རྒྱལ་ཡོངས་བུད་མེད་མཉམ་འབྲེལ་དང་སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་མཉམ་འབྲེལ་ཐོག《མཐོ་སློབ་མཐར་ཕྱིན་སྐྱེས་མའི་ལས་ཞུགས་ལས་གཏོད་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

རང་རེའི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ལས་ཞུགས་བརྟན་རླིང”དང“ལས་ཞུགས་ཁག་ཁུར”གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་གཏོད་ཀྱི་སྐུལ་འདེད་ལ་རྒྱབ་སྐྱོར་བྱ་ཆེད། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་དང་སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་མཉམ་འབྲེལ་ཐོག །《མཐོ་སློབ་མཐར་ཕྱིན་སྐྱེས་མའི་ལས་ཞུགས་ལས་གཏོད་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། མཐོ་སློབ་མཐར་ཕྱིན་སྐྱེས་མའི་ལས་ཞུགས་ལས་གཏོད་བྱ་བར་མཉམ་དུ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དུ་བཟོས་ཤིང་། མཐོ་སློབ་མཐར་ཕྱིན་སྐྱེས་མས་སྔར་ལས་སྤུས་ལེགས་ཀྱིས་ལས་ཞུགས་ཐུབ་པར་སྐུལ་འདེད་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

གསོ་སྦྱོང་ལ་མཛུབ་སྟོན་བྱེད་པའི་ཕྱོགས་ནས།

ལས་ཞུགས་ལས་གཏོད་ཀྱི་མཛུབ་སྟོན་དགེ་རྒན་དཔུང་སྡེ་བཙུགས་ནས། མཐོ་སློབ་མཐར་ཕྱིན་སྐྱེས་མར་ལས་ཞུགས་ལས་གཏོད་ཐད་ཡུལ་དངོས་མཛུབ་སྟོན་དང་ལས་བསྡུ་འབྲེལ་མཐུད་སོགས་ནས་མཛུབ་སྟོན་ཞབས་ཞུ་འདོན་སྤྲོད་བྱ་དགོས།

སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་འབྲེལ་ཟབ་སྤེལ་བྱས་ཏེ། ས་ཁུལ་སོ་སོའི་སྐྱེས་མའི་སློབ་ཆེན་སློབ་མའི་ལས་གཏོད་ལག་ལེན་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཐོ་སློབ་མཐར་ཕྱིན་སྐྱེས་མར་དངོས་སྦྱོང་གི་ལས་གནས་དང་ཚོད་ལྟའི་གོ་སྐབས་འདོན་སྤྲོད་བྱ་དགོས།

གསོ་སྦྱོང་གི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། ཁྲོམ་རའི་དགོས་མཁོ་དང་མཐོ་སློབ་མཐར་ཕྱིན་སྐྱེས་མའི་ཁྱད་ཆོས་ཟུང་འབྲེལ་ཐོག མཐོ་རིམ་སློབ་གྲྭ་དང་ལས་ཞུགས་གསོ་སྦྱོང་ལས་ཁུངས་སོགས་ཀྱི་སྤྱི་ཚོགས་ཐོན་ཁུངས་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་ཏེ། མཐོ་སློབ་མཐར་ཕྱིན་སྐྱེས་མ་དང་འཚམ་པའི་གསོ་སྦྱོང་སློབ་ཁྲིད་ཅིག་གསར་སྤེལ་བྱ་དགོས།

ལས་ཞུགས་སྐུལ་འདེད་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་ནས།

ལས་ཞུགས་ཁ་གསབ་དང་གླ་ཕོགས་རིམ་པ་གཏན་འབེབས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མཐོ་སློབ་མཐར་ཕྱིན་སྐྱེས་མ་གཞི་རིམ་གྱི་གཞིས་སྡོད་ཁུལ་ཞབས་ཞུ་དང་སློབ་གསོ་སྨན་བཅོས་སོགས་འཇོན་མི་དཀོན་པའི་མངའ་ཁོངས་སུ་སོང་ནས་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱ་དགོས།

འཁོར་རྒྱུག་ཆེ་བའི་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་དཔལ་འབྱོར་དུས་རབས་ནས་སྐྱེས་མའི་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་གསར་པ་འཚོལ་སྙེག་དང་ཞིབ་འཇུག་བགྱིས་ནས། ལས་ཞུགས་བྱས་ཟིན་པའི་མཐོ་སློབ་མཐར་ཕྱིན་སྐྱེས་མར། ཁྲལ་བསྡུའི་གཟིགས་སྐྱོང་དང་སྤྱི་ཚོགས་ཉེན་སྲུང་ཁ་གསབ་སོགས་ཀྱི་སྲིད་ཇུས་གཏན་འབེབས་ལྟར་དོན་འཁྱོལ་བྱ་དགོས།

“མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་སྟེགས་བུ”དང“24365མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཤེས་ལྡན་ལས་ཞུགས་སྟེགས་བུ”སྤྱད་ནས། མཐོ་སློབ་མཐར་ཕྱིན་སྐྱེས་མ་དང་འཚམ་པའི་ལས་གནས་ཆ་འཕྲིན་དམིགས་འཛུགས་རང་བཞིན་གྱིས་སྔོག་འདོན་བྱ་དགོས།

ལས་ཞུགས་རོགས་སྐྱོར་བྱས་ཏེ། ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མཐོ་སློབ་མཐར་ཕྱིན་སྐྱེས་མར་ལས་ཞུགས་རོགས་སྐྱོར་འདོན་སྤྲོད་གནང་སྟེ། དཀའ་ཁག་གི་གནས་ཚུལ་ལ་གཞིགས་ནས་རིགས་དགར་ནས་ལས་ཞུགས་རོགས་སྐྱོར་བྱ་དགོས།

ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། གཏུག་བཤེར་བྱ་ཡུལ་ཤར་གཏོང་བྱ་དགོས་ཤིང་། ལས་ཞུགས་ལ་ཕོ་མོའི་དབྱེ་བ་ཕྱེ་ནས་མཐོང་ཆུང་བྱེད་པ་དང་འབྲེལ་བའི་གནད་དོན་ཡོད་ཚེ་དུས་ལྟར་རྩད་ཞིབ་ཐག་གཅོད་བྱས་ཏེ། ལས་ཞུགས་ལ་ཕོ་མོའི་དབྱེ་བ་ཕྱེ་ནས་མཐོང་ཆུང་གི་དོགས་གཞི་ཡོད་པའི་མི་བཀོལ་ལས་ཁུངས་ལ་མཉམ་འབྲེལ་ཐོག་དུས་བཅད་གླེང་མོལ་བྱ་དགོས།

ལས་གཏོད་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་པའི་ཕྱོགས་ནས།

སློབ་ཆེན་སློབ་མའི་ལས་གཏོད་གླིང་དང་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཞབས་ཞུའི་དྲ་རྒྱ། སྐྱེས་མའི་སློབ་ཆེན་སློབ་མའི་ལས་གཏོད་ལག་ལེན་རྟེན་གཞི་སོགས་ལ་སྐུལ་འདེད་བྱས་ཏེ། མཐོ་སློབ་མཐར་ཕྱིན་སྐྱེས་མར་ལས་གཏོད་བྱེད་པ་དང་། ཕྱིར་ཕ་ཡུལ་ལ་ལོག་ནས་ལས་གཏོད་བྱེད་པར་བློ་འདྲིའི་མཛུབ་སྟོན་དང་རྗེས་འདེད་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས།

མཐོ་སློབ་མཐར་ཕྱིན་སྐྱེས་མའི་ལས་གཏོད་འགྲན་སྡུར་དང་རྩལ་ནུས་འགྲན་སྡུར་གྱི་བྱ་འགུལ་རྩ་འཛུགས་བྱས་ཏེ། མཐོ་སློབ་མཐར་ཕྱིན་སྐྱེས་མའི་ལས་ཞུགས་ལས་གཏོད་ཐད་བརྗེ་རེས་དང་འགྲེམ་སྟོན། ཞབས་ཞུའི་སྟེགས་བུ་སྔར་ལས་མང་པོ་ཞིག་བསྐྲུན་དགོས།

ཚོང་ལས་དངུལ་རྩའི་ལས་ཁུངས་ལ་མཉམ་འབྲེལ་བྱེད་ཚད་ཇེ་མང་ལ་བཏང་སྟེ། མཐོ་སློབ་མཐར་ཕྱིན་སྐྱེས་མར་སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུ་བྱེད་པ་དང་། གཏན་འབེབས་ལྟར་ཆ་རྐྱེན་དང་མཐུན་པའི་སློབ་མར་ལས་གཏོད་ཀྱི་བསྐྱི་དངུལ་ལེན་པའི་སྲིད་ཇུས་དོན་འཁྱོལ་ལག་བསྟར་དགོས་སོ། །

ལོ་ཙཱ་བ། ལྷ་ཆེན་རྒྱལ།