ཅི་ཞིག་ལ་འདུས་འདྲིལ་གློ་གཅོང་ཟེར།

འདུས་འདྲིལ་གློ་གཅོང་ཟེར་བ་ནི་འདུས་འདྲིལ་དབྱིག་སྲིན་ལས་བྱུང་བའི་དལ་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན་ལ། དེས་དོན་སྣོད་མང་པོ་ཞིག་ལ་གནོད་པ་གཏོང་སྲིད་དེང་སྐབས་གློ་བའི་འདུས་འདྲིལ་གཅོང་ནད་དེ་ཆེས་རྒྱུན་མཐོང་དུ་གྱུར་ཡོད་ཅིང་། མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་སྣང་སྐུལ་བའི་འགོས་ནད་རང་བཞིན་གྱི་ནད་རིགས་ཤིག་རེད། སྤྱིར་བཏང་དུ་འདུས་འདྲིལ་བྱུང་བའི་ནད་པར་འབྲེལ་འདྲིས་བྱས་ཏེ་ནད་འབུ་འབྱིན་རྔུབ་བྱས་པ་ལས་བྱུང་བ་ཞིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་ལོ་རེར་འདུས་འདྲིལ་གློ་གཅོང་བྱུང་བའི་ནད་པ་ས་ཡ་བརྒྱད་ནས་བྱེ་བ་གཅིག་ཙམ་ཡོད་ལ། ལོ་རེར་ཧ་ལམ་མི་ས་ཡ་གསུམ་ཙམ་འདུས་འདྲིལ་གློ་གཅོང་ནད་ཀྱིས་འཆི་ལམ་དུ་འཇུག་བཞིན་ཡོད་པས། འཆི་ཚད་མཐོ་བའི་འགོས་ནད་རིགས་ཤིག་རེད། གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས “འཛམ་གླིང་ཧྲིལ་པོའི་འདུས་འདྲིལ་གློ་གཅོང་ནད་ཛ་དྲག་ཏུ་འགྱུར་བཞིན་པ”གསལ་བསྒྲགས་བྱས་ཏེ། འདུས་འདྲིལ་གློ་གཅོང་ནད་དེ་འཛམ་གླིང་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་འདོད་པ་དང་། རང་རྒྱལ་ནི་རྒྱལ་སྤྱིའི་སྟེང་གི་འདུས་འདྲིལ་རིམས་ནད་ཆེས་ཚབས་ཆེན་ཡིན་པའི་རྒྱལ་ཁབ་གྲས་ཀྱི་གཅིག་རེད།

འདུས་འདྲིལ་གློ་གཅོང་གི་ནད་རྟགས་ལ་དབྱེ་ན། དུས་ཡུན་རིང་པོར་གློ་ལུ་བ་དང་ལུད་པ་མང་བ། ཞོགས་པའི་དུས་སུ་སྐམ་ལུ་བྱེད་པ། སྔ་དུས་ཀྱི་ནད་རྟགས་ཅུང་ཡང་བའི་སྐབས་སུ་གློ་ལུ་བ་དེ་འདྲའི་མངོན་གསལ་མིན་མོད། འོན་ཀྱང་ནད་གཞི་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་གློ་ལུ་ཚད་ཇེ་སྡུག་ཏུ་འགྲོ་བ་དང་། ལུད་པའི་ནང་དུ་ཁྲག་འདྲེས་པའམ་ཡང་ན་ཐད་ཀར་ཁྲག་ལུད་པ། ཐ་ན་དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། ཐང་ཆད་པ་དང་། རྒྱུ་རྐྱེན་གང་ཡང་མེད་པར་ལུས་པོ་སྐམ་རིད་དུ་འགྱུར་བར་མ་ཟད། ད་དུང་བྲང་ཁར་ཟུག་གཟེར་ལངས་པ་དང་ཚ་བ་རྒྱས་ཤིང་རྔུལ་ཆུ་ཐོན་པ་སོགས་ཀྱི་ནད་རྟགས་འབྱུང་ངོ།།

འདུས་འདྲིལ་གློ་གཅོང་ནད་ཀྱི་འགོ་ལམ་ནི་ཅི་ཞིག་ཡིན།

འདུས་འདྲིལ་གློ་གཅོང་ནད་ནི་གཙོ་བོ་དབུགས་ལམ་དང་འཇུ་ལམ། སྐྱི་པགས་དང་བུ་སྣོད་སོགས་བརྒྱུད་ནས་འགོ་བ་རེད།

དབུགས་ལམ་བརྒྱུད་ནས་འགོ་བ། དབུགས་ལམ་ནི་ནད་དེའི་འགོས་ལམ་གཙོ་བོ་ཡིན། མིས་ནད་དུག་འདུས་པའི་མཆིལ་རྡུལ་དང་ས་རྡུལ་རྔུབ་རྗེས་འདུས་འདྲིལ་གཅོང་ནད་འབྱུང་བཞིན་ཡོད།

འཇུ་ལམ་བརྒྱུད་ནས་འགོ་བ། དུག་སེལ་བྱས་མེད་པའམ་དུག་སེལ་བྱས་པ་མི་ལེགས་པའི་ནོར་གཤིས་འདུས་འདྲིལ་དབྱུག་སྲིན་འགོས་ཡོད་པའི་འོ་མ་འཐུང་བ་དང་མི་གཤིས་འདུས་འདྲིལ་དབྱུག་སྲིན་འགོས་ཡོད་པའི་ཟས་རིགས་ཟོས་རྗེས་ནད་དེ་འབྱུང་བ་རེད། གཙོ་བོ་དབུགས་ལམ་དང་རྒྱུ་ལམ་དུ་འགོ་བཞིན་ཡོད།

བརྒྱུད་ལམ་གཞན་པ། ལན་རེར་རྨས་ཕོག་པའི་སྐྱི་པགས་དང་འབྱར་སྐྱི། སྐྱེ་འཕེལ་དབང་པོ་སོགས་བརྒྱུད་ནས་འགོ་བ་རེད། ལྷན་སྐྱེས་རང་བཞིན་གྱི་འདུས་འདྲིལ་གཅོང་ནད་ནི་བུ་རོགས་དང་འགོ་ཆུ་རྔུབ་པ་ལས་འགོས་པ་དང་། མང་ཆེ་བར་སྐྱེས་ནས་ཅུང་མ་འགོར་བར་རིལ་བུ་རང་བཞིན་གྱི་འདུས་འདྲིལ་གཅོང་ནད་དང་སྐྱེ་འཕེལ་དབང་པོའི་འདུས་འདྲིལ་གཅོང་ནད་འབྱུང་བཞིན་ཡོད། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།