རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བར” སྔོན་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།

རྒྱལ་གཞུང་སྤེལ〔2020〕ཨང44བ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཞིང་ལས་ཀྱི་སྒྲིག་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང། ས་ཁོངས་ཀྱི་བཀོད་པ་ལུགས་མཐུན་དུ་གྱུར་དང་འགྱུར་བཞིན་ཡོད་ལ། འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་བས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ནུས་ཡོད་ཀྱིས་འགན་སྲུང་བྱས་ཤིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། དེ་དང་དུས་མཚུངས་སུ། ས་ཁུལ་ཁ་ཤས་སུ་རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བའི ” འཕེལ་ཕྱོགས་འབྱུང་བཞིན་ཡོད་ལ། ས་གནས་ཁ་ཤས་ཀྱིས་ཞིང་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུ་དེ་འབྲུ་རིགས་ཐོན་སྐྱེད་ཉུང་འཕྲི་བྱེད་པར་གོ་བ་སྟབས་བདེ་བླངས་པ་དང་། གཉེར་སྐྱོང་བྱེད་པོ་ཁ་ཤས་ཀྱིས་གཏན་ཆགས་ཀྱི་གཞི་རྩའི་ས་ཞིང་ཐོག་ཏུ་སྒྲིག་འགལ་གྱིས་སྡོང་བོ་བཙུགས་པའམ་རྫིང་བུ་དྲུས་པ་དང། བཟོ་ཚོང་མ་རྩ་ཁག་ཅིག་གིས་སྐོར་རྒྱུག་གི་རྨོ་ཞིང་གཞི་ཁྱོན་ཆེན་པོ་འབྲུ་རིགས་མ་ཡིན་པའི་ལོ་ཏོག་འདེབས་འཛུགས་བྱེད་སར་བསྒྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ལ། གལ་ཏེ་གནད་དོན་འདི་དག་རང་དགར་འཕེལ་དུ་བཅུག་ན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད། དེའི་ཕྱིར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། “ འདུ་ཤེས་བཞི ” ཇེ་བརྟན་དང “ རང་རྟོན་བཞི ” ཇེ་བརྟན་དུ་གཏོང་བ། “ སྲུང་སྐྱོང་གཉིས ” བྱེད་ཐུབ་པ་བཅས་བྱས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བར ” སྔོན་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་ངེས་པ་དོན་གྱིས་བརྟན་འཇགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་སྲོག་རྩ་དམ་པོར་བསྲུང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་མོས་མཐུན་བྱུང་བ་བརྒྱུད་དེ་ད་ལྟ་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བར ” སྔོན་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས།

(གཅིག) རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ “ ཞིང་གསུམ ” ལས་དོན་གྱི་ལས་འགན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས། རང་རྒྱལ་གྱི་མི་འབོར་འཕར་སྣོན་དང་འཛད་སྤྱོད་སྒྲིག་གཞི་རྒྱུན་མ་ཆད་པར་རིམ་འཕར་བྱུང་བ་དང། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཇེ་ཞན་དུ་སོང་བ་དང་བསྟུན་ནས། འབྲུ་རིགས་ཐོན་སྐྱེད་དང་དགོས་མཁོའི་ཐད་སྔར་བཞིན་དོ་མཉམ་ཡོང་ཁག་པོའི་རྣམ་པ་སྲུང་འཛིན་བྱེད་སྲིད། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་དུས་འདིར། རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་རའི་མཁོ་སྤྲོད་ལ་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། ངེས་པར་དུ་རྒྱལ་ནང་གི་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་བཏང་བར་བརྟེན་ནས་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ལས་བྱུང་བའི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་རྒྱུད་སྐུད་དེ་དམ་པོར་བཟུང་སྟེ། འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་རྒྱུ་དེ་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་བྱས་ཏེ།སྲིད་ཇུས་དང་རྒྱ་ཁྱོན། ཐོན་ཚད་བཅས་ཤུགས་ཡོད་རྒུས་བརྟན་འཇགས་སུ་གཏོང་བ་དང་། རྨོ་ཞིང་དོ་དམ་ཚོད་འཛིན་དང་འཛུགས་སྐྲུན། བསྔགས་སྐུལ་བཅས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་བརྟན་སྲུང་དང་མཐོར་འདེགས་སུ་བཏང་ནས་འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་ཐུབ་པ་དང་བཟའ་འབྲུ་རྦད་དེ་བདེ་འཇགས་ཡོང་བར་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རང་དབང་དངོས་གནས་དམ་འཛིན་བྱ་དགོས།

(གཉིས) རྨོ་ཞིང་གི་ཐོན་ཁུངས་ཚན་རིག་དང་ལུགས་གཉིས་ཀར་མཐུན་པའི་སྒོ་ནས་བེད་སྤྱོད་པ་རྒྱུན་འཁྱོངས་བྱ་དགོས། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་ཡིན་ལ། རང་རྒྱལ་གྱི་རྨོ་ཞིང་གི་བསྡོམས་འབོར་ཉུང་ཞིང་སྤུས་ཚད་སྤྱིའི་ཆ་ནས་མི་མཐོ་བ། རྗེས་གྲབས་ཐོན་ཁུངས་མི་འདང་བ་དང་ཆུ་དང་ཚ་ནུས་ཐོན་ཁུངས་ཀྱི་བར་སྟོང་ཁྱབ་ཚུལ་དོ་མི་མཉམ་པས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དངོས་གནས་འགན་ལེན་བྱ་དགོས་ན། ངེས་པར་དུ་འབྲུ་རིགས་ཐོན་སྐྱེད་གོང་དུ་སྤེལ་བ་དང་བསྡུར་གཞི་ཡོད་པའི་ཕན་འབྲས་འདོན་སྤེལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས་པ་ལས། དཔལ་འབྱོར་གྱི་ཕན་འབྲས་ཁོ་ནར་བརྟེན་ནས་རྨོ་ཞིང་གི་སྤྱོད་སྒོ་ཐག་གཅོད་བྱེད་མི་རུང།ངེས་པར་དུ་ཚད་ཡོད་ཀྱི་རྨོ་ཞིང་ཐོན་ཁུངས་དམིགས་སུ་བཀར་ནས་སྔོན་ལ་འབྲུ་རིགས་ཐོན་སྐྱེད་ཐད་ལ་སྤྱད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ལས་ཐོན་རྫས་གལ་ཆེན་འགན་སྲུང་བྱེད་པའི་འཐབ་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ནས་ས་ཁོངས་ཀྱི་བཀོད་པ་དང་ཐོན་སྐྱེད་སྒྲིག་གཞི་སྔར་ལས་ཇེ་ལེགས་སུ་གཏོང་བ་དང། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱ་དགོས། ཚན་རིག་དང་ལུགས་གཉིས་ཀར་མཐུན་པའི་སྒོ་ནས་རྨོ་ཞིང་གི་ཐོན་ཁུངས་བེད་སྤྱོད་བྱེད་པ་དང། རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བར ” སྔོན་འགོག་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་ཞིང་ལས་ཐོན་རྫས་གལ་ཆེན་ནུས་ལྡན་གྱིས་མཁོ་འདོན་བྱེད་པའི་ཆུ་ཚད་དངོས་གནས་ཇེ་མཐོར་གཏང་དགོས།
       (གསུམ) རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་འགན་འཁྲི་མཉམ་དུ་འཁུར་རྒྱུ་རྒྱུན་འཁྱོངས་བྱ་དགོས། རང་རྒྱལ་གྱི་མི་འབོར་མང་ཞིང་ས་ཞིང་ཉུང་བའི་གཞི་རྩའི་གནས་ཚུལ་གྱིས་ངེས་པར་དུ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་འབོར་དུང་ཕྱུར 14 ཡི་ལྟོ་གོས་ཀྱི་དོན་ཆེན་ཐག་གཅད་དགོས་པ་གཏན་ཁེལ་བྱས་ཡོད་པས། ས་ཁུལ་སོ་སོར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད་པ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོས་ལེགས་ཆ་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་སྲུང་དང་ཇེ་མཐོ་རུ་བཏང་ནས་རྒྱལ་ཡོངས་ལ་མུ་མཐུད་ནས་བྱས་རྗེས་གཞག་དགོས། ཐོན་འཚོང་དོ་མཉམ་ཁུལ་དང་ཕྱི་འཚོང་བྱེད་ཁུལ་གཙོ་བོས་དགོས་ངེས་ཀྱི་རང་མཁོ་རང་སྤྲོད་ཀྱི་ཚད་རྒྱུན་འཁྱོངས་བྱས་ནས། འབྲུ་རིགས་འདེབས་རྒྱ་ཇེ་ཆུང་དུ་མི་འགྲོ་བ་དང་།ཐོན་ནུས་མཐོར་འདེགས་འབྱུང་བ། ཐོན་ཚད་མི་ཆག་པ་བཅས་དངོས་གནས་འགན་ལེན་བྱས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱ་དགོས།
   གཉིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བའི ” ཕྱོགས་སུ་འཕེལ་བར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས།
       (བཞི) རྨོ་ཞིང་བཀོལ་སྤྱོད་ཀྱི་སྔོན་ཐོབ་གོ་རིམ་ངེས་གསལ་བྱ་དགོས། རྨོ་ཞིང་ལ་དམིགས་བསལ་གྱིས་སྲུང་སྐྱོང་དང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ལག་བསྟར་བྱེད་པ་དང་། རྨོ་ཞིང་དེ་ནགས་ས་དང་ལྡུམ་ར་སོགས་ཞིང་ས་རིགས་གཞན་དུ་བསྒྱུར་བར་ཚོད་འཛིན་ནན་མོ་བྱ་དགོས། གཏན་ཆགས་ཀྱི་གཞི་རྩའི་ས་ཞིང་ནི་ཁྲིམས་ལྟར་དབྱེ་མཚམས་བཅད་པའི་རྨོ་ཞིང་སྤུས་ལེགས་ཡིན་པས། གཙོ་བོ་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་ཐད་དུ་སྤྱད་དགོས་ལ། ལྷག་པར་དུ་འབྲས་དང། གྲོ། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ཆེན་པོ་གསུམ་གྱི་འདེབས་རྒྱ་འགན་སྲུང་བྱེད་པའི་ཐད་དུ་སྤྱད་དགོས། སྤྱིར་བཏང་གི་རྨོ་ཞིང་རྣམས་གཙོ་བོ་འབྲུ་རིགས་དང་སྲིང་བལ།སྣུམ། མངར་ཆ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་བྱེད་པར་སྤྱད་དགོས།རྨོ་ཞིང་དག་སྔོན་ལ་འབྲུ་རིགས་དང་བཟའ་བྱའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དགོས་མཁོ་བསྐངས་པའི་རྨང་གཞིའི་སྟེང་དུ་བཟའ་བྱ་མིན་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཐད་ལ་འོས་འཚམ་གྱིས་སྤྱད་དགོས་པ་དང་།ཁྲོམ་རར་མོད་དྲགས་པ་མངོན་གསལ་ཡིན་པའི་བཟའ་བྱ་མིན་པའི་ཞིང་ལས་ཐོན་རྫས་རིགས་དེར་ཁྲིད་སྟོན་བྱས་ནས་སྒྲིག་མེད་ངང་འཕེལ་རྒྱས་སུ་འགྲོ་བར་སྔོན་འགོག་བྱ་དགོས།

(ལྔ) འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ས་ཁུལ་སོ་སོས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དེ་རྣང་མིག་རེ་རེར་དོན་འཁྱོལ་བྱས་ཐོག དམིགས་བྱའི་ལོ་ཏོག་འདེབས་རྒྱུར་ཁྲིད་སྟོན་བྱས་ནས་འབྲུ་རིགས་འདེབས་རྒྱ་འགན་སྲུང་བྱ་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དབྱེ་མཚམས་བཅད་ཚུལ་ལ “ ཕྱི་མིག་ལྟ་བར ” རྩ་འཛུགས་བྱས་ནས། འབྲུ་རིགས་འདེབས་རྒྱ་ཆེ་ཡང་དབྱེ་མཚམས་བཅད་པའི་རྒྱ་ཁྱོན་ཉུང་བར་གསབ་སྣོན་བྱེད་པ་དང་། རྨོ་ཞིང་གི་ངོ་བོ་འགྱུར་བ་དང་དབྱེ་མཚམས་འབྱེད་པའི་ཚད་གཞི་དང་མི་མཐུན་པའི་རིགས་དོར་ནས་དུས་ཐོག་ཏུ་གསབ་སྣོན་བྱ་དགོས།ལོ་གཅིག་ལ་ལོ་ཏོག་ཐེངས་གཉིས་སྨིན་པ་ཡན་གྱི་འབྲུ་རིགས་ཐོན་སྐྱེད་བྱེད་ཁུལ་དུ་མ་མཐའ་ཡང་སྨིན་ཐེངས་གཅིག་གི་འབྲུ་རིགས་ཐོན་སྐྱེད་བྱེད་པ་དང།འབྲུ་རིགས་མིན་པའི་ལོ་ཏོག་འདེབས་འཛུགས་བྱེད་མཁན་གྱིས་སྨིན་ཐེངས་གཅིག་གི་རྗེས་སུ་འབྲུ་རིགས་ཐོན་སྐྱེད་སླར་གསོ་བྱེད་པར་ཁྲིད་སྟོན་བྱ་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་རང་དགར་གྱིས་ལེགས་སྒྲིག་བྱེད་མི་ཆོག་ལ། སྒྲིག་སྲོལ་དང་འགལ་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དུ་འདེབས་འཛུགས་དང་གསོ་སྤེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་མི་ཆོག སྒྲིག་སྲོལ་དང་འགལ་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དེ་རྨོ་བསྐྱུར་ནགས་གསོ་རྩྭ་འདེབས་བྱེད་ཁོངས་སུ་འཇུག་མི་ཆོག་པ་དང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དུ་ཚད་གཞི་ལས་བརྒལ་ནས་ཞིང་སའི་ནགས་དྲ་འཛུགས་སྐྲུན་བྱེད་མི་ཆོག

(དྲུག) ཐོན་ཁུལ་གཙོ་བོ་མིན་སར་འབྲུ་རིགས་འདེབས་རྒྱ་བརྟན་འཇགས་ཡོང་བར་བྱ་དགོས། འབྲུ་རིགས་ཐོན་འཚོང་དོ་མཉམ་ཁུལ་དང་ཕྱིར་འཚོང་བྱེད་ཁུལ་གཙོ་བོས་ཞིང་ལས་ཐོན་རྫས་གཙོ་བོའི་ས་ཁོངས་བཀོད་པ་དང་རིགས་སྣ་བཀར་ནས་ཐོན་སྐྱེད་དང་མཁོ་འདོན་ཇུས་གཞིའི་བླང་བྱ་ལྟར། ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ཏེ་དོན་འཁྱོལ་བྱ་བ་ལེགས་འཛིན་བྱས་ནས་འབྲུ་རིགས་འདེབས་རྒྱ་ཇེ་ཆུང་དུ་འགྲོ་བཞིན་པའི་རྣམ་པ་བསྒྱུར་དགོས། ཐོན་འཚོང་དོ་མཉམ་ཁུལ་གྱིས་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་ཚད་མཐོ་ཞིང་བརྟན་འཇགས་ཡིན་པའི་བཟའ་འབྲུ་རྨོ་ཞིང་སྐོར་ཅིག་ཤུགས་ཡོད་རྒུས་བསྐྲུན་ཏེ། འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་ཐུབ་པར་ཁག་ཐེག་བྱ་དགོས། ཕྱིར་འཚོང་བྱེད་ཁུལ་གཙོ་བོས་འབྲུ་རིགས་འདེབས་རྒྱའི་མ་མཐའི་མཚམས་ཐིག་ངེས་གསལ་བྱས་ནས་འབྲུ་རིགས་རང་མཁོ་རང་སྤྲོད་ཐུབ་པའི་ཚད་བརྟན་འཇགས་དང་ཇེ་མཐོ་རུ་གཏང་དགོས།
      (བདུན) བཟོ་ཚོང་མ་རྩ་སྒྲིག་ཡོད་སྒོས་གྲོང་གསེབ་ཏུ་གཏོང་བར་ཁྲིད་སྟོན་བྱ་དགོས། བཟོ་ཚོང་མ་རྩ་གྲོང་གསེབ་ཏུ་བཏང་ནས་སོན་བཟང་གསོ་སྤེལ་དང། འབྲུ་རིགས་ལས་སྣོན་འཁོར་རྒྱུག འབྲུ་རིགས་ཐོན་སྐྱེད་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་ལ་ཞབས་ཕྱི་སྒྲུབ་པ་སོགས་ཀྱི་ལས་གཉེར་བར་ཡར་སྐུལ་དང་ཁྲིད་སྟོན་བྱ་དགོས། ཞིང་སྡེའི་ས་ཞིང་གཉེར་སྐྱོང་དབང་ཆ་སྐོར་རྒྱུག་བྱེད་པར་དོ་དམ་བྱེད་ཐབས་ལ་མགྱོགས་མྱུར་ངང་བཟོ་བཅོས་རྒྱག་པ་དང་། ས་ཁུལ་སོ་སོས་བཟོ་ཚོང་མ་རྩ་སྤྱད་དེ་ས་ཞིང་སྐོར་རྒྱུག་བྱེད་པའི་ཐོབ་ཐང་ཞིབ་དཔྱད་དང་ལས་གཞི་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། བོགས་མར་གཏོང་ལེན་བྱེད་པའི་ཞིང་སར་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། བཟོ་ཚོང་མ་རྩ་དེས་འབྲེལ་ཡོད་ཐོན་ལས་གོང་སྤེལ་འཆར་འགོད་དང་འགལ་ནས་གཞི་ཁྱོན་ཆེན་པོའི་སྒོ་ནས་རྨོ་ཞིང་སྐོར་རྒྱུག་བྱས་ཏེ་འབྲུ་རིགས་མ་བཏབ་པར “ འབྲུ་ཞིང་མིན་པར་བསྒྱུར་བའི ” བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དུ་འཇུག་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་དེ་མ་ཐག་ཏུ་ལོངས་སྤྱོད་མཚམས་འཇོག་དགོས།
      (བརྒྱད) གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་ཁྲིམས་འགལ་གྱིས་འཛིན་སྤྱོད་བྱས་ནས་སྡོང་བོ་འཛུགས་པའམ་རྫིང་བུ་འདྲུ་བར་གཏན་འགོག་བྱ་དགོས། ས་ཞིང་དོ་དམ་བཅའ་ཁྲིམས་དང་གཞི་རྩའི་ཞིང་ས་སྲུང་སྐྱོང་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་དམིགས་འབེན་དང་གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་སྲུང་སྐྱོང་ལས་འགན་དོན་འཁྱོལ་བྱ་དགོས། གཏན་ཆགས་ཀྱི་གཞི་རྩའི་ཞིང་སའི་སྟེང་དུ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་གཟབ་ནན་སྒོས་ཚད་ལྡན་དུ་གཏོང་བ་དང། གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་འཛིན་སྤྱོད་བྱས་ནས་ནགས་ལས་དང་ཤིང་འབྲས་ལས་རིགས་གཉེར་བ་དང་། རྫིང་བུ་དྲུས་ནས་ཉ་གསོ་བ། ཁྲིམས་དང་མི་མཐུན་པར་ས་ལེན་པ་སོགས་རྨོ་འདེབས་ཀྱི་རིམ་པར་གཏོར་བཤིག་གཏོང་བའི་བྱ་སྤྱོད་གཏན་འགོག་དང་། གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་བེད་མེད་དུ་བསྐྱུར་བ་དང་ས་རྒོད་དུ་གཏོང་བར་གཏན་འགོག་བྱ་དགོས། གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་བེད་སྤྱད་དེ་འབྲས་དང་ཉ། འབྲས་དང་ཆུ་འབུ་གློ་ཉལ། འབྲས་དང་སྡིག་སྲིན་སོགས་ཕྱོགས་བསྡུས་སྒོས་ལངས་གཟུགས་ཀྱི་འདེབས་གསོ་འཕེལ་རྒྱས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་གཏན་ཆགས་ཀྱི་གཞི་རྩའི་ཞིང་སར་གཏོར་བཤིག་མི་གཏོང་བ་དེ་ཡིན་ལ། ས་དོང་གི་བསྡུར་ཚད་དེ་འབྲས་དང་ཉ་ཕྱོགས་བསྡུས་སྒོས་འདེབས་གསོ་བྱེད་པའི་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་སྤྱད་དེ་ནགས་ལས་དང་ཤིང་འབྲས་ལས་རིགས་གཉེར་བ་དང་རྫིང་བུ་དྲུས་ནས་ཉ་གསོ་བ་སོགས་ལ་ཆད་པ་གཅོད་ཐབས་ངེས་གསལ་བྱ་དགོས།

གསུམ། སྐུལ་ལྕག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་དགོས།
      (དགུ) འབྲུ་རིགས་བདེ་འཇགས་ལ་ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་གའི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་མཁན་གྱི་འགན་དངོས་གནས་འཁུར་ཏེ། འབྲུ་རིགས་འདེབས་རྒྱ་བརྟན་འཇགས་སུ་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་དེ་གྲོང་ཁྱེར་དང་རྫོང་ལ་བགོ་སྤྲོད་བྱ་དགོས། རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བའི ” ཚད་འཕར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་དུས་མཚུངས་སུ་བསགས་འབོར་གྱི་གནས་ཚུལ་གསལ་རྟོགས་བྱས་ཐོག དོན་དངོས་གཞིར་བཟུང་ནས་རིགས་བཀར་ཏེ་བརྟན་བརླིང་ངང་ཐག་གཅོད་བྱེད་པ་ལས “ གཅིག་དཔེ་བརྒྱ་འགེབས ” བྱེད་མི་རུང། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་སོགས་སྡེ་ཁག་གིས་རྨོ་ཞིང “ འབྲུ་ཞིང་མིན་པར་བསྒྱུར་བར ” སྔོན་འགོག་བྱ་རྒྱུ་དེ་འབྲུ་རིགས་ཀྱི་བདེ་འཇགས་ལ་ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ཏུ་འཇོག་པ་དང།འབྲུ་རིགས་འདེབས་རྒྱ་དང་ཐོན་ཚད་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་སོགས་དཔྱད་ཞིབ་དམིགས་ཚད་ཀྱི་གལ་འགངས་ཇེ་ཆེར་གཏང་དགོས་ཤིང་། འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་ཐོན་འཚོང་དོ་མཉམ་ཁུལ།ཕྱིར་འཚོང་བྱེད་ཁུལ་གཙོ་བོ་བཅས་ལ་དཔྱད་ཞིབ་ཀྱི་བླང་བྱ་ཞིབ་ཕྲ་བཟོ་དགོས། དཔྱད་ཞིབ་ནན་མོ་བྱེད་པ་མ་ཟད། མཇུག་འབྲས་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྲུབ་འབྲས་གཟེངས་སུ་ཐོན་པའི་ཞིང་ཆེན་ལ་གཟེངས་བསྟོད་བྱེད་པ་དང་དོན་འཁྱོལ་བྱེད་ཤུགས་མི་འདང་བའི་ཞིང་ཆེན་ལ་བརྡ་ཁྱབ་བཏང་ནས་སྐོང་འདྲི་བྱེད་པ་མ་ཟད། འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་དང་མ་དངུལ་སྦྲེལ་མཐུད་བྱ་དགོས།

(བཅུ) འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཞིང་ལས་ལ་མཐོང་ཆེན་དང་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། ཞིང་པས་ཞིང་ལས་གཉེར་ནས་འབྲུ་རིགས་འདེབས་པའི་བརྩོན་སེམས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་སྐུལ་སློང་བྱ་དགོས། ཞིང་ཆེན་ནང་ཁོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱས་ནས་ཐོན་པའི་གསར་འཕར་རྨོ་ཞིང་གི་དམིགས་ཚད་སྙོམས་སྒྲིག་བྱས་པའི་ཁེ་འབབ་དེ་དམིགས་སུ་བཀར་ནས་སྔོན་ལ་ཞིང་ས་འཛུགས་སྐྲུན་གྱི་གཏོང་སྒོ་དང།བུན་འཛིན་འཇལ་སྤྲོད། སྐྱེད་ཀ་གསབ་སྤྲོད་སོགས་ལ་སྤྱད་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།འབྲེལ་ཡོད་ཞིང་ལས་མ་དངུལ་དེ་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་ཕྱོགས་ལ་གཟིགས་སྐྱོང་བྱེད་པ་དང།འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་ནང་དུ་དམིགས་བྱའི་ལོ་ཏོག་འདེབས་འཛུགས་བྱེད་པར་དམིགས་བསལ་གྱིས་སྔོན་ལ་རྒྱབ་སྐྱོར་བྱས་ནས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དེ “ སྨིན་ཐེངས་གཅིག་ལ་རྒྱ་མ་སྟོང་དང། སྨིན་ཐེངས་གཉིས་ལ་ཏུན་གཅིག ” ཐོན་པའི་ཚད་གཞི་མཐོ་བའི་འབྲུ་རིགས་འདེབས་ཞིང་དུ་མྱུར་བར་བསྐྲུན་དགོས། འབྲུ་རིགས་འདེབས་མཁན་ཚོར་སྲིད་ཇུས་ཐོག་ནས་སྐུལ་ལྕག་གཏོང་ཤུགས་ཆེ་རུ་གཏོང་བ་དང། ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གིས་འབྲུ་རིགས་གཞི་ཁྱོན་འོས་འཚམ་ལྡན་པའི་སྒོ་ནས་གཉེར་སྐྱོང་བྱེད་ཚུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཐོག ཚབ་རྨོ་ཚབ་འདེབས་དང་མཉམ་འགོག་མཉམ་བཅོས། ས་ཞིང་གཏད་གཉེར་སོགས་ཞིང་ལས་ཐོན་སྐྱེད་ལ་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་སྒྲུབ་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་འབྲུ་རིགས་འདེབས་པའི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏང་དགོས། གྲོ་དང་འབྲས་སོབ་ཉོ་སྒྲུབ་རིན་གོང་དམའ་ཤོས་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། འབྲས་སོབ་ཀྱི་ཁ་གསབ་དང་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་སྟེར་རྒྱུ་མུ་མཐུད་དུ་ལག་བསྟར་བྱེད་ཅིང། འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་མ་རྩ་ཆ་ཚང་འགན་བཅོལ་དང་ཡོང་འབབ་འགན་བཅོལ་གྱི་ཚོད་ལྟར་མུ་མཐུད་དུ་སྐུལ་འདེད་གཏང་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཞན་ས་འཕྲུལ་ཆས་ཅན་དུ་སྒྱུར་བའི་ལག་རྩལ་ཚོད་ལྟ་དང་དཔེ་སྟོན་ཧུར་ཐག་སྒོས་སྤེལ་ནས། ཆུ་འབྲས་འཕྲུལ་འཁོར་གྱིས་འཛུགས་པ་དང་མ་རྨོས་ལོ་ཏོག་གི་འབྲུ་རྡོག་འཕྲུལ་འཁོར་གྱིས་བསྡུ་བ་སོགས་འགག་རྩའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་པ་དང། རི་མ་ཐང་གི་ཞིང་ས་འཕྲུལ་འཁོར་བཀོལ་བདེ་བ་ཅན་དུ་གང་མགྱོགས་ཀྱིས་སྒྱུར་བཀོད་བྱ་དགོས། འབྲུ་རིགས་ཐོན་སྐྱེད་བྱས་རྗེས་སྲོ་སྐམ་དང་ལས་སྣོན་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང།ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་བཏང་ནས་འབྲུ་རིགས་གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་གཏང་དགོས།
        (བཅུ་གཅིག) རྨོ་ཞིང་དུ་འབྲུ་རིགས་བཏབ་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ལས་ཞིང་སྡེ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་འཁོར་སྐར་རྒྱང་ཚོར་སོགས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ནས། ལོ་ཕྱེད་ནང་རྒྱལ་ཡོངས་ཀྱི་རྨོ་ཞིང་དུ་འབྲུ་རིགས་བཏབ་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ཐེངས་རེ་བྱས་ཏེ་རྨོ་ཞིང “ འབྲུ་རིགས་མིན་པར་བསྒྱུར་བའི ” གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་སྲོལ་གཟུག་དགོས། ས་ཁུལ་སོ་སོས་ས་ཁོངས་དེ་གའི་རྨོ་ཞིང་དུ་འབྲུ་རིགས་བཏབ་པའི་གནས་ཚུལ་ལ་འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་ནས། གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་དག་ཐེར་བྱེད་པ་དང་གནས་ཚུལ་ཚབས་ཆེན་དུས་ཐོག་ཏུ་སྙན་སེང་ཞུ་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་ནང་གི་དམིགས་བྱའི་ལོ་ཏོག་འདེབས་འཛུགས་བྱས་ཚུལ་ལ་དུས་བཅད་ལྟར་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་པ་དང། ཆ་འཕྲིན་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་བྱས་ནས་གློག་རྡུལ་ས་ཁྲ་དང་གཞི་གྲངས་མཛོད་དུས་ཐོག་ཏུ་གསར་བརྗེ་བྱ་དགོས།

(བཅུ་གཉིས) རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་སྣོན་བརྒྱག་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་གིས་བསམ་འཆར་འདིའི་བླང་བྱ་ལྟར། དམ་འཛིན་གྱིས་ལས་ཀའི་ཇུས་གཞི་གཏན་འབེབས་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་བ་ལེགས་འཛིན་བྱ་དགོས། 2020 ལོའི་ལོ་མཇུག་གི་སྔོན་དུ་འབྲེལ་ཡོད་དོན་འཁྱོལ་བྱས་ཚུལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པ་མ་ཟད། ཞིང་ལས་ཞིང་སྡེ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་ལ་བཤུས་འབུལ་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ལས་བགོས་འགན་འཁྲི་ལྟར་འབྲེལ་ཡོད་ལས་དོན་དངོས་ནས་ལེགས་པོར་བསྒྲུབ་དགོས། ཞིང་ལས་ཞིང་སྡེ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བསམ་འཆར་འདི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་ལེགས་པོ་བྱ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2020 ལོའི་ཟླ 11 པའི་ཚེས 4 ཉིན།