཅན་དུ་ཐག་གཅོད་པའི་ཁ་གསབ་རོགས་དངུལ་དང་གསོ་སྤེལ་ལས་རིགས་ཀྱི་འགན་བཅོལ་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན)

(བཅུ་གཉིས)འགན་འཁྲི་ལེགས་འཛིན་བྱ་དགོས། ཐོན་སྐྱེད་བདག་གཉེར་བྱེད་པོ་སོ་སོར་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་བྱེད་པོའི་འགན་འཁྲི་ནན་དཀྲི་བྱས་ཏེ། “སྔོན་ལ་འགོག་སྨན་རྒྱག་པ་དང་རྗེས་ནས་ཁ་གསབ”བྱེད་པའི་བཙན་ཤུགས་ཀྱིས་རིམས་ནད་འགོག་པར་བཅོས་སྒྱུར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས་ཤིང་། ཕྱུགས་ནད་སྨན་པ་ལག་རྩལ་ཅན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤུས་ཚད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཟུག་དགོས། སྒོ་ཟོག་དང་ཁྱིམ་བྱ་སྐྱེལ་འདྲེན་གྱི་རླངས་འཁོར་ལ་ལྟ་སྐུལ་དོ་དམ་དང་སྙན་སེང་ཐོ་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། གཙང་བཀྲུ་དང་དུག་སེལ་བྱེད་ཐབས་ལ་མཛུབ་སྟོན་དང་དོན་འཁྱོལ་བྱ་དགོས། ཕྱུགས་ནད་སྨན་པའི་ལས་གཉེར་མཁན་དང་གྲོང་གསེབ་ཀྱི་ཕྱུགས་ནད་སྨན་པས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་བརྟག་བཅོས་བྱ་འགུལ་སྤེལ་བར་སྐུལ་མ་གཏང་དགོས། སྡེ་བ་རིམ་པའི་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་བྱེད་མཁན་ལ་འོས་འཚམ་གྱི་ངལ་རྩོལ་གླ་ཆ་འགན་སྲུང་བྱ་དགོས་ཤིང་། མཉམ་ལས་ཁང་སོགས་རྣམ་པ་གསར་བའི་ གཉེར་སྐྱོང་བྱེད་པོས་སྡེ་བ་རིམ་པའི་རིམས་འགོག་གནད་དོན་ཐག་གཅོད་པ་སོགས་ཀྱི་ལམ་བུ་གསར་བ་བསྐྲུན་པར་འཚོལ་ཞིབ་བྱས་ཏེ། ཕྱུགས་ནད་སྨན་པས་སྤྱི་ཚོགས་ཅན་ལ་ཞབས་ཕྱི་སྒྲུབ་པར་སྐུལ་འདེད་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འགྲིམ་འགྲུལ་བསྐྱེལ་འདྲེན་ཐིན)

(བཅུ་གསུམ) གཙོ་གནད་ལེགས་འཛིན་བྱ་དགོས། ཁ་ཚ་མིག་ཚ་དང་ར་ལུག་གི་འབྲུམ་ནད་རིམས་འགོག་དང་། མཚོ་སྐོར་ས་ཁུལ་གྱི་ཕྱུགས་ཟོག་གི་ཐུམ་འབུ་ནད་ཀྱི་རིམས་འགོག་དང་རིམས་མེད་ཁུལ་འཛུགས་སྐྲུན་དང་ཧྥེ་གླིང་གི་ཕག་ནད་མེད་པའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྒོ་ཟོག་དང་ཁྱིམ་བྱའི་རྒྱུད་སྤེལ་ར་བ་དང་བཞོན་མའི་ར་བའི་པུ་རུ་མིང་པའི་སྲིན་ནད་གཙང་སེལ་འགོག་བཅོས་བྱ་བར་སྐུལ་འདེད་གཏང་དགོས། ཟོག་སྨན་ཉུང་འཕྲིའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ཟོག་སྨན་གྱི་ཕྱི་ཐུམ་གནོད་མེད་ཅན་དུ་ཐག་གཅོད་པའི་ལམ་ལུགས་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཞི་རྒྱ་ཅན་གྱི་གསོ་སྤེལ་ར་བ་དང་སྒོ་ཟོག་དང་ཁྱིམ་བྱའི་བཤས་གཏོང་ལས་སྣོན་བཟོ་གྲྭ(ར་བ)སྟེ“ར་བ་གཉིས”ཚད་ལྡན་ཅན་དུ་གསར་སྐྲུན་གྱི་བྱ་འགུལ་སྤེལ་དགོས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བརྟག་བཤེར་རྩལ་ནུས་འགྲན་སྡུར་བྱ་འགུལ་དང་ཕྱུགས་ནད་སྨན་བཅོས་ཚོད་ལྟ་ཁང་གི་ནུས་ཤུགས་ཞིབ་བསྡུར་བྱ་འགུལ་མུ་མཐུད་དུ་ལག་བསྟར་བྱ་དགོས། སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་ལ་རིགས་བཀར་ནས་མཛུབ་སྟོན་དང་ལག་རྩལ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཐོག སྤྱོད་གོ་ཆོད་པའི་འགོག་སྡོམ་བྱེད་སྟངས་སྤྱི་བསྡོམས་བྱས་ཏེ་ཁྱབ་བརྡལ་དུ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན)

(བཅུ་བཞི) ལྟ་སྐུལ་ལེགས་འཛིན་བྱ་དགོས། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ལ་རྒྱུན་ལྡན་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། ཕག་དང་དེའི་ཤ་ལས་བཟོས་པའི་ཐོན་རྫས་ལ“གནས་གནས”ལ་ཞིང་ཆེན་བརྒལ་ནས་འདྲེན་པའི་ལམ་ལུགས་ཚད་ལྡན་དུ་གཏང་དགོས་ཤིང་། གཏན་ཁེལ་བྱས་པའི་གཞུང་ལམ་གྱི་མདོ་ནས་སྒོ་ཟོག་དང་ཁྱིམ་བྱ་སྐྱེལ་འདྲེན་བྱེད་པའི་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། སྒོ་ཟོག་དང་ཁྱིམ་བྱ་ཞིང་ཆེན་བརྒལ་ནས་སྐྱེལ་འདྲེན་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་ནང་ཁུལ་དུ་སྒོ་ཟོག་དང་ཁྱིམ་བྱ་སྐྱེལ་འདྲེན་བྱེད་དུས་ཀྱི་རིམས་བཤེར་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། རིམས་བཤེར་བྱས་མེད་པའི“མིང་ཐོ་ནག་པོ”འགོད་པའི་ལམ་ལུགས་ཁྲིམས་ལྟར་གཟུགས་དགོས། སྒོ་ཟོག་དང་ཁྱིམ་བྱ་ཤི་རོ་ཉོ་བསྡུ་དང་ལྐོག་འདྲེན། ཕྱིར་འཚོང་བཅས་བྱེད་པ་དང་གང་འདོད་དུ་གཡུག་པ། སྒེར་གྱིས་གང་འདོད་དུ་བཤའ་བ། རིམས་བཤེར་བྱས་མེད་པའི་སྲོག་ཆགས་དང་དེའི་ཐོན་རྫས་སོགས་ཚོང་གཉེར་སོགས་བྱེད་པའི་ཁྲིམས་འགལ་སྲོལ་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཟི་ལིང་སྒོ་རྒྱལ་མཚམས་འགག་སྒོ)

བཞི། དེང་རབས་ལས་སྣོན་འཁོར་རྒྱུག་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས།

(བཅོ་ལྔ) ལས་སྣོན་གཙིགས་སུ་འཛིན་དགོས། བཤས་གཏོང་ལས་རིགས་རིགས་སྒྱུར་རིམ་སྤར་བྱེད་པར་བསྟུད་མར་སྐུལ་འདེད་བཏང་ནས། བཤའ་སའི་གནས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། བཤས་གཏོང་ཚད་ལྡན་ཅན་གྱི་དཔེ་སྟོན་བཟོ་གྲྭ་བསྐྲུན་དགོས། སྒོ་ཟོག་དང་ཁྱིམ་བྱ་བཤའ་བར་དོ་དམ་ཚད་ལྡན་བྱ་དགོས། འབྲི་གཡག་དང་བོད་ལུག་གི་ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་ཚད་གཞི་གཏན་འབེབས་བྱས་ཏེ། ནོར་ལུག་གསོ་སྤེལ་དང་བཤས་གཏོང་། ལས་སྣོན། སྡེབ་སྐྱེལ། ཕྱིར་འཚོང་བཅས་འཁོར་ཁང་ཅན་གྱི་ཐོན་སྐྱེད། གཞི་གཅིག་ཅན་གྱི་ཚོང་གཉེར་བྱེད་པར་སྐུལ་མ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན)

(བཅུ་དྲུག) འཁྱགས་སྦྲེལ་གཙིགས་སུ་འཛིན་དགོས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་ཕྱུགས་ལས་ཐོན་རྫས་ཀྱི་རྐང་འཛིན་འཁྱགས་སྦྲེལ་ཟོང་སྐྱེལ་ལས་སྟེགས་བཙུགས་ནས། ཐོན་རྫས་གྲོང་ཁྱེར་དུ་འདྲེན་པའི་འཁྱགས་སྦྲེལ་ཟོང་སྐྱེལ་ལྟེ་གནས་ཆགས་སུ་འཇུག་དགོས། ཁུལ་དྲུག་པོས་ས་ཁོངས་རང་བཞིན་གྱི་ཕྱུགས་ལས་ཐོན་རྫས་མཛོད་ཉར་འཁྱགས་སྦྲེལ་ཟོང་སྐྱེལ་སྒྲིག་བཀོད་སྐྲུན་ནས། རྫོང་ཞང་སྡེ་བ་བཅས་རིམ་པ་གསུམ་གྱི་འཁྱགས་སྦྲེལ་ཟོང་སྐྱེལ་མ་ལག་ཆགས་སུ་འཇུག་དགོས། འབྲི་གཡག་དང་བོད་ལུག་གསོ་སྤེལ་རྫོང་ཆེན་དང་ཤ་གསར་འཁྱགས་པ་ཐོན་ཁུལ་གཙོ་བོ་ལེགས་འདེམས་བྱས་ནས་ཤ་གསར་འཁྱགས་པ་དམའ་རིམ་ཁྲོམ་ར་ཁག་ཅིག་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི“རྟེན་གཞི་གཉིས་དང་ས་ཁོངས་དྲུག རྫོང་ཁོངས་མང་བོའི”སྒོ་ཟོག་དང་ཁྱིམ་བྱའི་ཐོན་རྫས་འཁྱགས་སྦྲེལ་ལས་སྣོན་སྡེབ་སྐྱེལ་དྲ་རྒྱ་བསྐྲུན་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཚོང་དོན་ཐིན)

(བཅུ་བདུན) ཚོང་རྟགས་གཙིགས་སུ་འཛིན་དགོས། ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རྟགས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ནས། ཁྱད་ལྡན་ཚོང་རྟགས་མིང་གྲགས་ཅན་དང་སྤྱི་པའི་ས་ཁོངས་ཀྱི་ཚོང་རྟགས་ཆེན་པོ་ཞིག་སྟོབས་ལྡན་དུ་གསོ་སྐྱོང་བྱ་དགོས་ཤིང་། ཕྱུགས་ལས་ཐོན་རྫས་ཀྱི་ནང་སྙིང་སྔོག་འདོན་ཟབ་མོ་བྱས་ཏེ། མཚོ་སྔོན་ཚོང་རྟགས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་དགོས། “མཚོ་སྔོན་རྟགས་ཅན”གྱི་ཚོང་རྟགས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲོམ་ར་ལས་ཀུན་གྱིས་ཤེས་ཚད་དང་སྙན་གྲགས་ཇེ་ཆེར་གཏང་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཤིག་གསོ་སྐྱོང་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས)

(བཅོ་བརྒྱད) ཆ་འཕྲིན་གཙིགས་སུ་འཛིན་དགོས། གྲངས་འཛིན་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་ནས། གསོ་སྤེལ་ཁོར་ཡུག་ལ་རིག་ནུས་ཀྱིས་ལྟ་འཛིན་བྱེད་པའི་མ་ལག་དང་སྒེར་གྱི་ལུས་རྟགས་ལ་རིག་ནུས་ཀྱིས་ལྟ་བཤེར་བྱེད་པའི་མ་ལག་འཐུས་ཚང་དུ་གཏང་དགོས། འབྲི་གཡག་དང་བོད་ལུག་ཐོན་སའི་ཁུངས་འདེད་ལས་གྲྭ་ལག་བསྟར་བྱ་དགོས། ཕྱུགས་ལས་ཆ་འཕྲིན་ཐོན་ཁུངས་བསྡུ་རུབ་བྱས་ཏེ། ཆ་འཕྲིན་མཉམ་འབྲེལ་མཉམ་རྒྱུག་ལ་སྐུལ་འདེད་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བསྡོམས་རྩིས་ཅུས)

(བཅུ་དགུ) ཁྲོམ་ར་གཙིགས་སུ་འཛིན་དགོས། ཕག་ཤ་ནང་འདྲེན་བྱེད་ཁུངས་ཀྱི་ཞིང་ཆེན་རྒྱ་བསྐྱེད་དེ། སྒོ་ཟོག་དང་ཁྱིམ་བྱའི་ཐོན་རྫས་ནང་འདྲེན་འོས་འཚམ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ཁྲོམ་རའི་འདོན་སྤྲོད་ལ་གསབ་སྣོན་དང་སྙོམ་སྒྲིག་བྱ་དགོས། འབྲི་གཡག་དང་བོད་ལུག་གཉིས་རང་ཞིང་དུ་བཙན་ས་ལྟ་བུར་ཆགས་པར་ཁྲིད་སྟོན་བྱེད་པ་དང་། ཞིང་ཆེན་ཕྱིའི་ཁྲོམ་ར་གསར་འབྱེད་བྱས་ནས། ཁྱད་ཆོས་ལྡན་པར་དམིགས་བསལ་གྱི་རིན་གོང་དང་སྤུས་ལེགས་པར་གོང་བཟང་བོ་ཡོང་བ་མངོན་འགྱུར་བྱ་དགོས། གློག་རྡུལ་ཉོ་ཚོང་གི་འདེགས་སྐྱོར་མ་ལག་དང་ས་ཁོངས་རང་བཞིན་གྱི་སྒོ་ཟོག་ཉོ་ཚོང་ཁྲོམ་ར་འཚོལ་ཞིབ་བྱས་ཏེ་བསྐྲུན་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ཚོང་དོན་ཐིན། ཟི་ལིང་རྒྱལ་མཚམས་འགག་སྒོ)

ལྔ། སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་ཐོན་ཁུངས་ཅན་དུ་བེད་སྤྱོད་པའི་མ་ལག་བསྐྲུན་དགོས།

(ཉི་ཤུ) སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་བྱ་དགོས། སྒོ་ཟོག་དང་ཁྱིམ་བྱའི་རྟུག་ལུད་ཐོན་ཁུངས་ཅན་དུ་བེད་སྤྱོད་པ་དེ་རྫོང་ཁོངས་ཡོངས་སུ་སྐུལ་འདེད་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། གཤེར་གཟུགས་རྫིང་ལུད་འཕྲུལ་ཆས་ཀྱིས་གཏོར་འཇོག་བྱེད་པར་སྐུལ་མ་གཏང་དགོས། སྒོ་ཟོག་དང་ཁྱིམ་བྱའི་རྟུག་ལུད་ཡོངས་སུ་ཞིང་སའི་ནང་དུ་གཏོར་ནས་བེད་སྤྱོད་པར་སྦགས་བཙོག་ཕྱིར་གཏོང་བྱེད་ས་སྒྲིག་བཀོད་བྱས་མེད་པའི་གསོ་སྤེལ་ར་བར(ཁྱིམ)སྦགས་བཙོག་ཕྱིར་འབུད་ཆོག་འཐུས་ཐོ་འགོད་བྱས་ནས་དོ་དམ་བྱ་དགོས། སྒོ་ཟོག་དང་ཁྱིམ་བྱའི་རྟུག་བྲུན་དེ་ལུད་རྫས་སུ་བེད་སྤྱོད་པའི་ས་གནས་ཀྱི་ཚད་གཞི་གཏན་འབེབས་བྱ་དགོས་པར་མ་ཟད་གཙོ་སྐུལ་ལག་རྩལ་དུ་འགྱུར་བར་འཇུག་དགོས་ཤིང་། འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་ཁྲོད་དུ་སྐྱེ་ལྡན་ལུད་བཀོལ་བར་སྐུལ་མ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན)

(ཉེར་གཅིག) འཁོར་སྐྱོད་ལ་སྐུལ་འདེད་བྱ་དགོས། རོང་ཁུལ་དུ་འདེབས་གསོ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། གཞི་རྒྱ་ལྡན་པའི་འདེབས་འཛུགས་རྟེན་གཞིའི་ཉེ་འཁོར་དུ་ཞིང་ཕྱུགས་རེས་འཁོར་གྱི་རྣམ་པའི་སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་ར་བ(ཁྱིམ)བསྐྲུན་ནས། རྟུག་ལུད་ཞིང་སར་འཇོག་པར་སྐུལ་སྤེལ་གཏོང་བ་དང་། ཞིང་ཞོར་ཐོན་རྫས་གཟན་ཆས་སུ་བེད་སྤྱོད་པར་ཤུགས་བསྣན་དགོས། ཞིང་ཕྱུགས་འདྲེས་མའི་ས་རྒྱུད་དུ་རྩྭ་གསོའི་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་པར་ཤུགས་བསྣན་ནས། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་སླར་གསོ་བྱ་དགོས། འབྲོག་ཁུལ་དུ་རྩྭ་ལ་བལྟས་ནས་ཕྱུགས་གྲངས་གཏན་ཁེལ་བྱེད་པ་རྒྱུན་འཁྱོངས་བྱས་ཐོག སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་སྐྱེ་ཁམས་ཕྱུགས་ར་དང་ཁྱིམ་ཚང་གི་ཕྱུགས་ར་འཕེལ་རྒྱས་སུ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནགས་རྩྭ་ཅུས)

(ཉེར་གཉིས) བདེ་འཇགས་ལ་སྐུལ་འདེད་བྱ་དགོས། གཟན་ཆས་ཀྱི་སྦྱོར་རྟ་བདེ་འཇགས་ངང་བཀོལ་བའི་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་ཐད་ལ་ཤུགས་བསྣན་དགོས། ཕྱུགས་ཀྱི་སྲིན་འགོག་སྨན་རྫས་བཀོལ་སྤྱོད་ལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། སྲོག་ཆགས་ཀྱི་ལུས་ལས་ཐོན་པའི་འབུ་སྲིན་གྱི་སྨན་འདྲེད་རང་བཞིན་ལ་ལྟ་བཤེར་དང་སྨན་རྫས་ཡིན་པའི་གཟན་ཆས་ཀྱི་སྦྱོར་རྟ་མི་བཀོལ་བ། ཕྱུགས་ཀྱི་སྲིན་འགོག་སྨན་རྫས་བཀོལ་ཚད་ཉུང་འཕྲི་བྱེད་པའི་འགུལ་སྐྱོད་སྤེལ་དགོས། ཕྱུགས་ལས་འབྱུང་ཁམས་དང་འཕྲོད་པར་འཕེལ་རྒྱས་ཀྱི་དཔྱད་དཔོག་མ་ལག་འཚོལ་ཞིབ་བྱས་ཏེ། འབྲི་གཡག་གི“སྣོན་གསུམ་འཚམ་གསུམ” (དྲོད་སྣོན་དང་རྩྭ་སྣོན། གཟན་སྣོན། གཞི་རྒྱ་འོས་འཚམ་དང་གཟན་གསབ་འོས་འཚམ། བཤས་གཏོང་འོས་འཚམ)བྱེད་པ་དང་བོད་ལུག་ཕན་འབྲས་ཆེན་པོར་གསོ་སྤེལ། ཕག་བཟོ་རྩལ་ལྡན་པའི་སྒོ་ནས་ཐོན་སྐྱེད། བཞོན་མ་འབྱུང་ཁམས་དང་འཕྲོད་པར་གསོ་སྤེལ་སོགས་གནད་འགག་གི་བྱ་རིམ་ལ་དམིགས་ནས། འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཆ་འགྲིག་ལག་རྩལ་ཁྱབ་བརྡལ་དུ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན)

དྲུག མཐོ་སྒང་གི་ཁྱད་ལྡན་དེང་རབས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་གི་ཞབས་ཕྱི་ཤུགས་དྲག་ཏུ་གཏང་དགོས།

(ཉེར་གསུམ) གྲོང་དཔོན་ཁུལ་དཔོན་གྱིས་འགན་འཁྲི་འཁུར་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་གོང་སྤེལ་དང་ཕྱུགས་ལས་ཐོན་རྫས་ཁྲོམ་རར་འདོན་སྤྲོད་བྱེད་པར་འགན་སྲུང་གི་སྤྱིའི་འགན་འཁུར་བ་དང་། ཕྱུགས་ལས་གོང་སྤེལ་གྱི་འཆར་འགོད་གཏན་འབེབས་དང་སྲིད་ཇུས་ཀྱི་རྗེས་དེད་ནས་དོན་འཁྱོལ་བྱེད་པར་ཤུགས་བསྣན་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་འདོན་སྤྲོད་ལ་གྲོང་དཔོན་ཁུལ་དཔོན་གྱིས་འགན་འཁྲི་འཁུར་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། དཔྱད་དཔོག་ནན་མོ་བྱས་ནས་བྱ་དགའ་དང་ཆད་པ་ཁ་བཤད་ལག་བསྟར་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན)

(ཉེར་བཞི) ཕྱུགས་ལས་གོང་སྤེལ་ཐད་སྤྱོད་པའི་ས་ཞིང་འགན་སྲུང་བྱ་དགོས། སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་ཐད་ལ་མཁོ་བའི་ས་ཞིང་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། གསོ་སྤེལ་ཐད་ལ་བཀོལ་བྱའི་ས་ཞིང་སྙང་སེང་ཐོ་འགོད་ཞུ་བའི་འགྲོ་ལུགས་སྟབས་བདེར་བཟོ་དགོས་ཤིང་། སྒྲིག་བཀོད་ཅན་གྱི་ཞིང་སའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། བཀོལ་བྱའི་ས་ཞིང་གི་དགོས་མཁོ་ནུས་ལྡན་གྱིས་འགན་སྲུང་བྱ་དགོས། ཁྱབ་ཁོངས་ལས་བརྒལ་ནས་ཕྱུགས་འགོག་ཁུལ་དབྱེ་གཅོད་བྱེད་པ་གཏན་འགོག་བྱས་ཏེ། ཕྱུགས་འགོག་ཁུལ་གྱི་ནང་དུ་སྒོ་གཏན་པ་དང་གསོ་མཚམས་བཞག་པ། ཡང་ན་གནས་སྤོར་བའི་གཞི་རྒྱ་ཅན་གྱི་གསོ་སྤེལ་ར་བར་དམིགས་བསལ་གྱིས་སྔོན་ལ་བཀོལ་ས་བཀོད་སྒྲིག་བྱེད་པ་དང་། གནས་གཞན་དུ་ཡང་བསྐྱར་འཛུགས་པར་རྒྱབ་སྐྱོར་བྱ་དགོས། ཞིང་སྡེ་ཐུན་མོང་གི་འཛུགས་སྐྲུན་ཐད་བཀོལ་བྱའི་ས་ཞིང་དང“རྒོད་བཞི”བཀོལ་ནས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏང་དགོས། (ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་རྩྭ་ཅུས)

(ཉེར་ལྔ) སྣ་མང་ཅན་གྱི་དངུལ་འཇོག་དངུལ་བསྡུ་རྐྱེན་སྲོལ་གཟུག་དགོས། མ་དངུལ་གཅིག་གྱུར་གྱིས་གྲབས་གསོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་གཏོང་འཇོག་བྱེད་སྟངས་གསར་སྐྲུན་བྱས་ཏེ། སྣ་མང་ཅན་གྱི་དངུལ་འཇོག་རྐྱེན་སྲོལ་གཟུག་དགོས། ཀྲུང་དབྱང་གི་མ་དངུལ་གྱིས་ཆེད་དོན་རོགས་སྐྱོར་བྱ་རྒྱུ་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་རྫོང་བཅས་ཀྱིས་ནོར་སྲིད་ཀྱི་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ནོར་སྲིད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་འགན་བཅོལ་དུ་ཞུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཁྱོན་ཡོངས་སུ་ཁེབས་པ་རིམ་བཞིན་མངོན་འགྱུར་བྱ་དགོས། ཞིང་ཆེན་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་འགན་ལེན་ལས་ཁུངས་ཀྱིས་འགན་ལེན་ཐོན་རྫས་དང་འགན་ལེན་རྣམ་པ་གསར་སྐྲུན་བྱེད་པར་སྐུལ་མ་གཏང་དགོས། (ཞིང་ཆེན་ནོར་སྲིད་ཐིན་དང་མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན)

(ཉེར་དྲུག) ཆ་འཕྲིན་ཁྱབ་བསྒྲགས་དང་ཁྲོམ་ར་སྙོམ་འཛིན་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཕྱུགས་ལས་ཐོན་སྐྱེད་དང་སྒོ་ཟོག་དང་ཁྱིམ་བྱའི་ཐོན་རྫས་ཀྱི་ཁྲོམ་རར་འགུལ་རྣམ་ལྟར་རྗེས་དེད་དེ་ལྟ་བཤེར་བྱེད་པར་ཤུགས་བསྣན་ནས། དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་ཐོན་སྐྱེད་ལ་ཚན་རིག་དང་མཐུན་པར་མཛུབ་སྟོན་བྱས་ཏེ། ཕྱུགས་ལས་ཐོན་རྫས་དོ་མཉམ་ངང་ཁྲོམ་རར་འགྲེམ་པར་ཁག་ཐེག་བྱ་དགོས། སྲིད་གཞུང་གི་ཕག་ཤ་གྲབས་གསོག་སྙོམ་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཕག་ཐོན་སྐྱེད་དང་ཁྲོམ་རའི་རིན་གོང་ལ་དུས་འཁོར་རང་བཞིན་གྱི་འཕར་ཆག་བྱུང་བ་ཞི་འཇགས་སུ་གཏང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་བྱས་ཏེ། འཛད་སྤྱོད་ལུགས་མཐུན་ཡོང་བར་ཁྲིད་སྟོན་བྱ་དགོས། (ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན)

(ཉེར་བདུན) “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཕྱུགས་ནད་སྨན་པ་དང་འབྲེལ་ཡོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་བཟོ་བཅོས་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཕྱུགས་ལས་ཁྲིམས་སྲོལ་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་ཐད་བཀོལ་བྱའི་ས་ཞིང་ལེན་པའི་གོ་རིམ་དང་ཁོར་ཡུག་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དཔྱད་འཇོག སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་ཞིབ་བཤེར། རྒྱུད་སྤེལ་བའི་སྒོ་ཟོག་དང་ཁྱིམ་བྱ་ཕྱིར་གཏོང་ནང་འདྲེན་སོགས་ལ་ཞིབ་མཆན་འགོད་པའི་གོ་རིམ་ལེགས་སྒྱུར་དང་དུས་ཡུན་ཇེ་ཐུང་དུ་བཏང་ནས། “སྒེའུ་ཁུང་གཅིག་ཏུ་དང་ལེན”བྱེད་པར་སྐུལ་འདེད་བཏང་ནས་དོན་གྱི་མགོ་མཇུག་བར་གསུམ་ལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏང་དགོས། (ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཟི་ལིང་རྒྱལ་མཚམས་འགག་སྒོ)

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ3པའི་ཚེས18ཉིན།