མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱད་བྱའི་ས་ཞིང་གི་ཞིབ་མཆན་འགོད་དབང་སྤྲོད་པ་ དང་མངག་བཅོལ་བྱེད་པའི་སྐོར་གྱི་གཏན་འབེབས》 དོན་འཁྱོལ་མཐར་ཕྱིན་བྱེད་པའི་བརྡ་སྦྱོར།

མཚོ་སྲིད〔2020〕ཨང50བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་དང། “ གློད་སྡོམ་ཞབས་ཕྱི ” གསུམ་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་ཟབ་སྤེལ། ས་ཞིང་གི་དོ་དམ་ལམ་ལུགས་བཅོས་སྒྱུར་བཅས་བྱེད་ཆེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱད་བྱའི་ས་ཞིང་གི་ཞིབ་མཆན་འགོད་དབང་སྤྲོད་པ་དང་མངག་བཅོལ་བྱེད་པའི་སྐོར་གྱི་གཏན་འབེབས》(རྒྱལ་གཞུང་སྤེལ〔2020〕 ཨང 4 བ། གཤམ་དུ《གཏན་འབེབས》ཞེས་བསྡུས)ཀྱི་བཀོད་སྒྲིག་དང་བླང་བྱ་ལྟར། འདིར་དོན་དངོས་དང་སྦྲེལ་ནས་རང་རེའི་ཞིང་ཆེན་གྱིས་སྤྱད་བྱའི་ས་ཞིང་གི་ཞིབ་མཆན་འགོད་དབང་དང་ལེན་བྱེད་པའི་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་ཞིབ་མཆན་འགོད་དབང་སྤྲོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ལེགས་པོ་བྱ་དགོས།

ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང “ ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་སྤྱད་བྱའི་ས་ཞིང་བདག་དབང་སྔར་བས་ཆེན་པོ་སྤྲོད་པ ” གསལ་བོར་བཏོན་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བའི་ཞིབ་མཆན་འགོད་དབང་སྤྲད་པ་དེ་ནི་ཏང་ཀྲུང་དབྱང་གི “ གློད་སྡོམ་ཞབས་ཕྱི ” གསུམ་གྱི་བཅོས་སྒྱུར་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་བྱེ་བྲག་གི་མཚོན་སྟངས་ཤིག་ཡིན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨོ་ཞིང་སྲུང་སྐྱོང་ཏན་ཏིག་དང་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནན་སྲུང་།སྤྱད་བྱའི་ས་ཞིང་གཅིག་བསྡུས་ཀྱིས་གྲོན་ཆུང་བྱེད་པ།ཞིབ་མཆན་འགོད་པའི་ལས་ཕྱོད་ཇེ་མཐོར་གཏོང་བའི་བྱེ་བྲག་གི་བྱེད་སྒོ་ཡིན། དེའི་དམིགས་འབེན་གཙོ་བོ་ནི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ས་ཞིང་གི་ཞིབ་བཤེར་མཆན་འགོད་ལམ་ལུགས་ཁྲོད་འཁོར་ཡུན་ཅུང་རིང་ཞིང་རིམ་པ་མཐོ་དྲགས་པ་དང་། བརྒྱུད་རིམ་ཅུང་མང་བ། དོན་གཅོད་དབང་ཆ་བསྣོལ་ནོར་བྱུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བའི་ཞིབ་མཆན་འགོད་དབང་སྤྲད་པ་དེས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ཁྲོམ་རའི་གསོན་ཤུགས་བརྩོན་སྐུལ་བྱེད་པ། ནང་མཁོའི་སྦས་ཤུགས་གཏིང་ཟབ་མོས་སྔོག་འདོན་བྱེད་པ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལུགས་མཐུན་གྱིས་ས་ཞིང་བཀོལ་སྤྱོད་བྱེད་པའི་དགོས་མཁོ་སྐོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན། བསམ་བློའི་འདུ་ཤེས་སྔར་བས་ཇེ་མཐོར་གཏོང་ཞིང་། བྱ་བ་སྒྲུབ་པའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། བྱ་བའི་བླང་བྱ་སོ་སོ་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་དང་དུ་བླངས་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་ནས་གྲུབ་འབྲས་མངོན་པར་ཁག་ཐེག་བྱ་དགོས།

གཉིས། རང་རེའི་ཞིང་ཆེན་གྱིས་དང་དུ་བླངས་པའི་སྤྱད་བྱའི་ས་ཞིང་ཞིབ་མཆན་འགོད་དབང་ངེས་གསལ་བྱ་དགོས།

《གཏན་འབེབས》ལས་དབང་སྤྲོད་པའི་དོན་ཚན་གཤམ་གསལ་ལྟར། གཅིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ཆོག་མཆན་བཀོད་པའི་གྲོང་ཁྱེར་ལ་དམིགས་ནས་གཏན་འཇགས་ཀྱི་གཞི་རྩའི་ཞིང་ས་ཕན་ཆད་ཀྱི་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བར་ཞིབ་མཆན་འགོད་པའི་དོན་ཚན་ཞིང་ཆེན་སྲིད་གཞུང་ལ་དབང་སྤྲོད་པ་དང་། རང་རེའི་ཞིང་ཆེན་ལ་ཟི་ལིང་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བའི་ཞིབ་མཆན་འགོད་པའི་བྱ་བ་དང་སྦྲེལ་ཡོད། གཉིས་ནི་ས་ཞིང་བེད་སྤྱོད་སྤྱིའི་འཆར་འགོད་གཏན་ཁེལ་བྱས་པའི་གྲོང་ཁྱེར་དང་གྲོང་ཚོ་དང་གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་ཁྱབ་ཁོངས་སུ་མ་གཏོགས། གཏན་འཇགས་ཀྱི་གཞི་རྩའི་ཞིང་ས་ཕན་ཆད་ཀྱི་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བར་ཞིབ་མཆན་འགོད་པའི་དོན་ཚན་ཞིང་ཆེན་སྲིད་གཞུང་ལ་དབང་སྤྲོད་པ་སྟེ། དབང་སྤྲོད་མ་བྱས་གོང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བར་ཞིབ་མཆན་འགོད་པའི་གནས་ཡུལ་ལོགས་སུ་འདེམས་པའི་ལས་གཞི་ཡར་ཞུ་བྱ་དགོས། དེ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་གཞུང་ཡིག་གི་ལམ་ནས་མཆན་འགོད་བཀའ་ལན་གནང་བའི་འཛུགས་སྐྲུན་ལས་གཞིའམ། ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཐད་ཀར་གཞུང་ཡིག་གི་ལམ་ནས་མཆན་འགོད་བཀའ་ལན་གནང་བའི(མཆན་འགོད་བཀའ་ལན་གྱི་ཡིག་ཆའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཅེས་གསལ་བོར་དགོད་དགོས།) འཛུགས་སྐྲུན་ལས་གཞི་དང་། གཏན་འཇགས་ཀྱི་གཞི་རྩའི་ཞིང་ས་ཕན་ཆད་ཀྱི་སྤྱད་བྱའི་ས་ཞིང་དེ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་དུ་བསྒྱུར་བར་ཞིབ་མཆན་འགོད་པ་བཅས་འདུ། ཐུན་མོང་གི་ས་ཞིང་བསྡུ་ལེན་ལ་ཞིབ་མཆན་འགོད་པར་སྔོན་གྱི་གོ་རིམ་དང་དབང་ཚད་ལྟར་བསྒྲུབ་དགོས།

གསུམ། དབང་སྤྲད་པ་དང་དུ་བླངས་རྗེས་ཀྱི་ཞིབ་མཆན་འགོད་པའི་བླང་བྱ།

(གཅིག) ཟི་ལིང་གྲོང་ཁྱེར་གྱི་སྤྱད་བྱའི་ས་ཞིང་ལ་ཞིབ་མཆན་འགོད་པ། ཟི་ལིང་གྲོང་ཁྱེར་གྱི་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ལས་གཏན་ཁེལ་བྱས་པའི་ལྟེ་བའི་གྲོང་ཁུལ་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་གཞི་ཁྱོན་ནང་གི་ས་ཞིང་བཀོད་སྒྲིག་བྱེད་ཚུལ་དེ་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད(རྒྱལ་ཁོངས་ཡུལ་ཁམས་འཆར་འགོད)དང་མཐུན་དགོས་ཤིང་། ལོ་འཁོར་ནང་གསར་དུ་བསྣན་པའི་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་གཞི་ཁྱོན་དེ་རྩ་དོན་སྟེང་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད(རྒྱལ་ཁོངས་ཡུལ་ཁམས་འཆར་འགོད)ལས་གཏན་ཁེལ་བྱས་པའི་འཆར་འགོད་དུས་ཡུན་ནང་ལྷག་ལུས་བྱུང་བའི་གྲོང་ཁྱེར་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་ལོ་རེའི་ཆ་སྙོམས་ཀྱི་ཚད་ལས་བརྒལ་མི་རུང་བ་དང་། ས་ཞིང་བེད་སྤྱོད་ཀྱི་འཆར་གཞིའི་དམིགས་ཚད་བཀོད་སྒྲིག་དེ་འཆར་འགོད་དུས་ཡུན་ནང་གི་ས་ཞིང་བེད་སྤྱོད་གཞི་ཁྱོན་གྱི་གཏན་འབེབས་དང་མཐུན་དགོས་ལ། ལོ་འཁོར་ནང་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གསར་སྣོན་བྱེད་སྐབས་གྲོང་ཁྱེར་གྱི་ཁག་བགོས་བྱེད་སྟངས་ལྟར་ཞིང་ཆེན་སྲིད་གཞུང་ལ་ཆོག་མཆན་འགོད་པར་ཞུ་དགོས། ལོ་འཁོར་ནང་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གསར་སྣོན་བྱེད་སྐབས་སྡོད་ཁང་ལ་མཁོ་བའི་ས་ཞིང་ནང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭར་མཁོ་བའི་ས་ཞིང་གི་གཞི་ཁྱོན་ངེས་གསལ་བཟོས་ཏེ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭར་མཁོ་བའི་ས་ཞིང་དེ་གང་ནུས་ཅི་ནུས་ཀྱིས་འགན་སྲུང་ཐུབ་པར་བྱ་དགོས། 2009 ལོའི་རྗེས་སུ་ལག་བསྟར་ཇུས་གཞིར་ཞིབ་བཤེར་གཏན་འབེབས་བྱས་ནས་མོས་མཐུན་བྱུང་བའི་སྤྱད་བྱའི་ས་ཞིང་གི་གཞི་ཁྱོན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་སྤྱད་བྱའི་ས་ཞིང་གི་གཞི་ཁྱོན་ལས 60% ཆུང་ཚེ།རྩ་དོན་སྟེང་གསར་དུ་བསྣན་པའི་སྤྱད་བྱའི་ས་ཞིང་ལ་ཆོག་མཆན་མི་འགོད། རྨོ་ཞིང་བཟུང་སྤྱོད་བྱས་པར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་རྨོ་ཞིང་བཟུང་གསབ་དོ་སྙོམས་ཡོང་བར་བྱ་དགོས།

(གཉིས) གནས་ཡུལ་ལོགས་སུ་འདེམས་པའི་ལས་གཞིའི་ཐད་སྤྱད་བྱའི་ས་ཞིང་ལ་ཞིབ་མཆན་འགོད་པ། ལས་གཞིའི་ཐད་སྤྱད་བྱའི་ས་ཞིང་དེ་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད(རྒྱལ་ཁོངས་ཡུལ་ཁམས་འཆར་འགོད)དང་མཐུན་དགོས་པའམ། ཡང་ན་གཏན་འབེབས་ལྟར་འཆར་འགོད་ལེགས་སྒྲིག་གོ་རིམ་ལག་བསྟར་བྱ་དགོས། ནགས་ས་དང་རྩྭ་ཐང།བརླན་ས་བཅས་བཟུང་སྤྱོད་བྱས་པ་དང་འབྲེལ་བ་ཡོད་ན། འཛུགས་སྐྲུན་སྡེ་ཚན་གྱིས་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱས་ནས་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས་ཤིང་། ལས་གཞི་དེ《ས་ཞིང་སྤྱོད་མི་ཆོག་པའི་ལས་གཞི་དཀར་ཆག》དང《ས་ཞིང་སྤྱོད་པར་ཚོད་འཛིན་བྱས་པའི་ལས་གཞི་དཀར་ཆག》དང་མཐུན་དགོས་པ་དང་། གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་ས་ཞིང་འདོན་སྤྲོད་བྱས་པའི་ལས་གཞི་དེ་ད་དུང《གཏོང་སྤྲོད་བྱེད་པའི་ས་ཞིང་གི་དཀར་ཆག》སོགས་ཐོན་ལས་ལ་མཁོ་བའི་ས་ཞིང་གི་སྲིད་ཇུས་དང་མཐུན་དགོས། རྨོ་ཞིང་བཟུང་སྤྱོད་བྱས་པ་དང་འབྲེལ་བ་ཡོད་ཚེ། འབྲེལ་ཡོད་ཀྱི་བླང་བྱ་ལྟར་རྨོ་ཞིང་བཟུང་གསབ་དོ་སྙོམས་ཡོང་བར་བྱ་དགོས་པ་དང་། ཆོག་མཆན་མ་ཐོབ་པར་སྔོན་ལ་བསྐྲུན་པ་སོགས་ཁྲིམས་འགལ་གྱིས་ས་ཞིང་སྤྱོད་པར་རྩད་ཞིབ་ཐག་གཅོད་གནད་ལ་འཁེལ་བར་བྱ་དགོས། ལས་མགོ་ཚུགས་པའི་འགྲོ་ལུགས་ཆ་ཚང་བསྒྲུབས་མེད་པ་སོགས་སྒྲིག་འགལ་གྱི་རྡོ་སོལ་དང་གློག་འཛུགས་སྐྲུན་ལས་གཞི་ལ།ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་འགན་འཁྲི་རྩད་གཅོད་དང་ཐག་གཅོད་བྱས་ཚུལ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་ཁུངས་ཅུས་ལ་ཞུ་འབུལ་བྱེད་པ་དང་། རང་བྱུང་ཐོན་ཁུངས་པུའུ་ལ་བཤུ་འབུལ་བྱ་དགོས། ས་ཞིང་བསྐྱར་སྦོལ་དང་འབྲེལ་བ་ཡོད་ན་ས་ཞིང་བསྐྱར་སྦོལ་གྱི་འོས་འགན་བསྒྲུབ་དགོས། ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དུ་གནས་ཡོད་ཚེ། ས་གཤིས་གནོད་འཚེའི་ཉེན་ཁའི་རང་བཞིན་ལ་དཔྱད་དཔོག་བྱ་དགོས། གཏེར་རྫས་ཐོན་ཁུངས་འོག་ཏུ་གནོན་པ་དང་འབྲེལ་བ་ཡོད་ན། འཛུགས་སྐྲུན་སྡེ་ཚན་གྱིས་གཏེར་རྫས་ཐོན་ཁུངས་འོག་ཏུ་གནོན་པའི་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས་པ་མ་ཟད། གུན་གསབ་ཀྱི་གྲོས་མོལ་ཡག་པོ་བྱ་དགོས།

(གསུམ) ས་ཞིང་སྡུད་ལེན་བྱེད་པར་ཞིབ་མཆན་འགོད་པ། ཐུན་མོང་ལ་དབང་བའི་ས་ཞིང་སྡུད་ལེན་བྱེད་པ་དང་འབྲེལ་བ་ཡོད་ན། 《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་བའི་གཏན་འབེབས་ཀྱི་གནས་ཚུལ་དང་ཆ་རྐྱེན་ལ་མཐུན་ཞིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་ལྟར་ས་ཞིང་སྡུད་ལེན་ལ་ཆོག་མཆན་ཞུ་བའི་དུས་རིམ་སྔ་མའི་འབྲེལ་ཡོད་གོ་རིམ་ལག་ཏུ་བསྟར་ནས་སྡོམ་ཚིག་རང་བཞིན་གྱི་བསམ་འཆར་བཏོན་རྗེས། ཁྲིམས་བཀོད་དབང་ཚད་གཞིར་བཟུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཞིང་ཆེན་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། དེ་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱད་བྱའི་ས་ཞིང(གཏན་འཇགས་གཞི་རྩའི་ཞིང་ས)བསྒྱུར་སྤྱོད་བྱེད་པར་ཆོག་མཆན་གནང་བ་ལ། དུས་མཚུངས་སུ་ས་ཞིང་སྡུད་ལེན་བྱེད་པར་ཞིབ་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས། ཞིང་ཆེན་སྲིད་གཞུང་གིས་ས་ཞིང་སྡུད་ལེན་བྱེད་པའི་མཆན་འགོད་དབང་ཚད་ནང་སྤྱད་བྱའི་ས་ཞིང་བསྒྱུར་སྤྱོད་བྱེད་པར་ཆོག་མཆན་གནང་བ་ལ། དུས་མཚུངས་སུ་ས་ཞིང་སྡུད་ལེན་བྱེད་པར་ཞིབ་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས།ཞིང་ཆེན་སྲིད་གཞུང་གིས་ས་ཞིང་སྡུད་ལེན་བྱེད་པར་ཞིབ་མཆན་འགོད་པའི་དབང་ཚད་ལས་བརྒལ་ན།ཞིང་ཆེན་སྲིད་གཞུང་གིས་སྤྱད་བྱའི་ས་ཞིང་བསྒྱུར་སྤྱོད་བྱེད་པར་ཞིབ་མཆན་བཀོད་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ས་ཞིང་སྡུད་ལེན་བྱེད་པར་ཞིབ་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས།
(བཞི) ལས་གཞིའི་ཐད་སྤྱད་བྱའི་ས་ཞིང་ལ་སྔོན་བཤེར་བྱེད་པ། དབང་ཆ་མ་སྤྲད་གོང་དུ་རང་བྱུང་ཐོན་ཁུངས་པུའུ་ཡིས་སྔོན་བཤེར་བྱ་དགོས་པའི་འཛུགས་སྐྲུན་ལས་གཞི(གཏན་འཇགས་གཞི་རྩའི་ཞིང་ས་བཟུང་སྤྱོད་བྱས་པ་ཕུད)དེ་དབང་སྤྲོད་བྱས་རྗེས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་སྔོན་བཤེར་བྱ་དགོས། གཏན་འཇགས་གཞི་རྩའི་ཞིང་ས་བཟུང་སྤྱོད་བྱས་པའི་འཛུགས་སྐྲུན་ལས་གཞི་གལ་ཆེན་རྣམས་རང་བྱུང་ཐོན་ཁུངས་པུའུ་ལ་ཡར་ཞུ་བྱས་ནས་སྔོན་བཤེར་བྱ་དགོས། 《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་བ་ལས་གཏན་འབེབས་བྱས་པའི་གནས་ཚུལ་ནང་འདུས་ལ། འཛུགས་སྐྲུན་ལས་གཞི་ལ་མཁོ་བའི་ས་ཞིང་གི་འཆར་འགོད་བཟོ་བཅོས་བྱ་དགོས་བྱུང་ཚེ། འཆར་འགོད་བཟོ་བཅོས་བྱས་པའི་ཇུས་གཞི་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་མིན་ལ་ལྟ་ཞིང་། འབྲེལ་ཡོད་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)གིས་ས་ཞིང་སྤྱོད་པར་ཆོག་མཆན་མ་ཐོབ་གོང་དུ་འཆར་འགོད་བཟོ་བཅོས་ལ་ཁུངས་སྐྱེལ་དག་འབུད་དང་། འཆར་འགོད་ལག་བསྟར་བྱེད་པའི་ཤུགས་རྐྱེན་ཚོད་དཔོག ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱེད་པ་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱ་དགོས། ས་ཞིང་བཀོལ་སྤྱོད་ཀྱི་རྒྱ་ཁྱོན་དང་རྩོལ་ནུས་དབྱེ་ཁུལ་དག་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་ཚད་གཞིའི་ཚོད་འཛིན་སོགས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་སྒོས་ས་ཞིང་སྤྱོད་པའི་བླང་བྱ་དང་བསྟུན་དགོས་ལ། ས་ཞིང་སྤྱོད་པའི་ཚད་གཞི་མེད་ཅིང་ས་ཞིང་སྤྱོད་པའི་ཚད་གཞི་ལས་བརྒལ་དགོས་བྱུང་བའི་འཛུགས་སྐྲུན་ལས་གཞི་ལ། འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་འཛུགས་སྐྲུན་ལས་གཞི་ཐད་ས་ཞིང་གྲོན་ཆུང་བྱེད་པར་གདེང་འཇོག་བྱ་བ་སྤེལ་བར་རྩ་འཛུགས་བྱ་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་ཐིག་དམར་བཟུང་སྤྱོད་བྱས་པ་དང་འབྲེལ་བ་ཡོད་ཅིང་གཟུར་དཀའ་བའི་རིགས་ལ། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་བསམ་འཆར་གདོན་དགོས། ལས་གཞི་ཡིས་གཏན་འཇགས་གཞི་རྩའི་ཞིང་སའམ་རྨོ་ཞིང་གི་གཞི་ཁྱོན་ཅུང་ཆེ་བའི(ཐིག་གཤིས་ལས་གྲྭས་སྤྱི་ཆིང 100 ཡན་གྱི་རྨོ་ཞིང་བཟུང་སྤྱོད་བྱེད་པ་དང་། རྡོག་གཟུགས་ལས་གྲྭས་སྤྱི་ཆིང 70 ཡན་ནམ་ཡང་ན་རྨོ་ཞིང་བཟུང་སྤྱོད་བྱེད་ཚད་སྤྱད་བྱའི་ས་ཞིང་གི་རྒྱ་ཁྱོན་གྱི 50% ཡན་ཟིན་ཞིང་སྤྱི་ཆིང 10 ལས་བརྒལ་བ། འདིར་ཆུ་མཛོད་རིགས་ཀྱི་ལས་གཞི་མི་འདུ)འཛུགས་སྐྲུན་ལས་གཞི་ལ། ཡུལ་དངོས(བཟུང་སྤྱོད་དང་ཁ་གསབ་དབྱེ་མཚམས་ཕྱེ་བའི་གཏན་འཇགས་གཞི་རྩའི་ཞིང་ས)སུ་དངོས་ཞིབ་རིགས་སྒྲུབ་བྱེད་པར་རྩ་འཛུགས་བྱ་དགོས་པར་མ་ཟད། 《རང་བྱུང་ཐོན་ཁུངས་པུའུ་ཡི་གཏན་འཇགས་གཞི་རྩའི་ཞིང་ས་བཟུང་སྤྱོད་བྱེད་པའི་གལ་ཆེའི་འཛུགས་སྐྲུན་ལས་གཞི་ཐད་སྤྱད་བྱའི་ས་ཞིང་ལ་སྔོན་བཤེར་ལེགས་པོ་བྱེད་པའི་སྐོར་གྱི་བརྡ་སྦྱོར》(རང་བྱུང་ཐོན་ཁུངས་གཏན་འབེབས 〔2018〕 ཨང 3 པ)དང《རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡི་གཏན་འཇགས་གཞི་རྩའི་ཞིང་ས་སྲུང་སྐྱོང་བྱེད་པའི་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བརྡ་སྦྱོར》 (རང་བྱུང་ཐོན་ཁུངས་གཏན་འབེབས 〔2019〕ཨང 1 པོ)བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་གཏན་འཇགས་གཞི་རྩའི་ཞིང་ས་ཁ་གསབ་དང་དབྱེ་མཚམས་འབྱེད་པའི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས།

བཞི། “ འཇོག་ཐུབ་པ་དང་འཛིན་ཐུབ་པ། དོ་དམ་ཡག་པོ་བྱེད་ཐུབ་པ ” བཅས་ལ་ཁག་ཐེག་བྱ་དགོས།

(གཅིག) ས་ཞིང་ཞིབ་མཆན་འགོད་པ་དང་དོ་དམ་ཚོད་འཛིན་བྱེད་པའི་རྩ་དོན་གཟབ་ནན་བྱ་དགོས། ས་གནས་དང་སྡེ་ཁག་སོ་སོས་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གི་ཞིབ་བཤེར་མཆན་འགོད་ལམ་ལུགས་བཅོས་སྒྱུར་ཀྱི་དམིགས་ཡུལ་ནི་སྤྱད་བྱའི་ས་ཞིང་ཞིབ་མཆན་འགོད་པའི་ནུས་འབྲས་ཇེ་ཆེར་གཏོང་རྒྱུ་ཡིན་པ་ལས། སྤྱད་བྱའི་ས་ཞིང་ཞིབ་མཆན་འགོད་པར་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱེད་པའི་བླང་བྱ་ཇེ་ལྷོད་དུ་གཏན་ནས་གཏོང་མི་རུང་བར་ངོས་འཛིན་ལེགས་པོ་བྱ་དགོས་ལ། འཛུགས་སྐྲུན་ལས་གཞིའི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ངེས་པར་དུ་གཟབ་ནན་བྱས་ནས་སྤྱད་བྱའི་ས་ཞིང་ཞིབ་མཆན་འགོད་པའི་དོ་དམ་ཚོད་འཛིན་གཟབ་ནན་གཏོང་བའི་རྩ་དོན་མི་འགྱུར་བར་ཁག་ཐེག་བྱ་དགོས། རྨོ་ཞིང་སྲུང་སྐྱོང་བྱེད་པའི་བྱ་བར་རྒྱུན་མཐུད་ངང་གཟབ་ནན་བྱེད་ཅིང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཞིང་བེད་སྤྱོད་བྱེད་པ་དང་། ས་ཞིང་སྡུད་ལེན་བྱ་ཡུལ་གྱི་ཞིང་པའི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་གཏན་འཇགས་གཞི་རྩའི་ཞིང་ས། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་མཐའ་མཚམས་བཅས་ཚོད་འཛིན་ལམ་ཐིག་གསུམ་བརྟན་སྲུང་བྱས་ནས། འཛུགས་སྐྲུན་ལས་གཞི་འཆར་འགོད་དང་ཐོན་ལས་སྲིད་ཇུས། ཐོན་ལས་ལ་མཁོ་བའི་ས་ཞིང་གི་ཚད་གཞི་བཅས་དང་མཐུན་པར་ཁག་ཐེག་བྱ་དགོས།

(གཉིས) སྤྱད་བྱའི་ས་ཞིང་གི་ཞིབ་བཤེར་སྒྲིག་སྲོལ་གཟབ་ནན་གྱིས་ལག་ཏུ་བསྟར་དགོས། ས་གནས་དང་རིམ་པ་སོ་སོའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས “ ཆོག་མཆན་དང་དོ་དམ་མཉམ་འཛིན་དང་། དབང་འགན་གཅིག་མཐུན ” གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འགན་འཁྲིའི་བྱེད་པོ་ངེས་གསལ་དང་ཞིབ་བཤེར་དབང་ཚད་གསལ་བ། ལྟ་སྐུལ་དོ་དམ་གྱི་ཐབས་ཤེས་ཞིབ་ཅིང་ཕྲ་བ། ཞིབ་བཤེར་གྱི་གཙོ་གནད་འབུར་ཐོན་བཅས་ཀྱི་ཐུན་མོང་གི་འགན་འཁྲིའི་ལམ་སྲོལ་འཐུས་ཚང་དུ་གཟུག་དགོས།རྫོང་རིམ་པའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་ས་ཞིང་སྡུད་ལེན་མ་བྱས་གོང་གི་གསལ་བརྡ་དང་ཁུངས་སྐྱེལ་དག་འབུད། བརྟག་དཔྱད་བྱས་འབྲས། ས་ཞིང་བདག་དབང་། སྤྱད་བྱའི་ས་ཞིང་གི་གཞི་ཁྱོན། ཚོད་འཛིན་གྱི་དམིགས་ཚད་བཅས་ས་ཞིང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡོད་མེད་སོགས་ལ་ངོས་འཛིན་བྱེད་པར་འགན་འཁུར་དགོས། རྫོང་རིམ་པའི་སྲིད་གཞུང་གིས་རྫོང་རིམ་པའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གི་ཞིབ་བཤེར་བསམ་འཆར་དང་ས་ཞིང་སྡུད་ལེན་བྱ་ཡུལ་རོང་འབྲོག་མང་ཚོགས་ཀྱི་གུན་གསབ་བཀོད་སྒྲིག་བྱ་ཐབས་དོན་འཁྱོལ་བྱེད་པ་སོགས་ལ་འགན་འཁུར་དགོས། གྲོང་ཁྱེར་དང་ཁུལ་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་སྤྱད་བྱའི་ས་ཞིང་གི་སྔོན་བཤེར་དང་། སྤྱད་བྱའི་ས་ཞིང་གི་འཆར་གཞི། སྤྱད་བྱའི་ས་ཞིང་གི་གཞི་ཁྱོན། ས་ཞིང་འདོན་སྤྲོད་ཀྱི་སྲིད་ཇུས། ས་ཞིང་སྡུད་ལེན་གྱི་ཁུངས་སྐྱེལ་དག་འབུད། ས་ཞིང་སྡུད་ལེན་གྱི་གུན་གསབ་ཚད་གཞི། བཀོད་སྒྲིག་བྱེད་ཐབས། འཆར་འགོད་ལེགས་སྒྲིག རྨོ་ཞིང་བཟུང་གསབ་དོ་སྙོམས། ནགས་ས་དང་རྩྭ་ཐང་གི་འགྲོ་ལུགས། ས་ཞིང་བསྐྱར་སྦོལ་གྱི་ཇུས་གཞི་ཞིབ་དཔྱད། སྤྱི་ཚོགས་འགན་སྲུང་བྱེད་ཐབས།ས་ཞིང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སོགས་ཀྱི་ནང་དོན་དག་ལ་ངོ་བོའི་རང་བཞིན་གྱིས་ཞིབ་བཤེར་བྱས་ཏེ། ཆོག་མཆན་ཞུ་བའི་རྒྱུ་ཆ་དག་གི་བདེན་ཐུབ་རང་བཞིན་དང་ལུགས་མཐུན་རང་བཞིན། ཁྲིམས་མཐུན་རང་བཞིན་བཅས་ལ་འགན་འཁུར་དགོས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གི་ཞིབ་བཤེར་བསམ་འཆར་དང་རྫོང་རིམ་པའི་སྲིད་གཞུང་གིས་ས་ཞིང་སྡུད་ལེན་བྱ་ཡུལ་ཞིང་པའི་གུན་གསབ་བཀོད་སྒྲིག་བྱེད་ཐབས་དོན་འཁྱོལ་བྱས་པའི་ཁས་ལེན་སྡོམ་ཚིག་ལ་འགན་འཁུར་དགོས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་གྲོང་ཁྱེར་དང་ཁུལ་རྫོང་རིམ་པའི་སྲིད་གཞུང་དང་དེའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གི་ཞིབ་བཤེར་ནང་དོན་དང་བསམ་འཆར་ལ་བསྐྱར་ཞིབ་རང་བཞིན་གྱིས་ཞིབ་བཤེར་བྱེད་ཅིང། སྤྱད་བྱའི་ས་ཞིང་དེ་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་བཅས་དང་མཐུན་མིན་ལ་སྡོམ་ཚིག་རང་བཞིན་གྱི་བསམ་འཆར་འདོན་པ་མ་ཟད། ཞིབ་བཤེར་བསམ་འཆར་ལ་འགན་འཁུར་དགོས།དགོས་ངེས་ཀྱི་སྐབས་སུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཡུལ་དངོས་ནས་ཞིབ་དཔྱད་བྱ་དགོས།

(གསུམ) “ འཕར་གསོག་ཟུང་འབྲེལ ” གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱ་དགོས། “ འཕར་གསོག་ཟུང་འབྲེལ ” གྱི་ལས་འགན་ལེགས་སྒྲུབ་བྱས་ཚུལ་དེ་གྲོང་ཁྱེར་དང་ཁུལ་སོ་སོའི་རྨོ་ཞིང་སྲུང་སྐྱོང་ལོ་འཁོར་གྱི་དཔྱད་ཞིབ་དམིགས་ཚད་ནང་འཇུག་དགོས། ས་ཁུལ་སོ་སོས་གསོག་འབོར་འཇུ་ཐབས་དང་འཕར་ཚད་ཚོད་འཛིན་གཉིས་ཕན་ཚུན་ཟུང་དུ་སྦྲེལ་བའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་ཆོག་མཆན་བཀོད་ཀྱང་འདོན་སྤྲོད་མ་བྱས་པ་དང་བེད་མེད་དུ་ལུས་པའི་ས་ཞིང་ཐག་གཅོད་བྱེད་ཤུགས་ཇེ་ཆེར་གཏང་དགོས།ནུས་ལྡན་གྱིས་འདོན་སྤྲོད་བྱེད་དཀའ་བའི་ས་ཞིང་ལ།གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱས་པ་བརྒྱུད་དེ་ཡུལ་དངོས་ཀྱི་ས་ཞིང་དང་ཞིབ་མཆན་མ་བཀོད་གོང་གི་ས་ཞིང་གཉིས་གཅིག་མཐུན་ཡིན་པར་དངོས་སུ་ཞིབ་དཔྱད་བྱས་ན། ས་ཞིང་སྡུད་ལེན་བྱེད་པའི་སྐོར་གྱི་འབྲེལ་ཡོད་ཁ་གསབ་དོན་དག་ཐག་གཅོད་ལེགས་པོ་བྱས་རྗེས། གྲོང་ཁྱེར (ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རིམ་པ་བཞིན་དེ་སྔའི་ཆོག་མཆན་འགོད་མཁན་ལས་ཁུངས་ལ་སྤྱད་བྱའི་ས་ཞིང་གི་མཆན་འགོད་ཡིག་ཆ་ཕྱིར་འཐེན་པའི་སྙན་ཞུ་དབུལ་དགོས། འོག་རིམ་ལ་ཁྱབ་བསྒྲགས་བྱས་པའི “ འཕར་གསོག་ཟུང་འབྲེལ ” གྱི་ལས་འགན་ལེགས་འགྲུབ་བྱུང་མེད་པའམ། ཡང་ན་ཉེ་བའི་ལོ་ལྔའི་རིང་ས་ཞིང་འདོན་སྤྲོད་བྱེད་ཚད་ཆ་སྙོམས་ཀྱིས 60% ཟིན་མེད་པའི་ས་ཁུལ་ལ། རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞི་དང་དམངས་ཚིས་འགན་སྲུང་ལས་གཞི་ཕུད།འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་གསར་དུ་བསྣན་པར་ཞིབ་མཆན་འགོད་པའི་དོན་ཚན་གནས་སྐབས་སུ་དང་ལེན་བྱེད་མཚམས་གཞག་དགོས།

(བཞི) ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གི་སྤྱད་བྱའི་ས་ཞིང་ཞིབ་མཆན་འགོད་པའི་བྱ་བར་མཛུབ་སྟོན་དང་ཞབས་ཕྱི་སྒྲུབ་ཤུགས་ཇེ་ཆེར་བཏང་ཐོག རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་སྤྱད་བྱའི་ས་ཞིང་ལ་ཞིབ་མཆན་འགོད་པ་དང་སྙན་ཞུ་འབུལ་བའི་སྒྲིག་སྲོལ་དང་ཚད་གཞི། བླང་བྱ་བཅས་གཞིར་བཟུང་ཞིང། རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ཐབས་དང་། “ སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག ” སོགས་ཀྱི་ཐབས་ལམ་སྤྱད་དེ་ཞིབ་བཤེར(ཞིབ་མཆན་འགོད་པ)མཆན་འགོད་སྙན་སེང་གི་གནས་ཚུལ་དང་ས་ཞིང་བཀོལ་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས།ས་གནས་སོ་སོའི་ཞིབ་བཤེར་དང་མཆན་འགོད་སྙན་ཞུའི་གོ་རིམ་ཚད་ལྡན་དུ་གཏང་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ7པའི་ཚེས1ཉིན།