མཚོ་སྲིད﹝2021﹞ཨང17པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམིགས་འཛུགས་བྱས་པའི་གཞུང་ལམ་གྱི་སྐྱེལ་འདྲེན་ལམ་མདོ་བརྒྱུད་དེ་སྲོག་ཆགས་དང་དེའི་ཐོན་རྫས་ནང་འདྲེན་བྱེད་པའི་སྐོར་གྱི་བརྡ་ཁྱབ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཞིང་ཆེན་ཕྱི་ནས་སྲོག་ཆགས་དང་དེའི་ཐོན་རྫས་ནང་འདྲེན་བྱེད་སྐབས་ཀྱི་རིམས་ནད་འགོག་སྡོམ་དང་བདེ་འཇགས་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས། སྐྱེལ་འདྲེན་བྱེད་པའི་བར་མཚམས་སུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མཆེད་པའི་ཉེན་ཁ་འགོག་ཟོན་དང་། སྲོག་ཆགས་དང་དེའི་ཐོན་རྫས་སྒྲིག་ཡོད་བདེ་འཇགས་ངང་ནང་འདྲེན་བྱེད་པའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་སྔོན་འགོག་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་སྲོལ་ཡིག》གཞིར་བཟུང་སྟེ། འདིར་རང་ཞིང་གིས་དམིགས་འཛུགས་བྱས་པའི་གཞུང་ལམ་གྱི་སྐྱེལ་འདྲེན་ལམ་མདོ་བརྒྱུད་དེ་སྲོག་ཆགས་དང་དེའི་ཐོན་རྫས་ནང་འདྲེན་བྱེད་པར་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག གཤམ་དུ་བཀོད་པའི་ཞིང་ཆེན་མངའ་ཁོངས་ཀྱི་ལམ་མདོ17ནི་སྲོག་ཆགས་དང་དེའི་ཐོན་རྫས་ནང་འདྲེན་བྱེད་པར་དམིགས་འཛུགས་བྱས་པའི་ལམ་མདོ་ཡིན་ཏེ། ལན་ཟི་མྱུར་ལམ་བརྒྱུད་པའི་རྨིན་ཧོ་རྫོང་གི་མཱ་ཁྲང་ཡོན་དང་རྒྱལ་ལམ109བ་བརྒྱུད་པའི་རྨིན་ཧོ་རྫོང་གི་བྱང་ཐང་། ཁྲོན་ཏ་གཞུང་ལམ་དང་ཁྲོན་ཀོན་གཞུང་ལམ་འདྲེས་མདོའི་རྨིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་ཀྲའེ་ཙི་སྡེ་བ། རྨིན་མིན་གཞུང་ལམ་བརྒྱུད་པའི་ཧུའུ་ཀྲུའུ་རྫོང་གི་རྒྱ་ཏིག ཀ་ཅུ་ནས་ཕིན་ཨན་བར་གྱི་གཞུང་ལམ་བརྒྱུད་པའི་ཞུན་ཧྭ་རྫོང་གི་རག་ཤུལ་མདོ། ཟི་ལིང་ནས་ཀྲང་ཡེ་བར་གྱི་རྒྱལ་ལམ227པ་བརྒྱུད་པའི་མདོ་ལ་རྫོང་གི་མཁར་དམར། མདོ་ལ་རྫོང་གི་གཞུང་ལམ་ཨང9བ་བརྒྱུད་པའི་འབྲོང་ལུང་། རྒྱལ་ལམ109བ་བརྒྱུད་པའི་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་རི་ཉག་ག མཚོ་ནུབ་ཀྱི་ཏིང་མང་གཞུང་ལམ་གྱི་སྤྱི་ལེ116སའི་ལེང་ཧུའུ། མཚོ་ནུབ་ཀྱི་ཏུན་གོར་གཞུང་ལམ་བརྒྱུད་པའི་ཡུས་ཁ། མཚོ་ནུབ་ཀྱི་གོར་མང་གཞུང་ལམ་བརྒྱུད་པའི་མང་ནེ། ཐུན་བསང་གཞུང་ལམ་བརྒྱུད་པའི་ཐུན་རིན་གྲོང་ཁྱེར་གྱི་མགར་རྩེ། ཨ་གསེར་གཞུང་ལམ་བརྒྱུད་པའི་རྨ་ལྷོ་སོག་རྫོང་གི་གསེར་ལུང་། ཟི་གཅིག་གཞུང་ལམ་བརྒྱུད་པའི་གཅིག་སྒྲིལ་རྫོང་གི་ཁང་གསར། པད་མ་ནས་མཛའ་བརྩེ་ཟམ་པ་བར་གྱི་གཞུང་ལམ་གྱི་སྤྱི་ལེ60སའི་པད་མ་རྫོང་གི་དྷི་མདའ། རྒྱལ་ལམ214བ་བརྒྱུད་པའི་ཁྲི་འདུ་རྫོང་གི་སྡོམ་མདའ། རྒྱལ་ལམ214བ་བརྒྱུད་པའི་ནང་ཆེན་རྫོང་གི་ཝ་ཧོ་སྣ་བཅས་ཡིན།

གལ་ཏེ་གོང་དུ་དམིགས་འཛུགས་བྱས་པའི་ཞིང་ཆེན་མངའ་ཁོངས་ཀྱི་ལམ་མདོ་སྙོམ་སྒྲིག་བྱ་དགོས་ཚེ། ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་སུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས། ས་གནས་སོ་སོའི་རྫོང་རིམ་པའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་འགོག་སྡོམ་འཚུབ་ཟློག་གི་གནས་བབ་ཀྱི་དགོས་མཁོར་གཞིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སྡེ་ཁག་མཉམ་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་སུ་གཞུང་ལམ་གྱི་འགྲིམ་འགྲུལ་ལམ་གཙོ་བོ་རུ་གནས་སྐབས་ཀྱི་ཞིབ་བཤེར་ས་ཚིགས་གཟུག་དགོས།

གཉིས། སྲོག་ཆགས་དང་དེའི་ཐོན་རྫས་རང་ཞིང་དུ་འདྲེན་པར་ཟོང་བདག་གམ་འདྲེན་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར། རླངས་འཁོར་དུ་སྲོག་ཆགས་ཀྱི་རིམས་བཤེར་ཚད་མཐུན་དཔང་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་འདྲེན་ཡུལ་གྱི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་བཏོན་པའི་འདྲེན་འཐུས་སྙན་སེང་ཐོ་འགོད་རེའུ་མིག་གམ་རིམས་བཤེར་མཆན་འགོད་རེའུ་མིག་ཁྱེར་ནས། དམིགས་འཛུགས་བྱས་པའི་གཞུང་ལམ་གྱི་སྐྱེལ་འདྲེན་ལམ་མདོ་བརྒྱུད་དེ་ནང་འདྲེན་བྱ་དགོས་ལ། གཞུང་ལམ་གྱི་སྲོག་ཆགས་ཀྱི་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ལ་ཞིབ་བཤེར་བྱ་རྒྱུར་རང་འགུལ་གྱིས་སྙན་སེང་ཞུས་ནས་དེས་ལྟ་སྐུལ་དང་ཞིབ་བཤེར། དུག་སེལ་བཅས་བྱེད་པ་དང་དུ་ལེན་དགོས་ཤིང་། ཞིབ་བཤེར་བྱས་འབྲས་ཚད་མཐུན་ཡིན་པར་མ་ཟད་དམིགས་འཛུགས་བྱས་པའི་ལམ་མདོ་རུ་ཞིབ་བཤེར་བྱས་ཏེ་ཐམ་ག་བརྒྱབ་རྗེས་ད་གཟོད་ཞིང་ཆེན་ནང་ཁུལ་དུ་འདྲེན་ཆོག

གསུམ། སྲོག་ཆགས་དང་དེའི་ཐོན་རྫས་རང་ཞིང་གི་མངའ་ཁོངས་བརྒྱུད་དེ་སྐྱེལ་འདྲེན་བྱེད་པར་ཟོང་བདག་གམ་འདྲེན་མཁན་གྱིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་བཤེར་ཚད་མཐུན་དཔང་ཡིག་ཁྱེར་ནས་གོང་དུ་དམིགས་འཛུགས་བྱས་པའི་ལམ་མདོ་བརྒྱུད་དེ་མངའ་ཁོངས་སུ་ཡོང་དགོས་པར་མ་ཟད། ལམ་མདོ་དེ་ག་ཡོད་སའི་གཞུང་ལམ་གྱི་སྲོག་ཆགས་ཀྱི་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ལ་ཞིབ་བཤེར་བྱ་རྒྱུར་སྙན་སེང་ཞུས་ཐོག གཏན་ཁེལ་བྱས་པའི་དུས་བཅད་དང་སྐྱེལ་འདྲེན་ལམ་ཐིག་ལྟར་མངའ་ཁོངས་ལས་འབྲལ་དགོས།

བཞི། སྲོག་ཆགས་དང་དེའི་ཐོན་རྫས་སྐྱེལ་འདྲེན་བྱེད་པར་རིམས་བཤེར་ཚད་མཐུན་དཔང་ཡིག་དང་འདྲེན་འཐུས་སྙན་སེང་ཐོ་འགོད་རེའུ་མིག་གམ་རིམས་བཤེར་མཆན་འགོད་རེའུ་མིག་མེད་ཚེ། ལམ་མདོ་དེ་ག་ཡོད་སའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་སྔོན་འགོག་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་སྲོལ་ཡིག》ལྟར་ཐག་གཅད་དགོས་ལ། སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཧུར་ཐག་སྒོས་གཞོགས་འདེགས་བྱ་དགོས།

ལྔ། སྲོག་ཆགས་དང་དེའི་ཐོན་རྫས་དམིགས་འཛུགས་བྱས་པའི་གཞུང་ལམ་གྱི་ལམ་མདོ་བརྒྱུད་དེ་ནང་འདྲེན་མ་བྱས་ཚེ། རྫོང་རིམ་པ་ཡན་གྱི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅད་དགོས།

སྡེ་ཚན་དང་མི་སྒེར་སུ་དང་གང་གིས་ཀྱང་དམིགས་འཛུགས་བྱས་པའི་གཞུང་ལམ་གྱི་སྐྱེལ་འདྲེན་ལམ་མདོ་མ་བརྒྱུད་པར་ནང་འདྲེན་བྱས་པའི་སྲོག་ཆགས་དང་དེའི་ཐོན་རྫས་བསྡུ་ལེན་བྱེད་མི་ཆོག གལ་ཏེ་ཁྲིམས་འགལ་གྱིས་བསྡུ་ལེན་བྱས་ཚེ། ས་དེ་གའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལས་ཁུངས་ཀྱིས་ལས་བགོས་འགན་འཁྲི་ལྟར་ཁྲིམས་ལྟར་ཐག་གཅད་དགོས། བྱས་ཉེས་བསགས་པར་དོགས་པ་ཡོད་ཚེ། སྤྱི་བདེ་ལས་ཁུངས་སུ་སྤྲད་ནས་ཞིབ་གཅོད་བྱ་དགོས།

དྲུག བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2021ལོའི་ཟླ3པའི་ཚེས19ཉིན།